མི་དབང་འབྲུག་རྒྱལ་ལྔ་པའི་གསེར་ཁྲི་མངའ་གསོལ་གྱི་དུས་ཆེན།
སྤྱི་ལོ་ ནམ་ཤར་གྱི་སྤྱི་ཟླ་ ༡༡ པའི་ཚེས་ ༡ གི་ཉིནམ་འདི་ དཔལ་མི་དབང་མངའ་བདག་རིན་པོ་ཆེ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ འབྲུག་བརྒྱུད་འཛིན་གྱི་རྒྱལ་རབས་ལྔ་པའི་གསེར་ཁྲི་ལུ་ མངའ་གསོལ་ཞུ་བའི་དུས་ཆེན་ཁྱད་པར་ཅན་ཨིན།
འབྲུག་གི་སྤྱི་ནོར་དམ་པ་ མི་དབང་འབྲུག་རྒྱལ་ལྔ་པ་མཆོག་ སྔོན་བྱོན་གྱི་རྒྱལ་པོ་གཞན་ག་ར་ལས་ སྐུ་བསོད་དབང་ཐང་ཆེཝ་མ་ཚད་ ཕྱི་ནང་ཤེས་བྱར་གཟིགས་རྒྱ་ཆེ་བའི་སྐུ་ཡོན་མཐོ་ཞིང་ མི་སེར་ལུ་བྱམས་དང་སྙིང་རྗེའི་ཐུགས་རྒྱུད་མཆོག་ཏུ་མངའ་བའི་ ཆོས་རྒྱལ་བྱང་ཆུབ་སེམས་པའི་ཡོན་ཏན་ཡོངས་སུ་རྫོགས་པའི་ བདག་ཉིད་ཅན་ཅིག་ཨིནམ་ལས་བརྟེན་ འབྲུག་རྒྱལ་ཁབ་འདི་གི་དུས་རབས་ ༢༡ པའི་དབུ་ཁྲིད་ འགྲན་ཟླ་དང་འབྲལ་བ་ཅིག་ཨིན། དེ་ཡང་ཧེ་མ་ བརྒྱུད་འཛིན་གྱི་རྒྱལ་སྲས་མཆོག་ གཉིས་སྐལ་མའི་གོ་གནས་བཞེས་བཞུགས་པའི་བསྒང་ སྤྱི༌ལོ༌ ༢༠༠༣ ལུ༌ མི་དབང་ཡབ་སྲས་གཉིས་ཀྱིས་ དུས་ཡུན་ཐུང་ཀུ་ཅིག་ནང་ ངོ་ལོག་པའི་གཡིབ་དམག་གྱི་ཕྱོགས་ལས་རྣམ་པར་རྒྱལ་ཏེ་ འགོ་དང་པའི་རྒྱལ་སྲིད་ཀྱི་ཕྱག་ལཱ་ལུ་ རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྒོ་འཕར་ཕྱེ་སྟེ་གནང་ཡི། དེ་ལས་རིམ་བཟུང་སྟེ་ ཡབ་དང་གཅིག་ཁར་ རྒྱ་འབྲུག་གཞུང་གཉིས་བར་ན་གལ་ཆེ་བའི་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་དང་ རང་དབང་བཙན་ཐབས་ཀྱི་གསུང་གྲོས་ཚུ་ནང་ བསམ་པའི་རེ་བ་ལས་ལྷག་པའི་གྲུབ་འབྲས་བྱུང་ཡོདཔ་མ་ཚད་ འབྲུག་རྒྱལ་ཁབ་ནང་ མི་སེར་དམངས་གཙོའི་རིང་ལུགས་གཞི་བཙུགས་ཀྱི་ཕྱག་ལཱ་ནང་འཛམ་གླིང་ཡོངས་ཀྱི་མིག་དཔེར་འོས་པའི་གྲུབ་འབྲས་བཟང་པོ༌བྱུང་སྟེ་ཡོད།
ལྷག་པར་དུ་ ཡབ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ འབྲུག་རྒྱལ་ཁབ་ནང་མ་ཚད་ འཛམ་གླིང་རྒྱལ་ཁབ་ནང་གི་ སྔོན་བྱོན་རྒྱལཔོ་ཚུ་གི་མཛད་བྱ་ག་ར་ལས་ལྷག་པའི་མཛད་ཆེན་ཅིག་ རྒྱལ་ཁབ་དང་མི་མང་གི་མཐའ་དོན་ཁོ་ན་ལུ་གཟིགས་ཏེ་ ཁོ་ར་དགུང་ལོ་ ༥༢ ལས་མ་བཞེས་རུང་ རྒྱལ་པོའི་གསེར་ཁྲི་ལས་དགོངསམ་ཞུ་སྟེ་ སྤྱི་ལོ་ ༢༠༠༦ ལས་ རྒྱལ་སྲིད་ཀྱི་ཕྱག་ལཱ་ བརྒྱུད་འཛིན་གྱི་རྒྱལ་སྲས་ལུ་རྩིས་སྤྲོད་གནང་ཡི། དེ་བཟུམ་མའི་ལས་དབང་གདུལ་བྱའི་སྐལ་བ་དང་འཁྲིལ་ཏེ་ རྒྱལ་བའི་ལུང་བསྟན་དུས་ལུ་བབས་པའི་བརྒྱུད་འཛིན་རྒྱལ་སྲས་མཆོག་གིས་ འབྲུག་རྒྱལ་ཁབ་ཀྱི༌རྒྱལ་སྲིད་ རྩིས་བཞེས་ཀྱི་ལྕོགས་གྲུབ་ཕ་ལས་བུ་ལྷག་གི་ སྐུ་བསོད་དབང་ཐང་གཞན་དང་མ་འདྲ་བའི་ བདག་ཉིད་ཅན་ཅིག་ལུ་བྱོན་ཏེ་ཡོད།
དེ་བཟུམ་མའི་འབྲུག་རྒྱལ་ཁབ་དང་ མི་མང་གི་བསོད་ནམས་བྱེ་བ་ལས་གྲུབ་པའི་ མི་དབང་མངའ་བདག་རིན་པོ་ཆེ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ འབྲུག་བརྒྱུད་འཛིན་གྱི་རྒྱལ་པོ་རིམ་བྱོན་གྱི་རྒྱལ་རབས་ལྔ་པའི་གསེར་ཁྲི་མངའ་གསོལ་ཞུ་བའི་སྐབས་ལུ་ཡང་ རྒྱལ་བརྒྱུད་ལོ་བརྒྱ་འཁོར་བའི་དུས་སྟོན་དང་ དམངས་གཙོའི་རིང་ལུགས་དབུ་བརྙེས་པའི་དུས་སྟོན་ཚུ་ སྟབས་ཅིག་ཁར་ཕོགཔ་ལས་བརྟེན་ གསེར་ཁྲི་མངའ་གསོལ་གྱི་དགའ་སྟོན་འདི་ཡང་ གཞན་དང་མ་འདྲ་བའི་དགའ་སྟོན་རྟེན་འབྲེལ་ ཟབ་རྒྱས་ཕུན་སུམ་ཚོགས་པའི་སྒོ་ལས་ ཞུ་ཚུགས་ནི་གི་གོ་སྐབས་བྱུང་ཡོདཔ་ཨིན།
དེ་ཡང་ སྤྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡ ལུ་ གཟའ་སྐར་དུས་ཚོད་ཕུན་སུམ་ཚོགས་པའི་དུས་བཟང་དང་བསྟུན་ཏེ་ དཔལ་ལྡན་འབྲུག་པའི་གདན་ས་ཆེན་པོ་སྤུངས་ཐང་བདེ་ཆེན་ཕོ་བྲང་ནང་ འབྲུག་རྒྱལ་ཁབ་འདི་ནང་ དཔལ་ལྡན་འབྲུག་པའི་ཆོས་སྲིད་ལུགས་གཉིས་ཀྱི་གཞུང་ འགོ་དང་པ་དབུ་བརྙེས་མི་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ་ སྐུ་དམར་གདུང་སྦེ་བཞུགས་ཏེ་ཡོད་པའི་སྐུ་མདུན་ལས་ སྔོན་གྱི་སྡེ་སྲིད་དང་ རྒྱལ་པོ་རིམ་བྱོན་ཡོངས་ཀྱི་མཛད་ཁྱུན་དང་འཁྲིལ་ཏེ་ རྒྱལ་སྲིད་ཀྱི་ཕྱག་འགན་ཞི་རྒྱས་དབང་དྲག་དང་སྣ་ཚོགས་ལས་ལུ་ མངའ་དབང་སྒྱུར་བའི་རྟེན་འབྲེལ་གྱིབརྡ་མཚོན་ལུ་ དར་མདོག་ལྔ་མའི་དབང་རྟགས་མགུལ་དར་ལུ་བཞེས། སྤུངས་ཐང་བདེ་ཆེན་ཕོ་བྲང་གི་ཀུན་ར་ཆེན་མོའི་ནང་ རྒྱལ་ཁབ་ནང་གྱི་བླ་སྤྲུལ་དང་གྲྭ་ཚང་འཕགས་པའི་དགེ་འདུན་ རྒྱལ་པོའི་སྐུ་འཁོར་ཡོངས་ཀྱིས་མངོན་པར་བསྟོད་པའི་ བཀྲིས་མངའ་གསོལ་ཞུ༌ཡི།
སྤྱི་ཟླ་ ༡༡ ཚེས་ ༦ ལུ་ རྒྱལ་ས་བཀྲིས་ཆོས་རྫོང་གི་གསེར་ཁྲི་ཁང་བཟང་ནང་ འབྲུག་དབང༌ཕྱུག༌བརྒྱུད་འཛིན་གྱི་གཙུག་རྒྱན་ དབུ་ཞྭ་བྱ་རོག་གདོང་ཅན་འདི་ མི་དབང་འབྲུག་རྒྱལ་བཞི་པའི་ཕྱག་གིས་གསོལ་ཏེ་ རྒྱལ་རབས་ལྔ་པའི་བདག་འགན་ཡོངས་རྫོགས་སུ་བཞེས། ཁྱིམ་ཚང་རྒྱ་གར་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་གིས་གཙོས་པའི་ ཁྱིམ་ཚང་རྒྱལ་ཁབ་ཚུ་དང་ མཐུན་བཤེས་རྒྱལ་ཁབ་མང་རབས་ཀྱི་དབུ་ཁྲིད་དང་གཞུང་འཛིན། རྒྱལ་སྤྱིའི་ལས་སྡེ་མང་རབས་ཀྱི་སྐུ་ཚབ་ཚུ་དང་ འབྲུག་རྒྱལ་པོའི་སྐུ་སྒེར་གྱི་གྲོགས་བཤེས་ཚུ་དང་བཅས་པའི་ ཆེ་མཐོའི་སྐུ་མགྲོན་ཚུ་གིས་ མངོན་པར་བསྟོད་དེ་གསེར་ཁྲི་མངའ་གསོལ་ཞུ་ཡི། དེ་གི་ཤུལ་ལས་ བཀྲིས་ཆོས་རྫོང་ཀུན་ར་ཆེན་མོའི་ནང་ འབྲུག་གཞུང་གི་དཔོན་ཁག་དང་ མི་སེར་ཡོངས་ཀྱི་སྐུ་ཚབ་ དགོན་སྡེ་ཡོངས་ཀྱི་དབུ་འཛིན་ཚུ་དང་ ཕྱི་མགྲོན་ཚུ་གི་ཁར་ རྟེན་འབྲེལ་ཐང་ནང་ སྐྱ་སེར་མི་མང་ཡོངས་ཀྱིས་མངོན་པར་བསྟོད་དེ་ གསེར་ཁྲི་མངའ་གསོལ་ལེགས་སྨོན་གྱི་ཁྲི་དར་ཕུལ་བཞེས་ཀྱི་རྟེན་འབྲེལ་བརྩིས༌གནང༌ཡི།
སྤྱི་ཚེས་ ༧ ལས་ ༩ ཚུན་ཉིནམ་ ༣ གྱི་རིང་ རྒྱལ་ཡོངས་དགའ་སྟོན་ཐང་ ཅང་གླིང་མའི་ཐང་ནང་ ཕྱི་མགྲོན་དང་རྒྱལ་ཡོངས་ཀྱི་མི་མང་ཡོངས་འཛོམས་ཀྱི་ཐོག་ལས་ རྒྱལ་པོའི་གསེར་ཁྲི་མངའ་གསོལ་གྱི་དགའ་སྟོན་རྟེན་འབྲེལ་ ཧེ་མ་རྒྱལ་ཁབ་ནང་བྱུང་མ་མྱོང་བའི་ཟབ་རྒྱས་ཕུན་སུམ་ཚོགས་པའི་དགའ་སྟོན་བརྩི་སྲུང་གནང་ཡི། དེ་སྐབས་མི་དབང་མཆོག་གི་གསེར་ཁྲི་མངའ་གསོལ་གྱི་རྒྱལ་ཡོངས་གསུང་བཤད་ནང་ ད་ལས་ཕར་རྒྱལ་པོའི་ཕྱག་ལཱ་ནང་ འབྲུག་རྒྱལ་ཁབ་ཀྱི་ཞི་བདེ་དང་གཅིག་མཐུན་ མི་མང་གི་དགའ་སྐྱིད་དང་ རྒྱལ་ཁབ་བརྟན་ཏོག་ཏོ་བཞག་ནི་འདི་ ག་ར་ལས་ཁག་ཆེཝ་སྦེ་མཛད་གནང་ནི་ཟེར་གསུང་གནངམ་མ་ཚད་ དེ་གི་དོན་ལུ་ འབྲུག་མི་ག་ར་མནོ་བསམ་གཅིག་ཁར་བཏང་སྟེ་ མཉམ་རུབ་ཀྱི་ཐོག་ལས་རྒྱལ་ཁབ་ལུ་ཕྱག་ཞུ་དགོཔ་དང་ འབྲུག་གི་ཁྱད་ཆོས་ཚུ་ཉམས་མ་བཅུག་པར་བཞག་དགོཔ་འདི་ ག་ནི་ལས་གལ་ཆེཝ་ཨིན་ཟེར་གསུངས་ཡི།
རྒྱལ་པོའི་ཁ་ཐུག་ལས་ མི་སེར་གྱི་མཐའ་དོན་འགྲུབ་ནི་ལུ་གཙོ་བོར་བཏོན་གནང་ནི་དང་ མ་འོངས་པའི་རྒྱལ་ཁབ་འདི་ ད་རེས་ཀྱི་ན་གཞོན་ཚུ་གི་མནོ་བསམ་གཏང་ཐངས་དང་ ལྕོགས་གྲུབ་ལུ་རགས་ལསཔ་ལས་ མ་འོངས་པའི་ཀྱི་མི་རབས་ཚུ་ལུ་ རྒྱལ་ཁབ་ཀྱི་རྩིས་སྤྲོད་ལེགས་ཤོམ་སྦེ་རྐྱབ་ནི་ཡོདཔ་བཟོ་ནི་གི་དོན་ལུ་ ད་རེས་གི་ན་གཞོན་ཚུ་གི་ལྕོགས་གྲུབ་བཟོ་ནི་ལུ་ རྩ་འགེངས་དགོ་པའི་རྒྱལ་ཡོངས་གསུངས་བཤད་བཟང་པོ་གནངམ༌ད་ དེ་ནང་འཛོམས་མིའི༌མི་དམངས་འབུམ་ཕྲག་ལས་ལྷག་མི་ཚུ་གིས་ མི་མང་གི་རྒྱལ་པོ་རྒྱལ་ལོ་ཟེར་བའི་ རྒྱལ་དབྱངས་ཕྱོགས་ཀུན་ཁྱབ་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་དགའ་སྟོན་ཉིནམ་ ༣ གྱི་རིང་མཛད་གནང་ཡོད། དེ་མ་ཚད་ རྒྱལ་ས་ཐིམ་ཕུག་གི་རྒྱལ་བརྒྱུད་ལོ་བརྒྱའི་དགའ་སྟོན་ཐང་ནང་ བདུན་ཕྲག་ ༦ གི་རིང་དགའ་སྟོན་འཕྲོ་མཐུད་དེ་ འབྲུག་གི་མ་འོངས་པ་དེ་ དགའ་སྐྱིད་ཕུན་སུམ་ཚོགས་པའི་བསྟན་པ་ཡུན་རིང་གནས་ནི་གི་རྟེན་འབྲེལ་ ག་ནི་ལས་ཟབ་རྒྱས་ལྡན་པའི་ངང་ལུ་ཞུ་གནང་ཡོདཔ་ཨིན།
དེ་བཟུམ་མའི་མི་དབང་འབྲུག་རྒྱལ་ལྔ་པའི་ གསེར་ཁྲི་མངའ་གསོལ་གྱི་དུས་ཆེན་རྗེས་དྲན་གྱི་ཉིནམ་འདི་ འབྲུག་རྒྱལ་ཁབ་ནང་ཨ་རྟག་ར་སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་བརྩི་སྲུང་ཞུཝཨིན། ཉིནམ་འདི་ནང་ལུ་ ང་བཅས་ར་འབྲུག་མི་ཚུ་གིས་བསོད་ནམས་ལས་གྲུབ་པའི་ མི་དབང་མངའ་བདག་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ འབྲུག་རྒྱལ་ཁབ་འདི་ནང་དུས་རབས་ ༢༡ པའི་དབུ་ཁྲིདཔ་ གཞན་དང་མ་འདྲཝ་ཅིག་བྱོན་ཡོད་པའི་དགའ་ཚོར་ འབྲུག་མི་རེ་རེ་བཞིན་དུ་གི་སེམས་ཁར་དྲན་དགོཔ་དང་། མི་དབང་རྒྱལ་པོའི་ཞབས་ལས་ ཁྲི་མངའ་གསོལ་གྱི་ རྒྱལ་ཡོངས་གསུང་བཤད་ནང་ བཀའ་གནང་མི་གི་བཀའ་དོན་ཚུ་ ཚུལ་བཞིན་དུ་ལག་ལེན་འཐབ་ནི་གི་ཁས་བླངས་དམ་བཅའ་བསྐྱར་གསོའི་ཐོག་ལས་ མ་འོངས་པའི་འབྲུག་རྒྱལ་འདི་ མི་དབང་མངའ་བདག་རིན་པོ་ཆེའི་ལམ་སྟོན་དང་འཁྲིལ་ཏེ་ དམིགས་དོན་ཧྲིལ་བུམ་ འགྲུབ་ཚུགསཔ་འབད་ནི་ལུ་ བརྩོན་ཤུགས་ལྷག་པར་དུ་བསྐྱེད་དགོཔ་ཨིན་ནོ།།