Jump to content

མེལ་བོརན། Melbourn

Wikipedia ལས།

ངོ་སྤྲོད།

མེལ་བོརན།

༉ མེལ་བོརན་འདི་ ཨོས་ཊེ་ལི་ཡ་གི་ ཝིཀ་ཊོ་རི་ཡ་མངའ་སྡེའི་རྒྱལ་ས་དང་ རྒྱལ་ཁབ་ཀྱི་ཁྲོམ་ཚོགས་སྦོམ་ཤོས་གཉིས་པ་དང་ ལམ་སྲོལ་གྱི་ལྟེ་བ་ཅིག་ཨིན། འདི་ནང་ སྒྱུ་རྩལ་གྱི་ལཱ་ཚུ་དང་ རྩེད་འགྲན་གྱི་མཛད་རིམ་ཚུ་དང་ མི་རིགས་སྣ་ཚོགས་ཀྱི་སྤྱི་ཚོགས་ཚུ་གི་དོན་ལུ་ ཁྱད་པར་ཅན་ཨིན། མེལ་བོརན་འདི་ སྡོད་ནི་དང་ འཚོ་བ་བསྐྱོང་ནི་ལུ་ དྲག་ཤོས་ཀྱི་ཁྲོམ་ཚོགས་ཚུ་གི་གྲས་ལས་ཅིག་ནང་ ཨ་རྟག་ར་ཚུད་དོ་ཨིན། དེ་ཡང་ ད་རིས་ནངས་པའི་གཞི་རྟེན་མཁོ་ཆས་ཚུ་དང་ སྔར་སྲོལ་ཁྱིམ་བཟོའི་རིག་རྩལ་ དེ་ལས་ ལམ་སྲོལ་སྣ་ཚོགས་ཀྱི་ངོ་བོ་ཚུ་ མཉམ་བསྡོམས་འབད་དེ་ ལྟ་བཤལ་པ་ཚུ་དང་ སློབ་ཕྲུག་ཚུ་ ཁྱད་རིག་ལཱ་འབད་མི་ཚུ་གི་དོན་ལུ་ འགྱུར་བ་དང་ལྡན་པའི་ས་གནས་ཅིག་ཨིན།

ས་ཆའི་བཀོད་པ་ རྒྱ་ཚད་ བདག་སྐྱོང་གི་ས་ཁོངས།

མེལ་བོརན་འདི་ ཨོས་ཊེ་ལི་ཡ་གི་ལྷོ་ཤར་མཚམས་ལུ་ པོརཊ་ཕི་ལིབ་མཚོ་ཁའི་མཐའམ་བདའ་སྟེ་ཆགས་ཏེ་ཡོད། འདི་གིས་ ས་ཁྱོན་ཨིསི་ཀོ་ཡར་ཀི་ལོ་མི་ཊར་ ༩,༩༩༣ དེ་ཅིག་ཡོད། ཁྲོམ་ཚོགས་འདི་ ས་གནས་ཀྱི་གཞུང་བདག་སྐྱོང་མངའ་ཁུལ་ ༣༡ ལུ་བགོ་སྟེ་ཡོད་པའི་ནང་ རེ་རེ་བཞིན་གྱིས་ ས་གནས་ཀྱི་ཞབས་ཏོག་ཚུ་ འཛིན་སྐྱོང་འཐབ་ཨིན། སྤྱིར་བཏང་མེལ་བོརན་ནང་ ཁྲོམ་ཚོགས་གྱི་ནང་འཁོད་ཀྱི་གྲོང་ཚོགས་ཚུ་ཚུད་དོ་ཡོདཔ་དང་ འདི་གིས་ ཕྱི་ཁའི་ཁྲོམ་ཚོགས་དང་ གྲོང་གསེབ་ཀྱི་ས་ཁུལ་ཚུ་ནང་ཡང་ ཁྱབ་སྟེ་ཡོདཔ་ཨིན། ཝིཀ་ཊོ་རི་ཡ་གི་རྒྱལ་ས་འབད་ནི་དེ་གིས་ མེལ་བོརན་འདི་གིས་ མངའ་སྡེའི་སྲིད་བྱུས་དང་ བདག་སྐྱོང་གི་ལྟེ་བ་སྦེ་ཕྱག་ཞུ་སྟེ་ གཞུང་གི་ལས་ཁུངས་ཚུ་དང་ ཁྲིམས་ཀྱི་འདུན་ས་ཚུ་ དེ་ལས་གཙུག་སྡེ་ཚུ་ གནས་ས་བྱིནམ་ཨིན།

བྱུང་རབས།

མེལ་བོརན་འདི་ སྤྱི་ལོ་ ༡༨༣༥ ལུ་ རྒྱུན་སྲོལ་ལྟར་དུ་ ཀུ་ལིན་མི་རིགས་ཀྱི་ ཝུ་རུན་ཇེ་རི་མི་ཚུ་གི་ས་ཆ་ཅིག་གི་ཐོག་ལུ་ བཱན་ ཌི་མེན་ལཱནཌ་ (ཊཱསི་མེ་ནི་ཡཱ་)ལས་ རང་དབང་གི་གཞིས་ཆགས་པ་ཚུ་གིས་བཙུགས་ནུག། སྤྱི་ལོ་ ༡༨༥༠ ལུ་ གསེར་གྱི་དུས་རབས་ནང་ ཡར་འཕར་མགྱོགས་དྲགས་སྦེ་བྱུང་སྟེ་ དཔལ་འབྱོར་གྱི་ལྟེ་བ་གཙོ་བོ་ཅིག་ལུ་འགྱུར་ནུག། སྤྱི་ལོ་ ༡༩ པའི་དུས་རབས་ཀྱི་མཇུག་ལུ་ མེལ་བོརན་འདི་ ཨོས་ཊེ་ལི་ཡ་གི་ཁྲོམ་ཚོགས་ དཔལ་འབྱོར་ལྡན་ཤོས་ཅིག་ཨིན་པས། ཀེན་བྷེ་ར་འདི་ གཞི་བཙུགས་མ་ཚར་ཚུན་ སྤྱི་ལོ་ ༡༩༠༡ ལས་ མེལ་བོརན་འདི་ རྒྱལ་ཡོངས་ཀྱི་རྒྱལ་ས་ གནས་སྐབས་ཅིག་སྦེ་ལཱ་འབད་ནུག། ད་རེས་ནངས་པ་ འདི་གི་ལོ་རྒྱུས་ཧིང་སངས་ས་ཚུ་ བདག་འཛིན་འབད་དེ་ཡོད་པའི་ཁྱིམ་རྙིངམ་ཚུ་དང་ གཡུས་མི་ལམ་ སྲོལ་གྱི་རྟེན་གཞི་ཚུ་ནང་ གསལ་ཏོག་ཏོ་སྦེ་མཐོང་ཚུགས།

མི་གྲངས་དང་མི་རིགས།

མེལ་བོརན་ལུ་ མི་གྲངས་ས་ཡ་ ༥ ལྷག་པའི་གནས་སའི་ས་ཁོངས་ཅིག་དང་ འདི་ཡང་ ལམ་སྲོལ་གྱི་རྒྱ་ཆེ་བའི་དོན་ལས་ སྙན་གྲགས་ཅན་ཅིག་ཨིན། སྡོད་མི་བརྒྱ་ཆ་ ༣༥ ལྷག་པ་ཅིག་ རྒྱལ་ཁབ་ཕྱི་ཁ་ལས་སྐྱེས་ཏེ་ རྒྱ་ནག་དང་ རྒྱ་གར་ གིརིསི། ཨི་ཊཱ་ལི། བེཊ་ནམ། དེ་ལས་ ཡུ་ཀེ་གི་མི་སྡེ་ཚུ་གི་ངོ་ཚབ་འབདཝ་ཨིན་པས། མི་རིགས་སྣ་ཚོགས་ཀྱི་མི་རློབས་འདི་གིས་ ཁྲོམ་ཚོགས་གྱི་འགྱུར་རྟགས་བཟུམ་ལུ་ཕན་ཐོགས་བྱིན་དོ་ཡོདཔ་ད་ དེ་ཡང་ སྐད་རིགས་སྣ་ཚོགས་དང་ ཟས་སྣ་ཚུ་དང་ སྲོལ་ཚུ་གིས་ ཉིན་རེའི་མི་ཚེ་འདི་ཕྱུག་བཅུག་སྟེ་ཡོདཔ་ཨིན། མེལ་བོརན་ལུ་ཡུལ་མི་སྤྱི་ཚོགས་ཡར་འཕེལ་འགྱོ་བཞིན་ཡོདཔ་ད་ ལམ་སྲོལ་བདག་འཛིན་དང་ངོས་ལེན་གྱི་འབད་བརྩོན་ཚུ་ཡང་སྒྲིང་སྒྲི་ཡོད།

སྲིད་དོན་དང་གཞུང་ལུགས།

མེལ་བོརན་འདི་ ཨོས་ཊེ་ལི་ཡ་གི་ སྤྱི་ཚོགས་གོས་ཚོགས་ཀྱི་དམངས་གཙོའི་ལམ་ལུགས་ཀྱི་འོག་ལུ་གནས་ཏེ་ཡོད། འདི་ ཝིཀ་ཊོ་རི་ཡ་གི་རྒྱལ་ས་ཨིནམ་ལས་ མངའ་སྡེའི་སྤྱི་ཚོགས་དང་ གཞུང་གི་ཡིག་ཚང་ཚུ་ཡོད། ཁྲོམ་ཚོགས་འདི་ ས་གནས་ཀྱི་མི་སྡེ་ འཐུས་ཚོགས་ཚུ་གིས་ ས་གནས་ཀྱི་བདག་ སྐྱོང་འབད་དེ་ཡོདཔ་དང དེ་ཚུ་གི་གྲས་ལས་ ཁྲོམ་ཚོགས་མེལ་བོརན་ཚོགས་སྡེ་ཡང་ཚུདཔ་ཨིན། ས་གནས་ནང་ལུ་ སྡོད་མི་ཚུ་གིས་ མངའ་སྡེ་དང་ སྤྱི་ཚོགས་གཉིས་ཆ་རའི་རིམ་པ་ཚུ་ལུ་ ངོ་ཚབ་ཚུ་བཙག་འཐུ་འབདཝ་ཨིན། ཝིཀ་ཊོ་རི་ཡ་གི་གཞུང་གིས་ ཤེས་རིག་དང་སྐྱེལ་འདྲེན་ འཕྲོད་བསྟེན་དང་ གཞི་རྟེན་མཁོ་ཆས་ཚུ་ལུ་ ལྟ་རྟོག་འབདཝ་ད་ སྤྱི་ཚོགས་གཞུང་གིས་ རྒྱལ་ཡོངས་ཀྱི་ལས་དོན་ཚུ་ ལག་ལེན་འཐབ་ཨིན། མེལ་བོརན་ནང་ སྲིད་དོན་གྱི་ འགྲུལ་སྐྱོད་འདི་ སྤྱིར་བཏང་ལུ་ མཐོ་དྲགས་འབད་ཡོདཔ་དང་ མི་སྡེའི་ལས་སྣ་ཚུ་ནང་ མཉམ་རུབ་དང་གོ་བསྡུར་ཚུ་ཡང་ ཧུར་བརྩོནསྦེ་འབད་དོ་ཡོདཔ་ ཨིན།

ཁ་སྐད་ ལམ་སྲོལ་ མི་སྡེའི་མི་ཚེ་ ཆོས་ལུགས་དང་ ཐུན་མིན་ཁྱད་ཆོས།

མེལ་བོརན་ནང་ལུ་ གཙོ་བོ་ཨིང་སྐད་སླབ་མི་ཡོད། དེ་འབདཝ་ད་ ལེ་ཤ་ཅིག་གིས་ར་ མན་ཌ་རིན། གིརིསི། ཨི་ཊཱ་ལི། བེཊ་ནམ་དང་ ཨ་ར་བིཀ་ཚུ་ ཡང་སླབ་ཨིན། ཁྲོམ་ཚོགས་འདི་ ལམ་སྲོལ་གྱི་ཕྱུགཔོ་ཅིག་ཨིནམ་དང་ དེ་ཡང་ ཐད་ཀར་རོལ་ཆ་དང་ ལམ་ཟུར་སྒྱུ་རྩལ་ ཀོ་ཕི་ལམ་སྲོལ་དང་ དུས་སྟོན་ཚུ་གི་དོན་ལུ་ སྙན་གྲགས་ཅན་ཨིན། མི་སྡེའི་མི་ཚེ་འདི་ གྱང་ལམ་ཚུ་དང་ ཚོང་ཁྲོམ་ཚུ་ རྩེད་འགྲན་གྱི་མཛད་རིམ་ཚུ་ནང་ལུ་ ཡར་འཕེལ་འགྱོ་དོ་ ཡོདཔ་ཨིན། ཆོས་ལུགས་ཡང་ སྣ་ཚོགས་ཡོདཔ་ད་ ཡེ་ཤུའི་ཆོས་ལུགས་དང་ ཁ་ཆེ་ ནང་ཆོས་དང་ཧིན་དྷུའི་ཆོས་ལུགས་ཚུ་ཡང་ སྤྱོད་ལེན་འཐབ་དོ་ཡོདཔ་ཨིན། མེལ་བོརན་གྱི་དམིགས་བསལ་ཅན་གྱི་ཁྱད་ཆོས་འདི་ ཡུ་རོབ་ཀྱི་མཛེས་ཤིང་ཡིད་དུ་འོང་བ་དང་ ཡུལ་མི་ལམ་སྲོལ་གྱི་ཤུལ་ དེ་ལས་ དེང་སང་ གི་གསར་གཏོད་ཀྱི་རིག་རྩལ་ཚུ་ མཉམ་བསྲེས་འབད་དེ་ཡོད་མི་འདི་ཨིན།

གནམ་གཤིས་དང་མཐའ་འཁོར།

མེལ་བོརན་ལུ་ རྒྱ་མཚོའི་མཐའ་མཚམས་ཅན་གྱི་གནམ་གཤིས་དང་ འགྱུར་བ་སྣ་ཚོགས་ཡོད་པའི་གནམ་གཤིས་ཡོད། བྱཱར་གྱི་དུས་ཚོད་ནང་ དྲོད་ཚད་ (ཕལ་ཆེར་ ༢༦°C) ཙམ་ཡོདཔ་དང་ དགུན་གྱི་སྐབས་ལུ་ བསིལ་དྲོད་དང་ བརློན་གཤེར་ཆེ་བ་ (ཕལ་ཆེར་ ༦–༡༤°C) ཙམ་གནས་སྡོདཔ་ཨིན། འདི་ "ཉིན་གཅིག་ནང་ དུས་ཚོད་བཞི་" མྱོང་ནི་ཡོད་ཟེར་སླབ་ཨིན་པས། གནམ་གཤིས་བརྡ་མཚོན་སྤྲོད་ནི་འདི་ མགྱོགས་དྲགས་སྦེ་ སོར་སྒྱུར་འགྱོ་བཏུབ་ཨིན། ཁྲོམ་ཚོགས་འདི་གིས་ རྒྱལ་འཛིན་རྩི་ཤིང་སྐྱེ་ལྡན་གླིང་ག་དང་ ཡཱ་ར་གཙང་ཆུའི་ཞར་རྩེད་ལམ་ཚུ་དང་འདྲཝ་སྦེ་ ཁྲོམ་ཚོགས་ནང་ལུ་ རང་བཞིན་གྱིས་ཉམས་སྣང་བྱིན་མི་ སྔོ་ལྗང་གི་ས་ཁོངས་ཚུ་ལུ་ཡང་ གཙོ་བོར་བཏོནམ་ཨིན། མཐའ་འཁོར་གྱི་ཐོག་ལས་ གདོང་ལེན་ལ་ལུ་ཅིག་འདི་ ཆུའི་ཐོན་ཁུངས་ཚུ་ འཛིན་སྐྱོང་འབད་ནི་དང་ སྐྱེ་ལྡན་རིགས་སྣ་མངམ་བཟོ་ནི་ལུ་ གཙོ་བོར་བཏོན་ཏེ་ གནམ་མེད་ས་མེད་འབད་དགོཔ་ཚུ་ཨིན།

དཔལ་འབྱོར་དང་ ཚོང་འབྲེལ།

མེལ་བོརན་གྱི་དཔལ་འབྱོར་འདི་ སྣ་ཚོགས་སྦེ་ཡོདཔ་ཨིན། དེ་ཡང་ གཙོ་བོའི་ཐོན་སྐྱེད་ཚུ་ཡང་ དངུལ་འབྲེལ་དང་ བཟོ་གྲྭ་ ཤེས་རིག འཕྲོད་བསྟེན་དང་ འཕྲུལ་རིག་ཚུ་ཚུདཔ་ཨིན། འདི་ནང་ དངུལ་འབྲེལ་གྱི་ལྟེ་བ་གཙོ་བོ་ཅིག་ཨིན། མི་སྡེ་དང་ རྒྱལ་སྤྱིའི་ཚོང་ལས་ཁང་ཚུ་གི་ཡིག་ཚང་ཆགས་ས་ཨིནམ་མ་ཚད་ མེལ་བོརན་གྱི་མཚོ་ཁ་འདི་ ཨོས་ཊེ་ལི་ཡ་གི་ སྒྲོམ་ཅུང་སྐྱེལ་འདྲེན་གྱི་མཚོ་ཁ་ མགྱོགས་ཤོས་ཅིག་ཨིན། དེ་ཡང་ ཚོང་འབྲེལ་གྱི་དོན་ལུ་ གལ་གནད་ཆེ་ཤོས་ཅིག་ཨིན་པས། བལྟ་བཤལ་པ་ གསར་གཏོད་ཀྱི་ཐོན་སྐྱེད་དང་ རྒྱལ་སྤྱིའི་ཤེས་ཡོན་ཚུ་གིས་ གལ་ཆེ་བའི་ཁེ་ཕན་བྱིནམ་ཨིན། ཨེ་ཤི་ཡཱ་-པེ་སི་ ཕིག་ལུང་ཕྱོགས་ལུ་ འཛུལ་སྒོ་ཅིག་འབད་ནི་དེ་གིས་ མེལ་བོརན་གྱིས་ ཚོང་འབྲེལ་སྒྲིང་སྒྲིང་འབད་དེ་ རྒྱལ་སྤྱིའི་ནང་ར་ གཞི་བཙུགས་འདི་ གསར་གཏོད་དང་ དཔལ་འབྱོར་ཡར་འཕེལ་གྱི་སྐུལ་མ་འབདཝ་ཨིན།

གསོ་བ་དང་ཤེས་རིག།

མེལ་བོརན་གྱིས་ མི་དམངས་དང་སྒེར་གྱི་ལམ་ལུགས་ཚུ་གི་ཐོག་ལུ་ གསོ་བའི་ཞབས་ཏོག་མཆོག་འགྱུར་ཅན་སྦེ་བྱིནམ་ཨིན། དེ་ཚུ་ཡང་ རྒྱལ་འཛིན་མེལ་ བོརན་སྨན་ཁང་དང་ དི་ཨཱལ་ཕིརེཊ་ལུ་བཟུམ་མའི་ སྙན་གྲགས་ཅན་གྱི་སྨན་ཁང་ཚུ་ཡོད། འདི་གི་གསོ་བའི་ལས་སྡེ་འདི་ ཞིབ་འཚོལ་དང་ གསར་གཏོད་ ཀྱི་འགོ་ཁྲིད་པ་ཅིག་ཨིན། དེ་མ་ཚད་ ཁྲོམ་ཚོགས་འདི་ མེལ་བོརན་གཙུག་ལག་སློབ་སྡེ་དང་ མོ་ནཱཤ་གཙུག་ལག་སློབ་སྡེ་བཟུམ་གྱི་ མཐོ་རིམ་སློབ་གྲྭ་ཚུ་ ཡོད་པའི་ མཆོག་ལྡན་ཤེས་རིག་གི་ས་གནས་ཅིག་ཨིན། སློབ་གྲྭ་སྣ་ཚོགས་དང་ འཛམ་གླིང་གི་གནས་ཚད་མཐོ་བའི་ ཞིབ་འཚོལ་གཙུག་སྡེ་ཚུ་དང་གཅིག་ཁར་ མེལ་བོརན་འདི་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་གི་དོན་ལས་ ལྟེ་བ་ཅིག་ཅིག་ཨིན་པའི་ཁར་ ཤེས་རིག་གི་མཆོག་འགྱུར་གྱི་དོན་ལས་ཡང་ གཞི་བཅོལ་ས་ཅིག་ཨིན།

དཀའ་ངལ་དང་གདོང་ལེན།

མེལ་བོརན་ལུ་ སྡོད་ཁྱིམ་གྱི་རིན་གོང་སྤྲོད་ཚུགས་མི་ཚུགས་དང་ ཁྲོམ་ཚོགས་ལས་ ཕྱི་ཁར་གྱི་འཐུས་ཤོར་ དེ་ལས་ སྣུམ་འཁོར་འགྲུལ་ལམ་ཚུ་ནང་ མགྱོགས་འགྲོས་མེད་པའི་དཀའ་ངལ་ཚུ་འདུག། མི་རློབས་ཡར་འཕེལ་མགྱོགས་དྲགས་སྦེ་འགྱོ་མི་འདི་གིས་ གཞི་རྟེན་མཁོ་ཆས་དང་ མི་དམངས་ཞབས་ཏོག་ཚུ་ལུ་ ལྕི་ཆེ་སུ་ཅིག་སྦེ་ གནོན་ཤུགས་སྤྲོད་དོ་ཡོདཔ་ཨིན། མཐའ་འཁོར་གནད་དོན་ཚུ་ གནམ་གཤིས་འགྱུར་བགྲོད་དང་ ཕྱགས་སྙིགས་འཛིན་སྐྱོང་ཚུ་བརྩིས་ཏེ་ རྒྱུན་མཐུད་དེ་ དོ་སྣང་འབད་དགོཔ་ཚུ་འདུག། སྤྱི་ཚོགས་ཀྱི་འདྲ་མཉམ་མེདཔ་དང་ ཁྱིམ་མེད་སྡོད་ས་མེད་མི་ཚུ་ཡང་ སེམས་ཁར་བཞག་ དགོ་པའི་དོན་ཚན་ཚུ་ཨིན། ཡར་འཕེལ་དང་ ཡུན་བརྟན་གནས་ཚུགས་པའི་དབྱེ་དཔྱད་ སྔོ་ལྗང་གི་ས་ཁོངས་ཚུ་བདག་འཛིན་འབད་ནི་དང་ ཁྱབ་ཚད་ཅན་གྱི་ ཡར་འཕེལ་ ངེས་བརྟན་བཟོ་ནི་ཚུ་ ཁྲོམ་ཚོགས་གྱི་འཆར་གཞི་བཟོ་མི་ཚུ་དང་ སྲིད་བྱུས་བཟོ་མི་ཚུ་གིས་ འཕྲོ་མཐུད་དེ་ར་ གདོང་ལེན་འབད་དོ་ཡོད་པའི་ གནད་དོན་གཙོ་བོ་ཚུ་ཨིན།

༼སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས༽

རྒྱབ་རྟེན།

https://en.wikipedia.org/wiki/Melbourne

"https://dz.wikipedia.org/w/index.php?title=མེལ་བོརན།_Melbourn&oldid=39623" ལས་ སླར་འདྲེན་འབད་ཡོདཔ།