མིཀསི་ཀོ། Mixco

༉ མིཀསི་ཀོ་འདི་ གུ་ཝ་ཊི་མ་ལ་ལས་ཁུངས་ནང་ལུ་ཡོད་པའི་ ཡོངས་གྲགས་ཅན་གྱི་ཁྲོམ་སྡེ་ཅིག་ཨིན། ཁྲོམ་འདི་ གུ་ཝ་ཊི་མ་ལ་ཁྲོམ་གྱི་རྒྱལ་ས་ལྟེ་བ་དང་ཉེ་འདབས་ལུ་ཆགས་ཡོདཔ་ལས་ གུ་ཝ་ཊི་མ་ལ་ཁྲོམ་གྱི་ཁྲོམ་ཆེན་ས་ཁོངས་ཀྱི་ཆ་ཤས་གཙོ་བོ་ཅིག་ཡང་ཨིན། རྒྱལ་རབས་ཀྱི་རྒྱབ་ཁུངས་ཕྱུགཔོ་དང་ མི་རློབས་མ་འདྲཝ་ དེ་ལས་ དཔལ་འབྱོར་གྱི་ལས་སྣ་གལ་ཅན་ཚུ་ཡོད་མི་ མིཀསི་ཀོ་འདི་ ལུང་ཕྱོགས་འདི་ནང་ ཁྲོམ་ཚོགས་ལྟེ་བ་གལ་ཅན་ཅིག་ཨིན།
མིཀསི་ཀོ་འདི་ གུ་ཝ་ཊི་མ་ལ་ཁྲོམ་གྱི་ཤུལ་ལས་ གུ་ཝ་ཊི་མ་ལ་གི་ཁྲོམ་ཚོགས་སྦོམ་ཤོས་གཉིས་པ་ཨིན། སྤྱི་ལོ་ ༢༠༡༨ ལོའི་མི་རྩིས་དང་འཁྲིལ་བ་ཅིན་ ཁྲོམ་སྡེ་འདི་ནང་ མི་རློབས་ ༤༦༥,༧༧༣ ཡོདཔ་ཨིན་པས། ཁྲོམ་སྡེ་མི་འབོར་ (འཕྲལ་གྱི་ཚོད་དཔག་དང་འཁྲིལ་བ་ཅིན་ སྤྱི་ལོ་ ༢༠༢༣ ལུ་ མི་རློབས་འདི་ ཧ་ལམ་ ༥༢༧,༨༢༨ ལུ་ཡར་སེང་འགྱོ་སྟེ་ཡོདཔ་ལས་ མི་རློབས་མངམ་ཡོད་པའི་ཁྲོམ་ཚོགས་ཀྱི་ས་ཁོངས་ཅིག་སྦེ་ཡོད་པའི་གནས་རིམ་འདི་ གསལ་སྟོན་འབད་དོ་ཡོད་དང་ ཁྲོམ་འདི་གི་རྒྱ་ཁྱོན་ཡོངས་བསྡོམས་ཀི་ལོ་མི་ཊར་གྲུ་བཞི་མ་ ༩༥.༩༠ ཡོདཔ་ཨིན་ཟེར་བཀོད་དེ་འདུག། མིཀསི་ཀོ་གི་མི་རློབས་འདི་ མི་རིགས་སྣ་ཚོགས་ཡོད་པའི་ཁར་ མང་ཤོས་ཅིག་རང་ མེསི་ཊི་ཛོས་དང་ ས་གནས་ཀྱི་མི་རྒྱུད་སླ་) འདི་གི་ཤུལ་ལས་ ངོ་མ་རང་ མ་ཡན་གྱི་རིགས་བརྒྱུད་ལས་ ས་གནས་ཀྱི་མི་ཁུངས་ཚུ་ཨིན་མས། འ་ནི་སྣ་མང་ཡོད་པའི་མི་རིགས་མ་འདྲཝ་གྱི་ ལམ་སྲོལ་བཟོ་རྣམ་འདི་གིས་ ཁྲོམ་གྱི་སྐད་ཡིག་དང་ལམ་སྲོལ་ དེ་ལས་ བཞེས་སྒོ་ཚུ་ནང་ལས་ཕར་ གསལ་ཏོག་ཏོ་སྦེ་མཐོང་མི་ ལམ་སྲོལ་གྱི་མཛེས་རྒྱན་ཕྱུགཔོ་འདི་ལུ་ ཕན་ཐོགས་དོ་ཡོདཔ་ཨིན། [༡]
མིཀསི་ཀོ་གི་བྱུང་རབས་འདི་ གུ་ཝ་ཊི་མ་ལ་གི་བྱུང་རབས་གོང་འཕེལ་དང་ གཏིང་ཟབ་སྦེ་འབྲེལ་བ་ཡོདཔ་ཨིན། གཞི་བཙུགས་འབད་བའི་སྐོར་ལས་ ཁ་གསལ་ཚུ་ ཚད་འཛིན་འབད་དེ་ཡོད་རུང་ མིཀསི་ཀོ་འདི་ གཞིས་ཆགས་ཆུང་ཀུ་ཅིག་ལས་ ཁྲོམ་ཚོགས་གལ་ཅན་ཅིག་ལུ་ འགྱུར་ཡོདཔ་མ་ཚད་ གུ་ཝ་ཊི་མ་ལ་ཁྲོམ་གྱི་ཉེ་འདབས་ལུ་ཆགས་ཡོད་མི་ལས་བརྟེན་ གོང་འཕེལ་གྱི་ནང་ལུ་ ཁག་ཆེ་བའི་འགན་ཁུར་འབག་སྟེ་ རྒྱལ་ས་ལྟེ་བའི་དོན་ལུ་ ཁག་ཆེ་བའི་ཁྲོམ་ཟུར་དང་ སྡོད་ཁྱིམ་གྱི་ས་ཁོངས་ལུ་གྱུར་ཡོདཔ་ཨིན།
མིཀ་སི་ཀོ་འདི་ ལྷོ་ཕྱོགས་ཀྱི་ས་ཁ་མཐོ་ས་ཆགས་ཡོད་པའི་སི་ཡ་ར་མ་ཌི་རི་གི་ མཚོ་ཁ་ལས་ མཐོ་ཚད་མི་ཊར་ ༡༦༩༡ དེ་ཅིག་གི་ས་ཁར་ ཆགས་ཡོདཔ་ཨིན། ཁྲོམ་ཚོགས་འདི་ནང་ལུ་ དྲོད་ཚད་ ༡༢°C ལས་ ༢༨°C གི་བར་ན་ཡོད་པའི་ ཚ་དྲོད་མཐོ་བའི་གནམ་གཤིས་མྱོང་ཚོར་འབདཝ་ཨིན། ཆརཔ་གི་དུས་ཚོད་འདི་ སྤྱིར་བཏང་ལུ་ སྤྱི་ཟླ་ ༥ པ་ལས་ ༡༠ པ་ཚུན་ཚོད་ཨིནམ་ད་ སྐམ་པའི་དུས་ཚོད་འདི་ སྤྱི་ཟླ་ ༡༡ པ་ལས་ ༤ པ་ཚུན་ཚོད་ཨིན། [༢] ཟེར་བཀོད་ནུག། མིཀསི་ཀོ་ལུ་འགྱོ་ནི་གི་དུས་ཚོད་ལེགས་ཤོམ་འདི་ སྐམ་པའི་དུས་ཚོད་ སྤྱི་ཟླ་ ༡༡ པ་ལས་ སྤྱི་ཟླ་ ༤ པ་ཚུན་ཨིནམ་ད་ ཟླཝ་འདི་ཚུ་ནང་ གནམ་གཤིས་འདི་ རན་ཏོག་ཏོ་སྦེ་ ཆརཔ་ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ ཁྲོམ་གྱི་མཐོང་སྣང་ཚུ་ ལྟ་སྐོར་འབད་ནི་དང་ ལམ་སྲོལ་གྱི་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ནི་ལུ་ ལེགས་ཤོམ་ཡོདཔ་ཨིན།
མིཀསི་ཀོ་འདི་ ས་ཁོངས་མ་འདྲཝ་དང་ སྡོད་ཁྱིམ་གྱི་ཁྱིམ་ཚང་ དེ་ལས་ གཡུས་ཚན་ཚུ་ནང་ དབྱེ་སྟེ་ཡོདཔ་ཨིན། གལ་གནད་ཅན་གྱི་སྡོད་ཁྱིམ་གྱི་ཉེ་འདབས་ལ་ལུ་ཅིག་ཡང་ ཨེལ་མི་ལ་གྷོ་ མོན་ཊི་རི་ཡལ་ མོན་ཊི་ཝར་ཌི་ སཱན་ཕཱརན་སི་སི་ཀོ་ ཨེལ་ཀཱསི་ཊ་ནོ་ ཨེལ་ཀ་མི་ནི་རོ་ པབ་ལོ་༦པ་ ཀེ་རོ་ལིང་ཇི་ཡ་ བེ་ལེན་སི་ཊོ་ ལཱསི་བི་རི་སཱས་ མོ་ལི་ནོ་ཌི་ལཱསི་ཕོལོ་རེས་ ལ་བི་རི་གཱ་ཌ་ སཱན་ཀིརིསི་ཊོ་བཱལ་ཁྲོམ་ཚོགས་ བེ་ལེན་ཝུཌ་སར་ སཱན་ཀོ་ལ་སཱན་ལོ་མཱསི་ཌི་ཚུ་ཨིན། དེ་ལས་ མི་ནར་ཝས་དང་ ཨེལ་ཊེ་སོ་རོ་ བཱན་ཝི་ སི་ཡུ་ཌཌ་སེ་ཊི་ལའིཊ་ དེ་ལས་ སཱན་ཊ་མར་ཊ་ཚུ་ཨིན། མིཀསི་ཀོ་གི་ཁྲོམ་སྡེ་གཞུང་འདི་ ཁྲོམ་དཔོན་དང་ ཁྲོམ་སྡེ་ཚོགས་སྡེ་གིས་ འགོ་འཁྲིད་འབད་དོ་ཡོདཔ་དང་ བརྡ་དོན་གསར་ཤོས་དང་འཁྲིལ་བ་ཅིན་ ནེ་ཊོ་བྲན་གྱིས་ ཁྲོམ་དཔོན་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན་པས། ས་གནས་གཞུང་གིས་ ཁྲོམ་སྡེ་འཆར་གཞི་དང་ མི་མང་ཞབས་ཏོག་ གཞི་རྟེན་གོང་འཕེལ་ དེ་ལས་ མི་སྡེའི་མཐའ་དོན་ཚུ་ལུ་ གཙོ་བོར་བསྟེན་དོ་ཡོདཔ་ཨིན་ཟེར་ [༢]ནང་བཀོད་ནུག།
མིཀསི་ཀོ་ཁྲོམ་སྡེ་ནང་ལུ་ ཨིས་པེ་ནིཤི་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཨིནམ་ལས་ ས་གནས་ནང་འཁོད་ལུ་ ཁྱབ་ཆེཝ་སྦེ་སླབ་ཨིན། ཨིན་རུང་ རྒྱལ་ཁབ་འདི་ནང་ ས་གནས་ཀྱི་སྲོལ་རྒྱུན་ཕྱུགཔོ་ཡོད་ནི་འདི་གིས་ མ་ཡ་གི་སྐད་ཡིག་ལེ་ཤ་ཅིག་ཡང་ སླབ་དོ་ཡོདཔ་དང་ དེ་ཡང་ ཀི་ཆེ་དང་ ཁེཀ་ཆེ་ དེ་ལས་ ཀ་ཆི་ཀེལ་ཚུ་ཨིན་མས། སྐད་ཡིག་འདི་ཚུ་ གྲོང་གསེབ་ཀྱི་ས་ཁོངས་ཚུ་ནང་ ཁྱབ་ཆེཝ་སྦེ་ཡོད་རུང་ ཁྲོམ་སྡེ་ནང་ སྐད་ཡིག་སྣ་མང་ལུ་ ལྷན་ཐབས་འབདཝ་ཨིན། མིཀསི་ཀོ་གི་ལམ་སྲོལ་འདི་ ས་གནས་ཀྱི་མ་ཡན་དང་ཨིས་པེ་ནིཤི་གིས་ དབང་དུ་བསྡུ་བའི་སྐབས་ལུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་མི་འདི་ཡང་ ཁྲོམ་གྱི་བཟོ་རིགས་དང་དུས་སྟོན་ སྙན་ཆ་དང་སྒྱུ་རྩལ་ཚུ་ནང་ལས་ཕར་ གསལ་ཏོག་ཏོ་སྦེ་མཐོངམ་ཨིན། རང་ལུགས་ཀྱི་དུས་སྟོན་ དཔེར་ན་ ས་གནས་ཀྱི་དུས་སྟོན་ཚུ་ སྐྱབས་མགོན་བླམ་ཚུ་ལུ་ གུས་བཏུད་ཞུ་སྟེ་ འགྲུལ་བསྐྱོད་རྒྱས་པར་འབད་དེ་ མི་སྡེ་གིས་ བཅའ་མར་གཏོགས་དོ་ཡོདཔ་མ་ཚད་ ཁྲོམ་འདི་ནང་ལུ་ ལམ་སྲོལ་གྱི་ལས་རིམ་མ་འདྲཝ་ཚུ་ཡང་ འགོ་འདྲེན་འཐབ་སྟེ་ ཁྲོམ་གྱི་སྲོལ་རྒྱུན་ཕྱུགཔོ་ཚུ་ སྟོན་དོ་ཡོདཔ་ཨིན།
མིཀསི་ཀོ་ལུ་ རྐང་རྩེད་འདི་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིནམ་དང་ དེ་ཡང་ གུ་ཝ་ཊི་མ་ལཱན་ལིག་ནང་ ཌི་པོར་ཊི་ཝོ་མིཀསི་ཀོ་རྐང་རྩེད་སྡེ་ཚན་གྱིས་ རྩེད་དོ་ཡོདཔ་ཨིན་པས། སྡེ་ཚན་འདི་གིས་ རྩེད་རིགས་ཚུ་ ཡར་དྲག་གཏང་ནི་ལུ་ ཤུགས་བཏོན་ཡོདཔ་མ་ཚད་ ཁྲོམ་འདི་ནང་ལུ་རྩེད་འགྲན་ཚུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ རྩེད་ཐང་གསརཔ་ ཨེས་ཊ་ཌིའོ་ཌི་ལ་ཊི་ཡ་ར་ཌི་ ཀེམ་པི་ཡོན་ཟེར་མི་འདི་ རྐྱབ་ནི་གི་འཆར་གཞི་ཚུ་ཡོདཔ་ཨིན། (ཝི་ཀི་པི་ཌི་ཡ། ༢༠༢༥) ཟེར་བཀོད་ནུག། ཁྲོམ་སྡེ་འདི་ནང་ ཟ་འཐུང་ཚུ་གི་རྒྱུ་ཆ་གཙོ་བོ་རང་ ཁྲོམ་སྡེ་གཞན་དག་ཅོག་གཅིག་པའི་རིགས་ གེ་ཟ་དང་སྲནམ་ཅུམ་ དེ་ལས་ ཆུམ་དང་ཤ་ ཚོད་བསྲེ་མ་འདྲཝ་ཚུ་ཨིན་པའི་ཁར་ ཡོངས་གྲགས་ཅན་གྱི་ཟས་རིགས་ཡང་ པེ་པེན་དང་ ཀ་ཀིཀ་ དེ་ལས་ཏ་མ་ལས་ཚུ་ཨིན་མས། དེ་མ་ཚད་ ཁྲོམ་ལམ་གྱི་ཟས་རིགས་ཚུ་ཡང་ ས་གནས་འདི་ཁར་དར་ཁྱབ་འགྱོ་བཞིན་པ་ཡོདཔ་ལས་ མིཀསི་ཀོ་གི་བཟའ་འཐུང་གིས་ གུ་ཝ་ཊི་མ་ལ་རྒྱལ་ཁབ་ཀྱི་ལམ་སྲོལ་སྣ་ཚོགས་ཀྱི་སྲོལ་རྒྱུན་ཚུ་ གསལ་སྟོན་འབདཝ་ཨིན།
མིཀསི་ཀོ་གི་དཔལ་འབྱོར་འདི་ གུ་ཝ་ཊི་མ་ལ་ཁྲོམ་ཚོགས་དང་ མཐུན་སྒྲིག་ཡོདཔ་ལས་ རྒྱལ་ས་ལྟེ་བ་དང་ ཉེ་འདབས་ལུ་ཡོདཔ་ལས་ ཕན་ཐོགས་བྱུང་ཡོདཔ་ཨིན་མས། ཁྲོམ་འདི་ནང་ བཟོ་གྲྭ་དང་ཞབས་ཏོག་ཚུ་རྩིས་ཏེ་ བཟོ་གྲྭ་མ་འདྲཝ་ཚུ་ཡོདཔ་ལས་ རྒྱལ་ས་ལྟེ་བ་ནང་ལཱ་འབད་མི་མང་ཤོས་ཅིག་གི་སྡོད་གནས་ཅིག་སྦེ་ཡང་ ཕྱག་ཞུ་དོ་ཡོདཔ་ཨིན། གུ་ཝ་ཊི་མ་ལ་གི་དཔལ་འབྱོར་གོང་འཕེལ་འགྱོ་བའི་བསྒང་ཡོདཔ་ལས་ སོ་ནམ་གྱི་ལཱ་གིས་ གལ་ཆེ་བའི་འགན་ཁུར་འབག་སྟེ་ཡོདཔ་ཨིན། ཕྱིར་ཚོང་གཙོ་བོ་ཚུ་ཡང་ ངང་ལག་དང་ ཀོ་ཕི་ ཏ་ལའི་ཤིང་གི་མར་ཁུ་ དེ་ལས་ གུ་རམ་ཚུ་ཨིན། [༢] ཟེར་བཀོད་ནུག།
མིགསི་ཀོ་གིས་ གོང་འཕེལ་དང་ མི་སེར་ཚུ་གི་ མི་ཚེའི་སྤུས་ཚད་ལུ་ ཐོ་ཕོག་མི་ གདོང་ལེན་ལེ་ཤ་ཅིག་ར་ ཐོན་དོ་ཡོདཔ་ཨིན་པས། ཁྲོམ་ཚོགས་གཞན་བཟུམ་སྦེ་ མི་རློབས་མགྱོགས་དྲགས་སྦེ་ཡར་སེང་འགྱོ་མི་ལུ་བརྟེན་ མི་རློབས་མང་དྲགས་དང་ གཞི་རྟེན་མཐུན་རྐྱེན་ལངམ་སྦེ་མེད་མི་ དེ་ལས་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་བྱུང་ཡོདཔ་དང་ ཁྲོམ་སྡེ་ནང་ བྱ་ངན་གྱི་ གནས་ཚད་མཐོ་དྲགས་སྦེ་མཐོང་དོ་ཡོདཔ་དང་ དེ་ཡང་ སྡེ་ཚན་དང་འབྲེལ་བའི་ གནོདཔ་བཀལ་མི་དང་ སྒྲིག་འཛུགས་འབད་མི་ བྱ་ངན་ཚུ་རྩིས་ཏེ་ མི་མང་གི་ཉེན་སྲུང་དང་ དཔལ་འབྱོར་གྱི་ལཱ་ཚུ་ལུ་ ཐོ་ཕོག་དོ་ཡོདཔ་ཨིན་མས། དེ་ལས་ བཙོག་རླུང་དང་ ཕྱགས་སྙིགས་འཛིན་སྐྱོང་ ལངམ་སྦེ་མེད་མི་ དེ་ལས་ ས་ཡོམ་དང་ཆུ་རུད་བཟུམ་གྱི་ རང་བཞིན་གྱི་རྐྱེན་ངན་ཚུ་ལུ་ ཉེན་ཁ་ཡོདཔ་ལས་ མཐའ་འཁོར་གནས་སྟངས་དང་འབྲེལ་བའི་ཚ་གྱང་ཚུ་འཕྲོ་མཐུད་དེ་རང་ ཉེན་ཁ་བྱུང་དོ་ཡོདཔ་ཨིན་པས། མི་སྡེ་ནང་ འོང་འབབ་དང་ཤེས་རིག་ དེ་ལས་ གསོ་བའི་ཞབས་ཏོག་ཚུ་ མ་འདྲཝ་ཡོདཔ་ལས་ མི་སྡེ་ནང་ལུ་ ཚ་གྱང་འབྱུང་བཅུག་དོ་ཡོདཔ་མ་ཚད་ ག་ར་གིས་ གོང་འཕེལ་གཏང་ནི་ལུ་ཡང་ ཐོ་ཕོགཔ་ཨིན་མས།
མིཀསི་ཀོ་འདི་ གུ་ཝ་ཊི་མ་ལ་གི་རྒྱལ་ཁབ་ནང་ལུ་ བཟོད་བསྲན་དང་ལམ་སྲོལ་ དེ་ལས་ རྒྱལ་རབས་ཀྱི་ཕྱུགཔོ་གི་བདེན་ཁུངས་ཅིག་སྦེ་གནས་ཏེ་ཡོདཔ་ཨིན། ཁྲོམ་སྡེ་འདི་གི་བྱུང་རབས་ཁག་ཆེ་ཧིང་དང་ མི་རློབས་མ་འདྲཝ་ དེ་ལས་ དཔལ་འབྱོར་གྱི་སྟོབས་ཤུགས་ཚུ་གིས་ གུ་ཝ་ཊི་མ་ལ་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་ལུ་ གཞན་ལས་ཁྱད་པར་ཅན་སྦེ་བཟོཝ་ཨིན་མས། ཁྲོམ་ཚོགས་འདི་ནང་ དཀའ་ངལ་དང་གདོང་ལེན་སྦོམ་ག་བཟུམ་བྱུང་སྟེ་སྦེ་རུང་ ཁྲོམ་སྡེ་གོང་འཕེལ་དང་ ལམ་སྲོལ་ཉམས་སྲུང་ དེ་ལས་ དཔལ་འབྱོར་བསྐྱར་ཞིབ་ཀྱི་ལཱ་ཚུ་ འཕྲོ་མཐུད་དེ་ར་ འབད་བའི་བསྒང་ཡོདཔ་ལས་ ཁྲོམ་སྡེ་ནང་སྡོད་མི་ཚུ་གིས་ མ་འོངས་ལེགས་བཅོས་ཀྱི་དོན་ལུ་ སེམས་ཤུགས་འབད་མི་འདི་ གསལ་ཏོག་ཏོ་སྦེ་མཐོང་དོ་ཡོདཔ་ཨིན་པས།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
རྒྱབ་རྟེན་དཔེ་དེབ།
- ↑ City population. (2023). Mixco, Municipality in Guatemala. Published by: institution national of statistics, Guatemala. Retrived from: https://www.citypopulation.de/en/guatemala/admin/guatemala/0108__mixco/
- 1 2 3 Wikipedia. (2025). Mixco. Published by: Creative Commons. Retrieved from: https://en.wikipedia.org/wiki/Mixco