ཚེས་བཟང་དུས་བཟང་གཞན་གྱི་སྐོར།
དེ་ཡང་ཟླཝ་ཤར་ཚད་ཀྱི་ཚེས་བརྒྱད་ལུ་ སངས་རྒྱས་སྨན་བླའི་དུས་ཆེན་ཨིན། འདི་སྐབས་སངས་རྒྱས་དེ་ལུ་གསོལ་བ་བཏབ་སྟེ་ སྨན་ལྷ་ཆོ་ག་དང་ སྨན་གཟུངས་འདོན་པ་ཅིན་ ནད་རིགས་བཞི་བརྒྱ་རྩ་བཞི་ཐམས་ཅད་ཞི་བ་དང་། རྐྱེན་ཉིས་ཁྲི་ཆིག་སྟོང་ཚུ་ཡང་བཟློག་ནི་ཨིན།
ཟླཝ་ཐོན་ཚད་ཀྱི་ཚེས་བཅུ་ ཡོངས་རྫོགས་གུ་རུ་རིན་པོ་ཆེའི་དུས་ཆེན་ཨིན། འདི་སྐབས་གུ་རུ་རིན་པོ་ཆེར་གསོལ་བ་བཏབ་སྟེ་ཚོགས་འཁོར་ཕུལ་ བཛྲ་གུ་རུ་བགྱང་པ་ཅིན་ ཚེ་འདིའི་འགལ་རྐྱེན་བར་ཆད་ག་ར་ཞི་བ་དང་ ཕྱི་མ་པདྨ་འོད་ཀྱི་ཕོ་བྲང་དུ་སྐྱེ་ནི་ཨིན།
ཚེས་བཅོ་ལྔ་ཡོངས་རྫོགས་ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་དུས་ཆེན་ཨིན། འདི་སྐབས་ལུ༌སངས་རྒྱས་དེ་ལུ་གསོལ་བ་བཏབ་སྟེ་ འོད་ཆོག་དང་བསྙུང་གནས་སྲུང་ ཨ་མི་དྷེ་བ་བགྱངས་པ་ཅིན་ ཚེ་འདི་ལུ་ནད་གདོན་སྡིག་སྒྲིབ་ག༌ར༌བྱང་སྟེ་ ཕྱི་མ་ནུབ་ཕྱོགས་བདེ་བ་ཅན་ལུ་སྐྱེ་ནི་ཨིན།
ཉེར་ལྔ་བྱུང་ཚད་ མར་ངོའི་ཚེས་བཅུ་ཟེར་མཁའ་འགྲོའི་དུས་ཆེན་ཨིན། དེ་སྐབས་ཚོགས་འཁོར་བསྐོར་ཏེ་ ཚོགས་གསོག་སྒྲིབ་སྦྱོང་འབད་བ་ཅིན་ དངོས་གྲུབ་སྣ་ཚོགས་ཐོབ་ཅིང་ ཕྲིན་ལས་མ་ལུས་འགྲུབ་པ་དང་ ཕྱི་མར་དག་པའི་ཞིང་ཁམས་སུ་སྐྱེ་ནི་ཨིན།
གནམ་སྒང་ཐོན་ཚད་ སངས་རྒྱས་ཀྱི་དུས་ཆེན་ཨིན། དེ་སྐབས་སངས་རྒྱས་ལུ་གསོལ་བ་བཏབ་སྟེ་ ཚོགས་གསོག་སྒྲིབ་སྦྱོང་འབད་བ་ཅིན་ ལས་སྒྲིབ་དག་སྟེ་སངས་རྒྱས་ཀྱི་གོ་འཕང་འཐོབ་ནི་ཨིན།
དེ་བཟུམ་མའི་ཚེས་བཟང་ དུས་བཟང་ཚུ་ནང་ རྟེན་བཟང་པོ་ལུ་ཕྱག་དང་བསྐོར་བ་ མཆོད་པ་ཕུལ་ནི་ལ་སོགས་པ་དགེ་བའི་ལཱ་ག་ཅི་ར་འབད་རུང་ དུས་ཚོད་གཞན་ཁར་འབད་མི་ལས་ ཕན་ཡོན་བརྒྱ་འགྱུར་གྱི་ལྷག་པར་ཡོདཔ་སྦེ་གསུངས༌ཏེ༌ཡོད། དེ༌བཟུམ༌སྦེ༌ སྡིག༌པའི༌ལཱ༌འབད༌རུང༌ སྡིག༌པའི༌ཉེས༌དམིགས༌ཡང༌བརྒྱ༌འགྱུར༌གྱིས༌ལྷགཔ༌སྦེ༌འགྱོ༌ནི༌ཨིནམ༌ལས༌ ག་ར་སྡིག་པའི་ལཱ་སྤངས་ཏེ་ དགེ༌བའི་ལཱ་ལུ་བརྩོན༌གནང་ཟེར་ཞུ་ནི་ཨིན་ནོ།། །།