Jump to content

མོ་རེ་ཊེ་ནི་ཡ། Mauritania

Wikipedia ལས།
མོ་རེ་ཊེ་ནི་ཡ་གི་རྒྱལ་དར།

ངོ་སྤྲོད།

༉ མོ་རེ་ཊེ་ནི་ཡ་འདི་ བྱང་ཨཕ་རི་ཀའི་ སཱ་ཧ་ར་བྱེ་ཐང་གི་ནུབ་ཕྱོགས་ལུ་ཆགས་ཡོད་པའི་རྒྱལ་ཁབ་ཅིག་ཨིནམ་དང་ རྒྱལ་ཁབ་འདི་ རྒྱལ་རབས་གཞན་དང་མ་འདྲཝ་དང་ ལམ་སྲོལ་གྱིས་ཕྱུག་པའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་གི་རྒྱལ་ས་ལྟེ་བ་འདི་ ནུ་ཨཀ་ཤོཊ་ཟེར་སླབ་ཨིན།

སའི་རྒྱ་ཚད་དང་ས་ཆ་རིག་པ།

མོ་རེ་ཊེ་ནི་ཡ་འདི་ ནུབ་ཕྱོགས་ལས་ཨེཊ་ལཱན་ཊིག་རྒྱ་མཚོ་དང་ བྱང་དང་ཤར་ཕྱོགས་ལས་ནུབ་ཕྱོགས་སཱ་ཧ་ར་ བྱང་ཤར་གྱི་ཕྱོགས་ལས་ཨཱལ་ཇི་རི་ཡ་དང་ ཤར་ལྷོ་གི་ཕྱོགས་ལས་མཱ་ལི་ དེ་ལས་ ལྷོ་ནུབ་ཁ་ཐུག་ལས་སེ་ནི་གྷལ་གྱིས་ས་མཚམས་བཅད་དེ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་སའི་རྒྱ་ཚད་ཡོངས་བསྡོམས་ གྲུ་བཞི་ཀི་ལོ་མི་ཊར་ས་ཡ་ ༡.༠༣ ཡོདཔ་དང་ ཨཕ་རི་ཀའི་རྒྱལ་ཁབ་ནང་འཁོད་ རྒྱལ་ཁབ་སྦོམ་ཤོས་ཅིག་ཨིན།

མོ་རེ་ཊ་ནི་ཡ་གི་ས་ཁྲ།

མོ་རེ་ཊེ་ནི་ཡ་གི་ས་ཆའི་ཆགས་ཚུལ་འདི་ མང་ཤོས་ཅིག་ར་བྱེ་ཐང་དང་ ལ་ལུ་བྱེ་ཐང་ཕྱེད་སྦེ་ཡོདཔ་དང་ རྒྱལ་ཁབ་ཀྱི་ས་ཁོངས་མང་ཤོས་ཅིགཔོ་ སཱ་ཧ་ར་བྱེ་ཐང་གི་ནང་འཁོད་ལུ་ཡོདཔ་ཨིན། ས་ཁོངས་འདི་སྐམ་སའི་མཐའ་འཁོར་སྦེ་ཡོདཔ་དང་ དེ་ནང་ བྱེ་རི་དང་རྡོ་ཡོད་པའི་ལ་ཐང་ དེ་ལས་ ཚྭ་ཐང་ཚུ་ཡོདཔ་དང་ དེ་ཚུ་ནང་ལས་ཕར་ སྔོ་ཚལ་ཚུ་ཡང་ཡོདཔ་ལས་ དེ་གིས་ སོ་ནམ་གྱི་ལཱ་ཚུ་གི་དོན་ལུ་ཁག་ཆེ་བའི་ ཆུའི་ཐོན་ཁུངས་འབདཝ་ཨིན། རྒྱལ་ཁབ་འདི་གི་གནམ་གཤིས་འདི་ ཚ་དྲོད་ཆེ་དྲགས་དང་ ཧ་ཅང་གིས་ཆརཔ་ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ གནམ་བྱཱར་གྱི་དུས་ཚོད་ལུ་ དྲོད་ཤུགས་ ༤༠°C ལས་ལྷག་སྟེ་འགྱོ་དོ་ཡོདཔ་ཨིན། ཨིན་རུང་ རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ཀྱི་ས་ཁོངས་ཚུ་ནང་ དུས་ཚོད་ཀྱི་ཆརཔ་རྐྱབ་ནི་དང་ སྔོ་ཤིང་ཚུ་ཡོད་པའི་ས་ཧེ་ལི་ཡན་གྱི་གནམ་གཤིས་ཡོདཔ་ཨིན།

མོ་རེ་ཊེ་ནི་ཡ་གི་གཙང་ཆུ་གཙོ་བོ་འདི་ སེ་ནི་གྷལ་གཙང་ཆུ་འདི་ཨིནམ་དང་ གཙང་ཆུ་འདི་ དམིགས་བསལ་གྱིས་ རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ཁ་ཐུག་ལུ་ སོ་ནམ་དང་སྐྱེལ་འདྲེན་གཉིས་ཆ་རའི་དོན་ལུ་ཁག་ཆེ་ཤོས་ཅིག་ཨིན། དེ་མ་ཚད་ ས་གནས་ཀྱི་སོ་ནམ་གྱི་ལཱ་འབད་མི་མི་སྡེ་ཚུ་གི་དོན་ལུ་ ཁག་ཆེ་བའི་ གཙང་ཆུ་ཆུང་ཀུ་ཚུ་ཡོདཔ་དང་ དུས་ཚོད་དང་འཁྲིལ་བའི་ཆརཔ་ཡང་རྐྱབ་དོ་ཡོདཔ་ཨིན། དེ་བཟུམ་སྦེ་ ཨེཊ་ལཱན་ཊིག་རྒྱ་མཚོ་ཆེན་མོའི་མཐའ་མ་ལས་ཕར་ཡོད་མི་མཚོ་མཐའི་ས་ཁོངས་ཚུ་གིས་ རྒྱལ་ཁབ་འདི་ལུ་ མཚོ་ཡི་ཐོན་སྐྱེད་ཚུ་གི་མཐུན་རྐྱེན་འབད་དོ་ཡོདཔ་དང་ དམིགས་བསལ་གྱིས་ ཉ་ཚོང་གི་དཔལ་འབྱོར་གྱི་ཕན་ཐོགས་སྦོམ་སྦེ་ར་བྱུང་སྟེ་ཡོདཔ་ཨིན།

མོ་རེ་ཊེ་ནི་ཡ་འདི་སྐམ་ས་ཅིག་ཨིན་རུང་ རྒྱལ་ཁབ་འདི་ལུ་ སེ་ནི་གྷལ་གྱི་གཙང་ཆུ་རྩ་བ་ལས་ཕར་དང་ སྔོ་ཤིང་ཡོད་སའི་ས་ཁོངས་ཚུ་ལས་ཕར་ སོ་ནམ་གྱི་ལཱ་འབད་བཏུབ་པའི་ས་བཅུད་ཅན་ཚུ་ཡོདཔ་དང་ ས་ཁོངས་འདི་ཚུ་ འཚོ་བ་སོ་ནམ་གྱི་ལཱ་དང་གྲོང་གསེབ་ཀྱི་གནས་སྟངས་ཀྱི་དོན་ལུ་  གནད་འགག་ཅན་ཅིག་ཨིནམ་དང་  འདི་གྲོང་གསེབ་དཔལ་འབྱོར་གྱི་རྟེན་གཞི་ཡང་ཨིན།

མི་རློབས་དང་མི་རིགས།

མོ་རེ་ཊེ་ནི་ཡ་ལུ་ མི་རློབས་ས་ཡ་ ༤.༥ དེ་ཅིག་ཡོདཔ་དང་ མི་རིགས་སྡེ་ཚན་མ་འདྲཝ་ཚུ་ཡོདཔ་ཨིན། མི་རིགས་སྡེ་ཚན་མ་འདྲཝ་ཚུ་ཡང་ མཱུརསི་ ཕུ་ལ་ནི་ ཝོ་ལོཕ་ སོ་ནིན་ཀེ་ བམ་བ་ར་ཚུ་ཨིན། མི་རིགས་སྡེ་ཚན་མ་འདྲཝ་འདི་ཚུ་གི་ནང་ལས་ ཡོངས་གྲགས་ཅན་འདི་ མཱུརསི་ ཡང་ན་ བི་དྷཱན་ཟེར་མི་འདི་ཨིནམ་དང་ རྒྱལ་ཁབ་ཀྱི་མི་རློབས་བརྒྱ་ཆ་ ༧༠ དེ་ཅིག་ག་ར་མཱུརསི་འདི་ཨིན། མཱུརསི་ཟེར་མི་འདི་ སྤྱིར་བཏང་ལུ་ ཨ་རབ་དང་བར་བར་གྱི་མི་རིགས་སྡེ་ཚན་སླ་བསྲེས་ཏེ་ཡོད་མི་མི་རིགས་ཅིག། རྒྱལ་ཁབ་འདི་ནང་གི་མི་རློབས་མང་ཤོས་ཅིག་ རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ཁ་ཐུག་ སེ་ནི་གྷལ་གཙང་ཆུ་གི་ཉེ་འདབས་ལུ་གནས་ཏེ་ཡོདཔ་དང་ མི་རིགས་འདི་ཚུ་གཙོ་བོ་སྒོ་ནོར་གསོ་སྐྱོང་དང་སོ་ནམ་གྱི་ལཱ་འབད་དོ་ཡོདཔ་ལས་ གྲོང་གསེབ་ཀྱི་གནས་སྟངས་སྦེ་གནས་ཏེ་ཡོདཔ་ཨིན། ཨིན་རུང་ འདས་པའི་ལོ་ཚུ་ནང་ དེ་ཚུ་མང་རབས་གཅིག་གིས་ཁྲོམ་ཁར་གཞིས་ཆགས་ནི་འགོ་བཙུགས་ཏེ་ཡོདཔ་ཨིན།

མོ་རེ་ཊེ་ནི་ཡ་གི་མི་ཕལ་ཆེ་བ་ཅིག་ མུཛ་ལིམ་ ཡང་ན་ ཁ་ཆེཔ་ཚུ་ཨིནམ་དང་ ཁ་ཆེའི་ཆོས་ལུགས་འདི་ ཁོང་རའི་མི་ཚེ་འཚོ་སྐྱོང་ནང་ཁག་ཆེ་ཤོས་ཅིག་ཨིན། རྒྱལ་ཁབ་འདི་ ཁ་ཆེའི་ཆོས་ལུགས་ཀྱི་སྤྱི་མཐུན་རྒྱལ་ཁབ་ཅིག་ཨིནམ་ལས་ ཁྲིམས་ལུགས་ཚུ་ནང་ ཁ་ཆེའི་ཆོས་ལུགས་ཀྱི་ཁྲིམས་ལུགས་ (ཤ་རི་ཡ་) གི་ཆ་ཤས་གཙོ་བོ་ཚུ་མཉམ་སྡེབ་འབད་དེ་ཡོདཔ་ཨིན། དེ་བཟུམ་སྦེ་ རྒྱལ་ཁབ་འདི་ ཁ་ཆེའི་ཆོས་ལུགས་ཀྱི་སྔར་སྲོལ་ཚུ་མཁས་སྦྱོང་འབད་སའི་ས་ཁོངས་འོས་ལྡན་ཅིག་ཨིནམ་དང་ དེ་གི་ནང་ལས་དམིགས་བསལ་གྱིས་ ཁྲིམས་ལུགས་དང་ཆོས་ལུགས་རིག་པ་ དེ་ལས་ ཤེས་རིག་གི་ས་ཁོངས་ཚུ་ནང་ཨིན།

རྒྱལ་ཁབ་ཀྱི་རིང་ལུགས།

མོ་རེ་ཊེ་ནི་ཡ་གི་རྒྱལ་ཁབ་འདི་ སྲིད་འཛིན་གྱིས་དབང་བའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཨིནམ་དང་ སྲིད་འཛིན་འདི་ རྒྱལ་ཁབ་དང་གཞུང་གཉིས་ཆ་རའི་དབུ་ཁྲིདཔ་ཨིན། གཞུང་གི་སྲིད་དོན་ལམ་ལུགས་དེ་ སྤྱི་ལོ་ ༡༩༩༡ ལུ་ཆ་འཇོག་འབད་མི་ རྩ་ཁྲིམས་ཆེན་མོ་ལུ་གཞི་བཞག་སྟེ་ཡོད་པའི་ སྲིད་ཚོགས་སྣ་ཚོགས་ཀྱི་དམངས་གཙོའི་རིང་ལུགས་ཟེར་བཀོད་དེ་ཡོདཔ་ཨིན།

མོ་རེ་ཊེ་ནི་ཡའི་གཞུང་གི་གཞི་བཀོད་ནང་ འཛིན་སྐྱོང་དང་ཁྲིམས་བཟོ་ དེ་ལས་ དྲང་ཁྲིམས་ལྷན་སྡེ་ཚུ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་སྲིད་འཛིན་འདི་ ལོ་ལྔ་གི་དོན་ལུ་ བཙག་འཐུ་འབད་དོ་ཡོདཔ་དང་ སྲིད་འཛིན་ལུ་ བློན་པོ་དང་དྲང་དཔོན་ཚུ་བསྐོ་བཞག་འབད་ནི་གི་དབང་ཚད་ཧྲིལ་བུམ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་རྒྱལ་ཡོངས་ཚོགས་འདུ་འདི་ རྒྱལ་ཁབ་ཀྱི་ཁྲིམས་བཟོ་ལྷན་སྡེ་འདི་ཨིནམ་དང་ འདི་ནང་མི་སེར་ཚུ་གིས་ལོ་ལྔའི་རིང་བཙག་འཐུ་འབད་ཡོད་པའི་འཐུས་མི་ ༡༥༧ ཡོདཔ་ཨིན། དེ་མ་ཚད་ འདི་ནང་ སྤྱི་ལོ་ ༢༠༠༦ ལུ་ མཚམས་འཇོག་འབད་དེ་ཤུལ་ལས་ སྤྱི་ལོ་ ༢༠༡༢ ལུ་ ལོག་སྟེ་གཞི་བཙུགས་འབད་མི་ ཁྲིམས་བཟོ་ཚོགས་སྡེ་ཅིག་ཡང་ཡོདཔ་ཨིན། དེ་ལས་ དྲང་ཁྲིམས་ལྷན་སྡེ་གི་ཐད་ལུ་ ལྷན་སྡེ་འདི་རང་དབང་ཅན་ཅིག་ཨིན་རུང་ འཕྲལ་འཕྲལ་ར་ ཁ་ཆེའི་ཆོས་ལུགས་ཀྱི་ཁྲིམས་ལུགས་དང་འབྲེལ་བའི་གནད་དོན་ཚུ་ལུ་  ཁྲིམས་བཟོ་ལྷན་སྡེ་གིས་བཀོད་ཁྱབ་འབདཝ་ཨིན།

མོ་རེ་ཊེ་ནི་ཡའི་རྒྱལ་ཁབ་ནང་ཧེ་མ་ དྲག་སྡེ་གིས་བཙན་དབང་གཞུང་གཟུང་ལེ་ཤ་ར་བྱུང་སྟེ་ སྲིད་དོན་གྱི་རིང་ལུགས་བརྟན་ཏོག་ཏོ་མེད་པའི་གནས་སྟངས་ལེ་ཤ་ར་ཉམས་མྱོང་འབད་ཡོདཔ་དང་ ད་ལྟོའི་བྱུང་རབས་གནས་སྟངས་འདི་ཡང་ འདི་ལས་བརྟེན་བྱུང་སྟེ་ཡོདཔ་ཨིན། རྒྱལ་ཁབ་འདི་གིས་ སྤྱི་ལོ་ ༡༩༦༠ ལུ་ ཕཱརན་སི་ལས་རང་དབང་ཐོབ་པའི་ཤུལ་ལས་ དྲག་སྡེའི་གཞུང་སྐྱོང་ལས་ དམངས་གཙོའི་གཞུང་ལ་སོགས་པའི་སོར་སྒྱུར་གྱི་འབྱུང་རིམ་ལེ་ཤ་མྱོངས་ཡོདཔ་ཨིན། དེ་བཟུམ་མའི་དྲག་སྡེ་གིས་བཙན་དབང་གཞུང་གཟུང་འདི་མཇུག་ སྤྱི་ལོ་ ༢༠༠༨ ལུ་བྱུང་ཡོདཔ་དང་ འདེ་ཅིག་གི་དུས་ཚོད་ནང་ མོ་རེ་ཊེ་ནི་ཡ་གི་རྒྱལ་ཁབ་འདི་ ལོག་དམངས་གཙོའི་གཞུང་ལུ་བསྒྱུར་ཏེ་ དེ་ལས་ཚུར་ དུས་རྒྱུན་གྱི་བཙག་འཐུ་ཚུ་ འགོ་འདྲེན་འཐབ་སྟེ་ཡོདཔ་ཨིན།

སྐད་ཡིག་དང་ལམ་སྲོལ།

ཨ་ར་བིག་འདི་ མོ་རེ་ཊེ་ནི་ཡ་གི་གཞུང་འབྲེལ་སྐད་ཡིག་ཨིནམ་དང་ དེང་སང་གི་ཚད་ལྡན་ཨ་ར་བིག་འདི་ གཞུང་དང་ཤེས་རིག་ དེ་ལས་ བརྡ་བརྒྱུད་ཚུ་ནང་ ལག་ལེན་འཐབ་དོ་ཡོདཔ་ཨིན། ཨིན་རུང་ མི་རློབས་མང་ཤོས་ཅིག་གིས་ ཉིན་བསྟར་གྱི་བརྒྱུད་འབྲེལ་ནང་ མག་རེབ་ལུང་ཕྱོགས་ནང་ཐུན་མོང་མ་ཡིན་པ་ཅིག་ཨིན་མི་ ཨ་ར་བིག་གི་སྐད་ཡིག་ ཧ་ས་ནི་ཡ་འདི་སླབ་དོ་ཡོདཔ་ཨིན། དེ་མ་ཚད་ ཧེ་མའི་དབང་འོག་རྒྱལ་ཁབ་ཀྱི་སྐད་ཡིག་ ཕེརེནཆི་གི་སྐད་ཡིག་ཡང་ དམིགས་བསལ་གྱིས་ ཁྲོམ་ཚོགས་ཚུ་ནང་ལུ་ཁྱབ་ཆེཝ་སྦེ་སླབ་དོ་ཡོདཔ་མ་ཚད་ ཚོང་འབྲེལ་དང་མཐོ་རིམ་ཤེས་ཡོན་ནང་ལུ་ཡང་ ལག་ལེན་འཐབ་དོ་ཡོདཔ་ཨིན།

ཨ་ར་བིག་གི་ཁ་སྐོང་ལུ་ མོ་རེ་ཊེ་ནི་ཡའི་མི་མང་ཤོས་ཅིག་གིས་ དེ་གི་ནང་ལས་ དམིགས་བསལ་གྱིས་ ཨཕ་རི་ཀ་གི་མི་རིགས་གནགཔོ་ཚུ་གིས་ ས་གནས་ཀྱི་ཁ་སྐད་ཚུ་སླབ་དོ་ཡོདཔ་ཨིན། ས་གནས་ཀྱི་ཁ་སྐད་ཚུ་ཡང་ པུ་ལཱར་ སོ་ནིན་ཀེ་དང་ ཝོ་ལོཕ་ཚུ་ཨིནམ་དང་ སྐད་ཡིག་འདི་ཚུ་ ལམ་སྲོལ་གྱི་ངོ་རྟགས་བདག་འཛིན་འཐབ་ནིའི་དོན་ལུ་ ཁག་ཆེཝ་ཅིག་ཨིནམ་ལས་ མི་རིགས་འདི་ཚུ་ཡོད་སའི་ལུང་ཕྱོགས་ཚུ་ནང་ ཉིན་བསྟར་གྱི་མི་ཚེ་ནང་ སྐད་ཡིག་འདི་ཚུ་ལག་ལེན་འཐབ་དོ་ཡོདཔ་ཨིན།

མོ་རེ་ཊེ་ནི་ཡ་གི་ལམ་སྲོལ་འདི་ ཁ་ཆེའི་ཆོས་ལུགས་ཀྱི་ཤན་ཞུགས་སྦོམ་ཡོདཔ་ལས་ རང་ལུགས་ཀྱི་སྙན་ཆ་དང་རྩོམ་རིག་ དེ་ལས་ སྒྱུ་རྩལ་ཚུ་གིས་ ཁ་ཆེའི་ཆོས་ལུགས་ཀྱི་བརྗོད་དོན་ཚུ་གསལ་སྟོན་འབདཝ་ཨིན། རྒྱལ་ཁབ་འདི་གི་སྙན་རྩོམ་འདི་ མི་རབས་སྦེ་བརྒྱུད་དེ་ཡོདཔ་དང་ ངག་ཐོག་རྩོམ་རིག་ཚུ་ལས་ དམིགས་བསལ་གྱིས་ སྒྲུང་གཏམ་གྱི་སྙན་རྩོམ་ཚུ་བཟླས་བརྗོད་འབད་ནི་འདི་ ལམ་སྲོལ་གྱི་ལག་ལེན་གལ་ཅན་ཅིག་ཨིན། མོ་རེ་ཊེ་ནི་ཡ་གི་སྙན་ཆ་གི་ཐད་ལུ་ རང་ལུགས་ཀྱི་སྙན་ཆས་ ཊི་ཌི་ནིཊ་ ༼ཐགཔ་སྤྲིངས་ཡོད་པའི་སྒྲ་སྙན་བཟུམ་༽ དང་ བེན་ཌིར་ ༼བང་རྔ་༽ དེ་ལས་ སྒྲ་སྙན་ཚུ་ལག་ལེན་འཐབ་དོ་ཡོདཔ་ཨིན། དེ་བཟུམ་སྦེ་ ད་རེས་ནངས་པ་ཁྲོམ་ཁ་ལས་ཕར་ དེང་སང་གི་ཞབས་ཁྲ་དང་སྙན་ཆ་ཚུ་ཡང་ ཡོངས་གྲགས་ཐོན་ཏེ་ཡོདཔ་ཨིན།

མོ་རེ་ཊེ་ནི་ཡ་ལུ་ བཞེས་སྒོ་གི་ལམ་སྲོལ་ཡང་ཕྱུགཔོ་ཡོདཔ་དང་ དེ་ཡང་ གཙོ་བོ་ཆུམ་དང་མོན་བྱཱ་ ཀར་གྱི་བཞེས་སྒོའི་རིགས་ཚུ་འོངམ་ཨིན། དེ་ལས་ སྔར་སྲོལ་གྱི་བཞེས་སྒོ་ཚུ་ཡང་ མེ་ཅོའི་ཟེར་ ལུག་གི་ཤ་བསྲེགས་བསྲེགསཔ་དང་ ཐི་བའོ་ཌི་ཎི་ཟེར་ ཆུམ་དང་ཉ་སླ་བསྲེས་ཏེ་ཡེད་པའི་བཞེས་སྒོ་ཚུ་ཨིན། ཟ་འཐུང་གི་ལམ་སྲོལ་འདི་གིས་ རྒྱལ་ཁབ་འདི་ནང་ དུས་རབས་ལས་བཅད་དེ་གནས་ཏེ་ཡོད་མི་ གཞིས་སྤོ་སྟེ་སོ་ནམ་གྱི་མི་ཚེ་གནས་སྟངས་སྐྱོང་མི་སྡོད་མི་ མོ་རེ་ཊེ་ནི་ཡ་གི་སྲོལ་ཁྱུན་དེ་གསལ་སྟོན་འབདཝ་ཨིན།

དཔལ་འབྱོར་དང་ཚོང་འབྲེལ།

མོ་རེ་ཊེ་ནི་ཡ་ལུ་ དཔལ་འབྱོར་གྱི་ཐོན་སྐྱེད་ཕྱུགཔོ་ཡོདཔ་དང་ གཙོ་བོ་ས་གཏེར་དང་སོ་ནམ་གྱི་བཟོ་གྲྭ་ཁག་ཚུ་ཨིན། རྒྱལ་ཁབ་འདི་འཛམ་གླིང་ནང་ ལྕགས་རྡོ་བཟོ་སྐྲུན་འབད་མི་སྦོམ་ཤོས་ཅིག་ཡང་ཨིནམ་དང་ ས་གཏེར་ལས་སྡེ་གིས་ རྒྱལ་ཡོངས་ནང་འཁོད་ཡོངས་འབོར་དང་ ཕྱིར་ཚོང་གི་འོང་འབབ་ཀྱི་ཆ་ཤས་སྦོམ་བཟུང་སྟེ་ཡོདཔ་ཨིན། གཞན་ཡང་ ཟངས་དང་གསེར་ དེ་ལས་ ཕོསི་ཕེཊ་ལ་སོགས་པའི་གཏེར་རྫས་ཚུ་འཐོན་དོ་ཡོདཔ་ཨིན།

དེ་བཟུམ་སྦེ་ རྒྱལ་ཁབ་འདི་ནང་ བཟོ་གྲྭ་ཅིགཔོ་འདི་ཉ་གཟུང་ནི་འདི་ཨིནམ་དང་ མོ་རེ་ཊེ་ནི་ཡ་ལུ་ ཨེཊ་ལཱན་ཊིག་རྒྱ་མཚོ་ཆེན་མོའི་ནང་ ཉ་གཟུང་སའི་ས་ཁོངས་ཕྱུག་ཤོས་ཚུ་ཡོདཔ་ཨིན། རྒྱལ་ཁབ་འདི་གིས་ ཉ་དང་མཚོ་ཟས་ཚུ་ རྒྱལ་སྤྱིའི་ཚོང་འབྲེལ་ནང་ཕྱིར་ཚོང་འབད་དོ་ཡོདཔ་དང་ དམིགས་བསལ་གྱིས་ ཡུ་རོབ་ལུ་ཕྱིར་ཚོང་འཐབ་ཨིན།

མོ་རེ་ཊེ་ནི་ཡ་གི་སོ་ནམ་གྱི་ཐད་ལུ་ གོང་འཕེལ་ཉུང་སུ་ལས་བརྒལ་མེད་རུང་ དམིགས་བསལ་གྱིས་སོ་ནམ་གྱི་ལཱ་འདི་ ལྷོ་ཕྱོགས་ལུང་ཕྱོགས་ཚུ་ནང་ ཟ་འཐུང་ཉེན་སྲུང་གི་དོན་ལུ་ གལ་ཆེ་ཤོས་ཅིག་ཨིན། རྒྱལ་ཁབ་འདི་ནང་ སེ་ནི་གྷལ་གཙང་ཆུའི་ལུང་གཤོང་འདི་ རེད་དང་མོན་བྱཱ་ དེ་ལས་ཚོད་བསྲེ་ཚུ་འཛུགས་སྐྱོང་འབད་སའི་ རྒྱལ་ཁབ་ཀྱི་སོ་ནམ་གྱི་ས་ཁོངས་གཙོ་བོ་ཅིག་ཨིན། ཨིན་རུང་ ཆརཔ་ཉུང་སུ་དང་སའི་བཅུད་ཉམས་ དེ་ལས་ བྱེ་མའི་ཐང་སྒྱུར་ཚུ་ལུ་བརྟེན་ སོ་ནམ་གྱི་ལཱ་ལུ་གདོང་ལེན་འབྱུང་དོ་ཡོདཔ་ཨིན།

དཀའ་ངལ་དང་གདོང་ལེན།

མོ་རེ་ཊེ་ནི་ཡའི་རྒྱལ་ཁབ་ཀྱི་གོང་འཕེལ་གནས་སྟངས་ལུ་ གདོང་ལེན་བྱིན་མི་གནད་དོན་ལེ་ཤ་ར་ཡོདཔ་དང་ དེ་ཡང་ སྲིད་དོན་བརྟན་ཏོག་ཏོ་མེད་མི་དང་ འགྲོ་བ་མིའི་ཐོབ་དབང་གི་གནད་དོན་ དེ་ལས་ དཔལ་འབྱོར་གྱི་གནད་དོན་ཚུ་ཨིན། འདི་གི་ནང་ལས་ གདོང་ལེན་གཙོ་བོ་འདི་ བྲན་གཡོག་གི་ལམ་ལུགས་འདི་ཨིན། སྤྱི་ལོ་ ༡༩༨༡ ལུ་ བྲན་གཡོག་གི་ལམ་ལུགས་འདི་རྩ་མེད་བཏང་ཡོདཔ་ཨིན་རུང་ རྒྱལ་ཁབ་ཀྱི་གནས་སྟངས་ལ་ལུ་ཅིག་ནང་ འཕྲོ་མཐུད་དེ་ར་གནས་ཏེ་ཡོདཔ་དང་ དེ་ནང་ལས་ མོ་རེ་ཊེ་ནི་ཡ་གི་མི་རིགས་གནགཔོ་ཚུ་གིས་ མི་སྡེ་དང་དཔལ་འབྱོར་གྱི་ཉེ་རིང་དང་ཕྱོགས་རིས་ཀྱི་དཀའ་ངལ་ཚུ་མྱོངས་སྟེ་ཡོདཔ་ཨིན།  

གདོང་ལེན་གཞན་མི་དེ་ རྒྱལ་ཁབ་ནང་ གནམ་གཤིས་འགྱུར་བགྲོད་ཀྱི་ཉེན་ཁ་ཡོད་མི་དེ་ཨིན། དེ་ཡང་ གནམ་གཤིས་འགྱུར་བགྲོད་ལས་བརྟེན་ རྒྱལ་ཁབ་ཀྱི་ས་གཞི་བྱེ་ཐང་ལུ་སྒྱུར་སོར་དང་ ཆུ་རུད་ཚུ་འཕྲལ་འཕྲལ་ར་འབྱུང་ནི་ དེ་ལས་ ཆུ་མ་ལངས་པའི་དཀའ་ངལ་ཚུ་བྱུང་སྟེ་ དེ་གིས་ སོ་ནམ་དང་ཟ་འཐུང་གི་ཉེན་སྲུང་ལུ་ ཉེན་ཁ་བཀལ་ཏེ་ཡོདཔ་ཨིན། དེ་བཟུམ་སྦེ་ ཆརཔ་རྐྱབ་ནི་མེད་པའི་དཀའ་ངལ་ཡང་ འཕྲལ་འཕྲལ་ར་བྱུང་སྟེ་ དཀའ་ངལ་འདི་ཧེང་སྐལ་ར་འཚུབ་དྲགས་བཟོ་སྟེ་ཡོདཔ་དང་ མོ་རེ་ཊེ་ནི་ཡ་གི་མི་ཚུ་གིས་སོ་ནམ་གྱི་ལཱ་འབད་བའི་སྐབས་ འགྱུར་བ་དེ་ཚུ་དང་མཐུན་སྒྲིག་འབད་མ་ཚུགས་པའི་གདོང་ལེན་བྱུང་སྟེ་ཡོདཔ་ཨིན།

དེ་བཟུམ་སྦེ་ མོ་རེ་ཊེ་ནི་ཡའི་རྒྱལ་ཁབ་ལུ་ཐོན་ཁུངས་ལེ་ཤ་ཡོད་རུང་ རྒྱལ་ཁབ་འདི་ལུ་ དབུལ་ཕོངས་ཀྱི་དཀའ་ངལ་དང་ ལཱ་གཡོག་མེད་པའི་དཀའ་ངལ་ གནས་ཚད་མཐོ་དྲགས་སྦེ་གདོང་ལེན་བྱུང་སྟེ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་ཤེས་རིག་དང་གསོ་བའི་ཞབས་ཏོག་ལམ་ལུགས་ཚུ་ལུ་ཡང་ མ་དངུལ་མ་ལངས་པར་ཡོདཔ་དང་ དམིགས་བསལ་གྱིས་ གྲོང་གསེབ་ས་ཁོངས་ཚུ་ནང་ སྤུས་ཚད་ཅན་གྱི་ཞབས་ཏོག་ཚུ་ ཚད་ལས་བརྒལ་འཐོབ་མ་ཚུགས་པར་ཡོདཔ་ཨིན།


  Pazzanita, A. G. (2008). Historical dictionary of Mauritania (3rd ed.). Scarecrow Press.

  Ould Mohameden, A. (2011). Mauritania: State and society in transition. L’Harmattan.

  Shinn, D. H., & Eisenstadt, M. (2013). Africa and the Middle East: Developments and challenges in Mauritania. Routledge