མི་ཆོས་དགེ་བ་བཅུ། Mechhoe Gewa Chu
དགེ་བ་བཅུའི་སྲོལ་གྱི་རྣམ་གཞག།
[ཞུན་དག]འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། དེ་ཡང་བོད་གངས་ཅན་གྱི་ལྗོངས་འདི་དམ་པའི་ཆོས་མ་དར་བའི་ཧེ་མབོད་ཀྱི་མི་རིགས་ཚུ་གཏུམ་དྲག་ཅན་གྱི་མི་རིགས་ཅིག་ཨིནམ་སྦེ་བཤདཔ་ཨིན་མས། རིམ་གྱིས་བོད་ཀྱི་རྒྱལ་ཁབ་ནང་ལུ་དམ་པའི་ཆོས་དར་མི་ལས་འགོ་བཟུང་ཞིན་ན་ མི་ཚུ་གིས་ལས་རྒྱུ་འབྲས་ཀྱི་རྣམ་གཞག་འདི་ཧ་གོ་སྦེ་བྱམས་སྙིང་རྗེ་གིས་སེམས་རྩ་བརླན། དེ་ལས་བློ་ཕུགས་དམ་པའི་ཆོས་ལུ་གཏད་དེ་ཡ་རབས་ཀྱི་མི་རིགས་ཅིག་ལུ་གྱུར་ཡོདཔ་ཨིན་མས། དེ་ཡང་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ལས་ རིག་གནས་གསརཔ་ལེ་ཤ་དར་ཁྱབ་སོང་བའི་ཤུལ་ལས་ལུགས་སྲོལ་གསརཔ་ལེ་ཤ་གཞི་བཙུགས་འབད་དེ་ཡོད་་མི་ནང་ལས་ འདི་ནང་ལུ་དགེ་བ་བཅུའི་སྲོལ་ཟེར་མི་འདི་གཞི་བཙུགས་འབད་ཡོདཔ་ཨིན་མས།
དགེ་བཅུ་གི་་སྲོལ་ཟེར་མི་འདི་ག་ཅི་སྨོ་ཟེར་བ་ཅིན་ བཀའ་ཆེམས་ཀ་ཁོལ་མ་ཟེར་མི་ནང་ལས། མི་དགེ་བ་བཅུ་གི་ནང་ན་ལས་ཚིག་རྩུབ་རྐྱངམ་གཅིག་མ་གཏོགས་གཞན་ག་ར་དངོས་སུ་སྦེ་གསུངས་ཡོདཔ་བཞིན་དུ་ ཚིག་རྩུབ་ཡང་དོན་གྱིས་འཐོབ་ནི་དེ་གིས་ཤུགས་སྦེ་བསྟན་མི་གི་རྒྱུ་མཚན་འདི་ཨིན་མས། དེ་ཡང་འཇམ་མགོན་མི་ཕམ་རྒྱ་མཚོ་གི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། མི་དགེ་བཅུ་པོ་དུག་འདྲ་སྟེ། འདིར་གནོད་ཕྱི་མ་སྡུག་བསྔལ་ཀྱང་། ཞེ་འདོད་ལག་ལེན་འགལ་རྣམས་ལ། ཆོས་རྒྱལ་རྣམས་ཀྱིས་ཁྲིམས་སུ་མཛད། མི་གསོད་པ་དང་ནོར་རྐུ་དང་། ཆུང་མ་འཕྲོག་དང་བྱི་བྱེད་དང་། རྫུན་གྱིས་བསླུ་དང་ཕྲ་མས་འབྱེད། དོན་མེད་རྩུབ་མོའི་ཚིག་གིས་གཅོད། འདི་དག་གནོད་ཚབས་ཆེ་ཆུང་དང་། སྔར་གྱི་ལན་སྐྱོན་ཡོད་མེད་སོགས། ཉེས་པའི་འོས་དང་བསྟུན་ནས་སུ། ཆད་པའི་ལུས་ཀྱིས་བཀག་པར་བྱ། རགས་པའི་ཉེས་པ་རྣམས་བཀག་པས། ཕྲ་བ་ཡིད་ཀྱི་ཉེས་པ་རྣམས། ཤུགས་ཀྱིས་མཐུ་ནི་མེད་བྱས་པས། དགེ་བཅུའི་ཁྲིམས་སུ་བཅས་ཞེས་བྱ། ཞེས་གསུངས་ཡོད་དོ་བཟུམ་སྦེ་ སྤྱིར་མི་དགེ་བ་བཅུ་དང་དེ་གི་ནང་ལས་ཡང་གཙོ་བོ་ ལུས་ངག་གི་མི་དགེ་བ་བདུན་པོ་འདི་འབད་ནི་ལས་འཛེམ་དགོཔ་ཨིན་མས།
ལུས་ཀྱི་སྒོ་ལས་གསུམ་འདི།
[ཞུན་དག]༡༽ སེམས་ཅན་གྱི་སྲོག་གཅོད་ནི་དང་།
༢༽ ཨརཝ་རྐུ་དེ་ལས་འཕྲོག་བཅོམ་འབད་ནི་དང་།
༣༽ མི་གཞན་གྱི་ཨམ་སྲུ་དང་གཅིག་ཁར་མི་ཚངས་པར་སྤྱོད་ཞིན་ན་གཞན་གྱི་ཨམ་སྲུ་འཕྱོག་ནི་གསུམ་འདི་ཨིན་མས།
ལས་ངག་གི་སྒོ་ལས་བཞི་འདི།
[ཞུན་དག]༡༽ རྫུན་པའི་ཚིག་འདྲ་མིན་སྣ་ཚོགས་ཀྱིས་ཐོག་ལས་མི་གཞན་མགུ་སྐོར་རྐྱབ་ནི་དང་།
༢༽ མི་འཆམ་ཏོག་ཏོ་སྦེ་ཡོད་མི་ཆ་ཁྱབ་ཀྱི་བར་ན་ཕུང་བཟོ་ཞིན་ན་ཕུང་སྲི་བཏང་སྟེ་འཐབ་བཅུག་ཞིན་ན་ ཁོང་འཆམ་ཡོད་མི་གི་མཐུན་ལམ་ཚུ་རྩ་མེད་བཏང་མི་དང་།
༣༽ མི་གཞན་གྱི་སྐཡོན་བཏགས་ཏེ་མ་ཕབ་རྐྱབ་མི་ཚུ་དང་མི་ཡ་རབས་ཀྱི་ལུགས་སྲོལ་དང་འགལ་བའི་ཚིག་རྩུབ་སླབ་སྟེ་ གཞན་གྱི་སེམས་ཀྱི་ཞི་བདེ་མེདཔ་བཏང་མི་དང་།
༤༽ དེ་ལས་དོན་མེད་ངག་འཁྱལ་གྱི་གཏམ་ལེ་ཤ་སླབ་སྟེ་ གཞན་གྱི་སེམས་ཆགས་སྡང་གིས་འཁྲུག་བཅུག་མི་ཚུ་རྩིས་ཏེ་ལུས་དང་ངག་གི་མི་དགེ་བ་བདུན་པོ་འདི་ཨིན།
འདི་ཚུ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ནང་ན་ལུ་སྡུག་བསྔལ་ཆེ་ཆུང་རྣམ་པ་སྣ་ཚོགས་སྦེ་བསག་པའི་རྒྱུ་ངོ་མ་ཅིག་ཨིན་ནི་དེ་གིས་མི་དགེ་བ་ཟེར་སླབ་ཨིན་མས།
ཡིད་ཀྱི་མི་དགེ་བ་གསུམ་འདི་ཡང་།
[ཞུན་དག]༡༽ ལས་འབྲས་ལ་ལོག་པར་ལྟ་བ།
༢༽ བདེན་པ་ལ་ལོག་པར་ལྟ་བ།
༣༽ དཀོན་མཆོག་ལ་ལོག་པར་ལྟ་བ་ནི། །
མི་གཞན་གྱི་རྒྱུ་ནོར་ལོངས་སྤྱོད་ཚུ་ལུ་འོད་དཔ་འི་དབང་གིས་སེམས་ཆགས་ཏེ་ དེ་ཚུ་བསམ་ངན་དང་གཡོ་སྒྱུ་གྱི་ཐབས་ཤེས་ལེ་ཤ་གི་ཐོག་ལས་རང་ལུ་ལེན་ནི་གི་བརྣབ་སེམས་དང་། ལས་རྒྱུ་འབྲས་དང་ཚེ་ཧེ་མ་དང་ཕྱི་མ་ལུ་ཡིད་ཆེས་མེད་པའི་ལོག་པར་འཛིན་པའི་ལོག་ལྟ་ཚུ་ ལུས་ངག་གི་མི་དགེ་བའི་བསམ་པ་ཚུ་བསྐྱེད་པའི་རྒྱུ་ཨིནམ་ལས་ གནོད་ཚབས་གནམ་མེད་ས་མེད་སྦོམ་ཨིན་རུང་དེ་ཚུ་དངོས་སུ་སྦེ་བཀག་ནི་ལཱ་ཁག་ཨིན། ཨིན་རུང་ཡང་ལུས་དང་ངག་གི་མི་དགེ་བ་ཚུ་དངོས་སུ་སྦེ་བཀག་པ་ཅིན་ དེའི་ཤུགས་ཀྱིས་མི་དགེ་བ་དེ་ཚུ་སྟོབས་ཞན་པར་འགྱུར་ནི་དེ་གིས་ དགེ་བཅུའི་སྲོལ་བཙུགས་ཟེར་མི་འདི་སླབ་རུང་ཡང་བཏུབ་ཨིན་མས།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
[ཞུན་དག]༡. ཚུལ་ཁྲིམས་བློ་གྲོས། གནམ་ལོ་མེད། སྤྱི་ལོ་མེད།