Jump to content

ཝི་ལ་ནུའེ་ཝ་གི་སྐོར། Villa Nueva

Wikipedia ལས།

༉ ཝི་ལ་ནུའེ་ཝ་ཟེར་མི་འདི་ གཞུང་འབྲེལ་དུ་ སི་ཡུ་ཌཌ་ཌི་ཝི་ལ་ནུའེ་ཝ་ཟེར་སླབ་ཨིན། ཁྲོམ་ཚོགས་འདི་ གུ་ཝ་ཊི་མ་ལ་ཁྲོམ་གྱི་ལྷོ་ཕྱོགས་ལུ་ ཀི་ལོ་མི་ཊར་ ༡༦ དེ་ཅིག་གི་ས་ཁར་ཆགས་ཏེ་ཡོད་མི་ གུ་ཝ་ཊི་མ་ལ་ཁྲོམ་གྱི་ ཁྲོམ་ཆེན་ས་ཁོངས་ཀྱི་ ཆ་ཤས་གཙོ་བོ་ཅིག་ཡང་ཨིན། རྒྱལ་རབས་ཀྱི་རྒྱབ་ཁུངས་ཕྱུགཔོ་དང་ མི་རློབས་མ་འདྲཝ་ དེ་ལས་ དཔལ་འབྱོར་གྱི་ལས་སྣ་གལ་ཅན་ཚུ་ཡོད་པའི་ ཝི་ལ་ནུའེ་ཝ་འདི་ ལུང་ཕྱོགས་འདི་ནང་ ཁྲོམ་ཚོགས་ལྟེ་བ་གལ་ཅན་ཅིག་ཨིན།

ཝི་ལ་ནུ་ཝ་འདི་ གུ་ཝ་ཊི་མ་ལ་གི་ལས་ཁུངས་ནང་ གུ་ཝ་ཊི་མ་ལ་ཁྲོམ་གྱི་ཤུལ་ལས་ ཁྲོམ་ཚོགས་སྦོམ་ཤོས་གཉིས་པ་ཨིན་མས། སྤྱི་ལོ་ ༢༠༡༨ ཀྱི་མི་རྩིས་དང་འཁྲིལཝ་ད་ ཁྲོམ་འདི་ནང་ མི་རློབས་ ༦༡༨,༣༩༧ ཡོདཔ་ལས་ མི་རློབས་མཐུག་པོ་ཡོད་པའི་ ཁྲོམ་གྱི་ས་ཁོངས་ཅིག་སྦེ་ གནས་ཏེ་ཡོདཔ་ཨིན། ཝི་ཀི་པི་ཌི་ཡ། [༡]ཟེར་བཀོད་ནུག། ཝི་ལ་ནུའེ་ཝ་གི་མི་རློབས་འདི་ སྣ་ཚོགས་ཅན་གྱི་མི་རིགས་ཡོདཔ་ལས་ མང་ཤོས་ཅིག་ར་ མེསི་ཊི་ཛོས་ (ཡུ་རོབ་དང་ ས་གནས་ཀྱི་མི་རྒྱུད་སླ་བསྲེ་) འདི་གི་ཤུལ་ལས་ ངོ་མ་ར་ མ་ཡན་གི་རིགས་རྒྱུད་ལས་ ས་གནས་ཀྱི་མི་ཁུངས་ཚུ་ཨིན་མས། འ་ནཱི་སྣ་མང་ལམ་སྲོལ་གྱི་བཟོ་རྣམ་འདི་གིས་ ཁྲོམ་གྱི་སྐད་ཡིག་དང་ལམ་སྲོལ་ དེ་ལས་ བཞེས་སྒོ་ཚུ་ནང་ལས་ཕར་ གསལ་ཏོག་ཏོ་སྦེ་མཐོང་མི་ ལམ་སྲོལ་གྱི་མཛེས་རྒྱན་ཕྱུགཔོ་འདི་ལུ་ ཕན་ཐོགས་དོ་ཡོདཔ་ཨིན།

ཝི་ལ་ནུའེ་ཝ་འདི་ སྤྱི་ལོ་ ༡༧༦༣ སྤྱི་ཟླ་ ༤ པའི་ཚེས་ ༡༧ ལུ་ གུ་ཝ་ཊི་མ་ལ་འདི་ ཨིསི་པེན་ལས་རང་དབང་མ་ཐོབ་པའི་ཧེ་མ་ ཨིསི་པེན་གྱིས་ དབང་འོག་བཙུགས་པའི་སྐབས་ལུ་ གཞི་བཙུགས་འབད་ནུག། འགོ་ཐོག་ལུ་ ཨ་མ་ཏི་ཏལན་ལས་ཁུངས་ཀྱི་ཆ་ཤས་ཅིག་ཨིན་མི་ ཁྲོམ་སྡེ་འདི་ འདས་པའི་ལོ་ཚུ་ནང་ བདག་སྐྱོང་ལུ་འགྱུར་བ་སྦོམ་སྦེ་ར་འགྱོ་ནུག། དེ་ལས་ སྤྱི་ལོ་ ༡༩༣༥ ལུ་  ཨ་མ་ཏི་ཏལན་ལས་ཁུངས་འདི་ བཤོལ་གཏང་ཞིནམ་ལས་ ཝི་ལ་ནུའེ་ཝ་འདི་ གུ་ཝ་ཊི་མ་ལ་ལས་ཁུངས་ནང་ལུ་ བཙུགས་ནུག། འ་ནཱི་བཟུམ་གྱི་ཁྲོམ་གྱི་བྱུང་རབས་འཕེལ་རྒྱས་འདི་གིས་ ལུང་ཕྱོགས་འདི་ནང་ ཁག་ཆེཝ་སྦེ་འགྱོ་དོ་ཡོདཔ་སྦེ་ གསལ་སྟོན་འབདཝ་ཨིན།

ཝི་ལ་ནུའེ་ཝ་འདི་ སི་ཡ་ར་མཱ་ཌི་རི་གི་ལྷོ་ཕྱོགས་ཀྱི་ལ་ཁ་མཐོ་ས་ཆགས་ཡོད་པའི་ མཚོ་ཁ་ལས་ མཐོ་ཚད་མི་ཊར་ ༡༣༣༠ དེ་ཅིག་ལུ་ཆགས་ཡོདཔ་ཨིན། ཁྲོམ་ཚོགས་འདི་ནང་ ཚ་དྲོད་ཆེ་བའི་ རྩྭ་ཐང་གི་གནམ་གཤིས་མྱོངམ་ཨིནམ་དང་ ཚད་ལྡན་གྱི་དྲོད་ཚད་འདི་ ༡༢°C ལས་ ༢༨°C གི་བར་ན་ཡོདཔ་ཨིན་པའི་ཁར་ ཆརཔ་གི་དུས་ཚོད་འདི་ སྤྱིར་བཏང་ལུ་ སྤྱི་ཟླ་ ༥ པ་ལས་ ༡༠ པ་ཚུན་ཚོད་ཨིནམ་དང་ སྐམ་པའི་དུས་ཚོད་འདི་ སྤྱི་ཟླ་ ༡༡ པ་ལས་ ༤ པ་ཚུན་ཚོད་ཨིན། [༡]ཟེར་བཀོད་ནུག། ཝི་ལ་ནུའེ་ཝ་ལུ་འོང་ནི་གི་དུས་ཚོད་ལེགས་ཤོམ་འདི་ སྤྱི་ཟླ་ ༡༡ པ་ལས་ སྤྱི་ཟླ་ ༤ པ་ཚུན་ སྐམ་པའི་དུས་ཚོད་ནང་ཨིནམ་ལས་ ཟླཝ་འདི་ཚུ་ནང་ གནམ་གཤིས་འདི་ ཉི་མའི་ཉིནམ་དང་ ཆརཔ་ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ ཁྲོམ་གྱི་མཐོང་སྣང་ཚུ་ ལྟ་སྐོར་འབད་ནི་དང་ ལམ་སྲོལ་གྱི་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ནི་ལུ་ ལེགས་ཤོམ་ཡོདཔ་ཨིན་པས།

ཝི་ལ་ནུའེ་ཝ་འདི་ རྒྱལ་ཁབ་ཀྱི་ལས་ཁུངས་ ༢༢ ཀྱི་གྲས་ལས་གཅིག་ཨིན་མི་ གུ་ཝ་ཊི་མ་ལ་ལས་ཁུངས་ཀྱི་ཆ་ཤས་ཅིག་ཨིན། ཁྲོམ་འདི་ཁོ་ར་ ས་ཁོངས་དང་ ཁྱིམ་ཚང་མ་འདྲཝ་ཚུ་ནང་ དབྱེ་སྟེ་ཡོདཔ་དང་ ས་ཁོངས་རེ་རེ་ལུ་ ཁྱད་ཆོས་མ་འདྲཝ་ཡོདཔ་ཨིན་པས། ཝི་ལ་ནུའེ་ཝ་འདི་ ཁྲོམ་སྡེ་ཅིག་འབདཝ་ལས་ ས་གནས་གཞུང་གི་འོག་ལུ་ ལཱ་འབད་དེ་ བདག་སྐྱོང་དང་ ཁྲོམ་སྡེའི་འགན་ཁུར་ཚུ་ འཛིན་སྐྱོང་འཐབ་དོ་ཡོདཔ་ཨིན། ཝི་ལ་ནུ་ཝ་གི་ཁྲོམ་སྡེ་གཞུང་འདི་ ཁྲོམ་དཔོན་དང་ ཁྲོམ་སྡེ་ཚོགས་སྡེ་གིས་ འགོ་འཁྲིད་འབད་དོ་ཡོདཔ་ད་ སྤྱི་ལོ་ ༢༠༢༠ ལས་ ༢༠༢༤ གི་བར་ན་ ཇ་ཝི་ཡར་གྷ་ར་མ་ཇོ་གིས་ ཁྲོམ་དཔོན་སྦེ་ཕྱག་ཞུ་ ཡོདཔ་ཨིན་མས། ས་གནས་གཞུང་གིས་ ཁྲོམ་སྡེ་འཆར་གཞི་དང་ མི་མང་ཞབས་ཏོག་ གཞི་རྟེན་གོང་འཕེལ་ དེ་ལས་ མི་སྡེའི་མཐའ་དོན་ཚུ་ལུ་ གཙོ་བོར་བསྟེན་དོ་ཡོདཔ་ཨིན་པའི་ཁར་ ཝི་ལ་ནུའེ་ཝ་འདི་ ལུང་ཕྱོགས་གོང་འཕེལ་གྱི་ལས་རིམ་ཚུ་ནང་ མཉམ་འབྲེལ་འབད་མི་ ཁྲོམ་སྡེ་བདུན་གྱི་ཚོགས་པ་ མན་ཀོ་མུ་ནི་ཌཌ་ གྷྲན་སི་ཡུ་ཌེཌ་ཌེལ་སུར་གྱི་ འཐུས་མི་ཅིག་ཡང་ཨིན་ཟེར་[༡]ནང་བཀོད་ནུག།

ཨིས་པེ་ནིཤི་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཅིག་ཨིནམ་ལས་ ཝི་ལ་ནུ་ཝ་ནང་འཁོད་ལུ་ ཁྱབ་ཆེཝ་སྦེ་སླབ་ཨིན། ཨིན་རུང་ རྒྱལ་ཁབ་འདི་ནང་ ས་གནས་ཀྱི་སྲོལ་རྒྱུན་ཕྱུགཔོ་ཡོད་ནི་འདི་གིས་ མ་ཡ་གི་སྐད་ཡིག་ལེ་ཤ་ཅིག་ཡང་ སླབ་དོ་ཡོདཔ་དང་ དེ་ཡང་ ཀི་ཆེ་དང་ ཁེག་ཆི་ དེ་ལས་ ཀ་ཆི་ཀེལ་ཚུ་ཨིན་མས། སྐད་ཡིག་འདི་ཚུ་ གྲོང་གསེབ་ཀྱི་ས་ཁོངས་ཚུ་ནང་ ཁྱབ་ཆེཝ་སྦེ་ཡོད་རུང་ ཁྲོམ་སྡེ་ནང་ སྐད་ཡིག་སྣ་མང་ལུ་ ལྷན་ཐབས་འབདཝ་ཨིན་མས། ཝི་ལ་ནུའེ་ཝ་གི་ལམ་སྲོལ་འདི་ ས་གནས་ཀྱི་ མ་ཡན་དང་ ཨིས་པེ་ནིཤི་གི་དབང་འོག་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་སྟེ་ཡོད་མི་འདི་ ཁྲོམ་སྡེ་གི་བཟོ་རིགས་དང་དུས་སྟོན་ སྙན་ཆ་དང་སྒྱུ་རྩལ་ཚུ་ནང་ལས་ཕར་ གསལ་ཏོག་ཏོ་སྦེ་མཐོངམ་ཨིན། ས་གནས་འདི་ནང་ ལོ་བསྟར་གྱི་དུས་སྟོན་ སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༨ ལུ་ "མངལ་ཆགས་མེད་པའི་བཙུནམོ་" ལུ་གུས་བཏུད་ཞུ་མི་བཟུམ་གྱི་ རང་ལུགས་ཀྱི་དུས་སྟོན་ཚུ་ནང་ལུ་ འགྲུལ་བསྐྱོད་རྒྱས་པར་འབད་དེ་ མི་སྡེ་གིས་བཅའ་མར་གཏོགས་དོ་ཡོདཔ་ཨིན་མས།

ས་གནས་འདི་ནང་ རྐང་རྩེད་འདི་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིནམ་དང་ ས་གནས་ཀྱི་སྡེ་ཚན་ལེ་ཤ་ཅིག་གིས་ རྒྱལ་ཡོངས་རྩེད་འགྲན་ནང་ དོ་འགྲན་འབད་དོ་ཡོདཔ་དང་ ཁྲོམ་སྡེ་འདི་ནང་ ལུང་ཕྱོགས་འགྲན་བསྡུར་མ་འདྲཝ་ཚུ་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ རྩེད་ཐང་དང་ རྩེད་རིགས་ཀྱི་མཐུན་རྐྱེན་ཚུ་ཡོདཔ་ལས་ རྩེད་རིགས་ཀྱི་ལས་རིམ་མ་འདྲཝ་ཚུ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་མས། ཁྲོམ་སྡེ་འདི་ནང་ གུ་ཝ་ཊི་མ་ལཱན་གྱི་བཟའ་འཐུང་གིས་ རྒྱལ་ཁབ་ཀྱི་ལམ་སྲོལ་སྣ་ཚོགས་ཀྱི་སྲོལ་རྒྱུན་ཚུ་ གསལ་སྟོན་འབད་དོ་ཡོདཔ་དང་ བཟའ་འཐུང་གཙོ་བོ་ར་ གེ་ཟ་དང་ སྲནམ་ཅུམ་ ཆུམ་ དེ་ལས་ ཤ་དང་ཚོད་བསྲེ་མ་འདྲཝ་ཚུ་ཨིན་པས། ཝི་ལ་ནུའེ་ཝ་ལུ་ སྤྱིར་བཏང་མཐོང་མི་ རང་ལུགས་ཀྱི་བཟའ་འཐུང་ཚུ་ཡང་ གུ་ཝ་ཊི་མ་ལ་གྲོང་ཁྱེར་ནང་ཡོད་མི་ པེ་པེན་དང་ཀ་ཀིཀ་ དེ་ལས་ ཏ་མ་ལེས་དང་ཆ་འདྲཝ་སྦེ་ཡོདཔ་ཨིནམ་མ་ཚད་ ས་གནས་འདི་ནང་ ཁྲོམ་ལམ་གྱི་བཟའ་འཐུང་ཚུ་ཡང་ ཡོངས་གྲགས་ཡོདཔ་ཨིན།

ཝི་ལ་ནུའེ་ཝ་འདི་ གུ་ཝ་ཊི་མ་ལ་རྒྱལ་ཁབ་ནང་ལུ་ བཟོ་གྲྭའི་ལྟེ་བ་གལ་ཅན་ཅིག་ཨིནམ་དང་ དེ་ནང་ གོ་ལ་དང་གྱིབ་ཤོག་ དེ་ལས་ ལྕགས་རིགས་ཀྱི་ཅ་ཆས་ཚུ་ བཟོ་སྐྲུན་འབད་མི་ བཟོ་གྲྭ་འཕྲུལ་ཁང་ལེ་ཤ་ཅིག་ཡོདཔ་ཨིན། ཁྲོམ་སྡེའི་དཔལ་འབྱོར་ལུ་ཡང་ སོ་ནམ་ལུ་བརྟེན་ ཕན་ཐོགས་བྱུང་དོ་ཡོདཔ་ད་ དེ་ཡང་ ཆུམ་དང་ ཨོ་ཆས་ ཤིང་འབྲས་ དེ་ལས་ ཚོད་བསྲེ་ཚུ་ཨིན་པས། ཁྲོམ་འདི་གིས་ ཚོང་འབྲེལ་འཐབ་སའི་སྒོ་ངོ་མ་ མེ་ཊོ་སེན་ཊོ་དང་ སཱན་ཊ་ཀ་ལ་ར་ཚོང་ཁང་ཚུ་ཨིནམ་ལས་ འདི་ཚི་གིས་ས་གནས་ཀྱི་དཔལ་འབྱོར་ལུ་ ཕན་ཐོགས་དོ་ཡོདཔ་ཨིནམ་དང་ ད་རུང་ སི་ཡུ་ཌཌ་རི་ཕོར་མ་ཌོ་རིས་བཟུམ་གྱི་ལས་འགུལ་ཚུ་གིས་ ཝི་ལ་ནུའེ་ཝ་གི་ས་གནས་འདི་ རང་མགོ་རང་འདྲོངས་ཀྱི་ཁྲོམ་སྡེ་ལྟེ་བ་ཅིག་ལུ་འགྱུར་བཅོས་འབད་ནི་གི་དམིགས་ཡུལ་བསྐྱེད་དེ་ ལཱ་གཡོག་དང་ཞབས་ཏོག་ཚུ་གི་དོན་ལུ་ གེ་ཝ་ཊི་མ་ལ་ཁྲོམ་སྡེ་ལུ་འགྱོ་དགོཔ་འདི་ མར་ཕབ་འབད་ནི་གི་དོན་ལུ་ཨིན། [༡]ཟེར་བཀོད་ནུག།

ཝི་ལ་ནུའེ་ཝ་ལུ་ གུ་ཝ་ཊི་མ་ལ་གྲོང་ཁྱེར་བཟུམ་སྦེ་ གོང་འཕེལ་དང་ མི་སེར་ཚུ་གི་ མི་ཚེའི་སྤུས་ཚད་ལུ་ ཐོ་ཕོག་མི་ གདོང་ལེན་ལེ་ཤ་ཅིག་ར་ཡོདཔ་ཨིན། འདི་ཡང་ མི་རློབས་མགྱོགས་དྲགས་སྦེ་ཡར་སེང་འགྱོ་མི་ལུ་བརྟེན་ མི་རློབས་མང་དྲགས་དང་ གཞི་རྟེན་མཐུན་རྐྱེན་ལངམ་སྦེ་མེད་མི་ དེ་ལས་ སྡོད་ཁྱིམ་མ་ལངས་པའི་དཀའ་ངལ་བྱུང་བཞིན་པ་ཡོདཔ་དང་ ཁྲོམ་སྡེ་ནང་ བྱ་ངན་གྱི་ གནས་ཚད་མཐོ་དྲགས་སྦེ་ མཐོང་དོ་ཡོདཔ་དང་ དེ་ཡང་ སྡེ་ཚན་དང་འབྲེལ་བའི་ གནོདཔ་བཀལ་མི་དང་ སྒྲིག་འཛུགས་འབད་མི་ བྱ་ངན་ཚུ་བརྩིས་ཏེ་ མི་མང་གི་ཉེན་སྲུང་དང་ དཔལ་འབྱོར་གྱི་ལཱ་ཚུ་ལུ་ ཐོ་ཕོགཔ་ཨིན་པས། དེ་ལས་ མཐའ་འཁོར་གནས་སྟངས་དང་འབྲེལ་བའི་ཚ་གྱང་ཡང་ བཙོག་རླུང་དང་ ཕྱགས་སྙིགས་འཛིན་སྐྱོང་ལངམ་སྦེ་མེད་མི་ དེ་ལས་ ས་ཡོམ་དང་ཆུ་རུད་བཟུམ་གྱི་ རང་བཞིན་གྱི་རྐྱེན་ངན་ཚུ་ལུ་ ཉེན་ཁ་ཡོདཔ་ལས་ འཕྲོ་མཐུད་དེ་ར་ ཉེན་ཁ་བྱུང་དོ་ཡོདཔ་ཨིན་པའི་ཁར་ མི་སྡེ་ནང་འོང་འབབ་དང་ཤེས་རིག་ དེ་ལས་ གསོ་བའི་ཞབས་ཏོག་ཚུ་ འདྲ་མཉམ་སྦེ་མེད་མི་ལུ་བརྟེན་ མི་སྡེ་ནང་ལུ་ ཚ་གྱང་བྱུང་བཅུག་དོ་ཡོདཔ་མ་ཚད་ ག་ར་གིས་ གོང་འཕེལ་གཏང་ནི་ལུ་ཡང་ ཐོ་ཕོག་དོ་ཡོདཔ་ཨིན་མས།

ཝི་ལ་ནུའེ་ཝ་འདི་ གུ་ཝ་ཊི་མ་ལ་རྒྱལ་ཁབ་གི་ བཟོད་བསྲན་དང་ལམ་སྲོལ་ཕྱུགཔོ་གི་བདེན་ཁུངས་ཅིག་ཨིནམ་མ་ཚད་ ས་གནས་ཀྱི་བྱུང་རབས་ཁག་ཆེ་ཧེང་དང་ མི་རློབས་མ་འདྲཝ་ དེ་ལས་ དཔལ་འབྱོར་གྱི་སྟོབས་ཤུགས་ཚུ་གིས་ རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་ལུ་ གཙོ་བོ་ཅིག་སྦེ་ཆ་བཞགཔ་ཨིན། ཁྲོམ་འདི་ནང་ གདོང་ལེན་སྦོམ་སྦེ་ར་བྱུང་པའི་སྐབས་ ཁྲོམ་སྡེ་གོང་འཕེལ་དང་ ལམ་སྲོལ་ཉམས་སྲུང་ དེ་ལས་ དཔལ་འབྱོར་བསྐྱར་ཞིབ་ཀྱི་ལཱ་ཚུ་ འཕྲོ་མཐུད་དེ་རང་ འབད་བའི་བསྒང་ཡོདཔ་ལས་ ཁྲོམ་སྡེ་ནང་སྡོད་མི་ཚུ་གི་ ཡར་རྒྱས་དང་ མ་འོངས་པ་ལེགས་ཤོམ་གྱི་ ཁས་བླངས་ཚུ་ གསལ་སྟོན་འབདཝ་ཨིན་པས།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

རྒྱབ་རྟེན་དཔེ་དེབ།

  1. 1 2 3 4 Wikipedia. (2025). Villa Nueva, Guatemala. Published by: Creative Commons.      Retrieve from: https://en.wikipedia.org/wiki/Villa_Nueva,_Guatemala