ཚེས་ཆེན་བཅོ་ལྔའི་ཟླ་བ། ༼རྫོང་ཁའི་ཞབས་ཁྲ།༽
༉ ཚེས་ཆེན་བཅོ་ལྔའི་ཟླ་བ།། ཤར་རིའི་རྩེ་ནས་ཤར་སོང་།། ཤར་རིའི་རྩེ་ནས་ཤར་ནས།། འགྲོ་བའི་མུན་པ་སེལ་སོང་།། འགྲོ་བའི་མུན་པ་སེལ་ནས།། དགའ་བ་སྐྱིད་པ་འདུག་གོ། དགའ་སྐྱིད་ཕུན་སུམ་ཚོགས་པའི།། རྟེན་འབྲེལ་འདི་ལ་བཟང་སོང་།། གསེར་གླིང་གྲུ་བཞིའི་ནང་ལས།། གསེར་གྱི་མེ་ཏོག་ཤར་སོང་།། གསེར་གྱི་མེ་ཏོག་ཤར་ནས།། ཕུལ་ས་བླ་མའི་ཕྱག་ལ།། བླ་མའི་ཕྱག་ལ་ཕུལ་ནས།། ཆོས་ཀྱི་བསྟན་པ་དར་སོང་།། དངུལ་གླིང་གྲུ་བཞི་ནང་ལས།། དངུལ་གྱི་མེ་ཏོག་ཤར་སོང་།། དངུལ་གྱི་མེ་ཏོག་ཤར་ནས།། ཕུལ་ས་རྒྱལ་པོའི་ཕྱག་ལ།། རྒྱལ་པོའི་ཕྱག་ལ་ཕུལ་ནས།། རྒྱལ་སྲིད་བསྟན་པ་དར་སོང་།། དུང་གླིང་གྲུ་བཞིའི་ནང་ལས།། དུང་གི་མེ་ཏོག་ཤར་སོང་།། དུང་གི་མེ་ཏོག་ཤར་ནས།། ཕུལ་ས་ཡབ་ཡུམ་ཕྱག་ལ།། ཡབ་ཡུམ་ཕྱག་ལ་ཕུལ་ནས།། བྱམས་བརྩེ་སྔར་ལས་རྒྱས་སོང་།། ཕ་རིའི་སྤང་གི་ལོག་ལ།།ཧ་ལོའི་མེ་ཏོག་ཤར་སོང་།། ཧ་ལོའི་མེ་ཏོག་ཤར་ནས།། ཕུལ་ས་དགའ་བའི་ཕྱག་ལ།། དགའ་བའི་ཕྱག་ལ་ཕུལ་ནས།། དམ་ཚིག་སྔར་ལས་བརྟན་སོང་།། །།