ཝིཀ་ཊོ་རི་ཡ། Victoria
ངོ་སྤྲོད།

༉ ཀེ་ན་ཌའི་རྒྱལ་ཁབ་ནང་གི་ ཝེན་ཀོ་ཝར་མཚོ་གླིང་ལུ་ཡོད་མི་ ཝིཀ་ཊོ་རི་ཡ་འདི་ བིརིཊིཤ་ཀོ་ལོམ་བི་ཡ་གི་ ལྟེ་བ་ཅིག་ཨིན། ཡོངས་གྲགས་ལུ་ མཛེས་ཆ་དང་ལྡན་པའི་མཚོའི་འགྲམ་གྱི་ གྲུ་ཆགས་ས་དང་ བྱུང་རབས་ཅན་གྱི་བཟོ་བཀོད་ དེ་ལས་ བསིལ་དྲོད་ལྡན་པའི་གནམ་གཤིས་ཡོད་མི་ནང་ རང་བཞིན་གྱི་མཛེས་པའི་ གནས་སྟངས་དང་ ལམ་སྲོལ་གྱི་མཛད་ཤུལ་ཚུ་ཡོད། ཁྲོམ་ཚོགས་ཀྱི་དཔའ་ཉམས་ཆེ་ཤོས་འདི་ར་ ག་ནི་བ་དགའ་བའི་ལྡུམ་ར་ འགྲེམ་སྟོན་ཁང་དང་ སྤྲོ་བ་ཆེ་ཏོག་ཏོ་སྦེ་ཡོད་པའི་ སྒྱུ་རྩལ་གྱི་མཐོང་སྣང་ཚུ་གིས་སྦེ་ ལྟ་བཤལ་པ་ལེ་ཤ་སྦེ་ འོང་སའི་ས་གོ་ཅིག་ཨིན།
ས་ཆའི་གནས་སྟངས་ སྦོམ་ཚད་དང་ མངའ་སྡེའི་བདག་སྐྱོང་།
ཝིཀ་ཊོ་རི་ཡ་འདི་ བིརིཊིཤ་ཀོ་ལོམ་བི་ཡ་གི་ ཝེན་ཀོ་ཝར་གྱི་ལྷོ་ཕྱོགས་ལུ་ ཆགས་ཏེ་ཡོད། མཐའ་ཡས་རྒྱ་མཚོ་པེ་སི་ཕིཀ་དང་ ཀི་ལོ་མི་ཊར་ ༡༠༠ དེ་ཅིག་ མཐུད་དེ་ཡོད་པའི་ ཝེན་ཀོ་ཝར་གྱི་ནུབ་ཕྱོགས་ཁ་ཐུག་གནས་ཡོད་མི་འདི་ གནམ་གྲུ་ཐོག་ལས་དང་ གྲུ་ནང་ལས་ཡང་ ལྷོད་ཚུགསཔ་ཨིན། ཁྲོམ་ཚོགས་འདི་ ཡུདཔ་ཅིག་ སའི་རྒྱ་ཚད་ ཨིསི་ཀོ་ཡར་ཀི་ལོ་ མི་ཊར་ ༡༩.༤༧ དེ་ཅིག་ཡོད། མ་གཞི་གི་ ཀེ་ན་ཌ་ལུ་ མངའ་སྡེ་ཟེར་མེད་རུང་ མངའ་ཁོངས་ ༡༠ ལུ་དབྱེ་སྟེ་ཡོདཔ་དང་ རང་དབང་ས་གནས་ ༣ ཡོདཔ་ཨིན། ཝིཀ་ཊོ་རི་ཡ་འདི་ མཚོ་གླིང་དང་མཚོའི་འགྲམ་ལུ་གནས་ཏེ་ཡོད་མི་ བིརིཊིཤ་ཀོ་ལོམ་བི་ཡ་གི་མངའ་ཁོངས་ནང་ ཚུདཔ་ཨིན།
བྱུང་རབས།
ཝིཀ་ཊོ་རི་ཡ་ཟེར་ ཨ་ཞེ་ཝིཀ་ཊོ་རི་ཡ་གི་རྗེས་དྲན་ལུ་བཏགས་མི་ ངོ་མ་ལུ་འབད་བ་ཅིན་ ཕོརཊི་ཝིཀ་ཊོ་རི་ཡ་ཟེར་སླབ་མི་ནང་ སྤྱི་ལོ་ ༡༨༤༣ ལུ་ ཧུད་སཱོན་ལས་སྡེ་གིས་ ཚོང་འབྲེལ་ལྟེ་བ་ཅིག་སྦེ་ གཞི་བཙུགས་འབད་འབདཝ་ཨིན། མཚོའི་འགྲམ་གྲུ་ཆགས་སའི་ས་གནས་ནང་ལུ་ ཚོང་འབྲེལ་གྱི་ལྟེ་བ་གཙོ་བོ་ཅིག་སྦེ་ ཡར་རྒྱས་སོང་ཡོདཔ་དང་ དེའི་ནང་ལས་ ཕེརེ་ཡར་ཀེན་ཡཱོན་གཱོལ་རཱཤ་ཟེར་ སྤྱི་ལོ་ ༡༨༥༠ གི་སྐབས་ལུ་ འདི་ཧེང་སྐལ་ར་ མགྱོགས་སུ་ཅིག་སྦེ་ གོང་འཕེལ་སོང་ནུག། ཧེ་མ་ ཝིཀ་ཊོ་རི་ཡ་འདི་ སྤྱི་ལོ་ ༡༨༥༡ སྐབས་ལུ་ ཝེན་ཀོ་ཝར་མཚོ་གླིང་ས་ཁོངས་ཀྱི་ ལྟེ་བ་ཅིག་ལུ་གྱུར་ཡོད་རུང་ ཤུལ་ལས་ སྤྱི་ལོ་ ༡༨༧༡ ལུ་ བིརིཊིཤ་ཀོ་ལོམ་བི་ཡ་འདི་ ཀེ་ན་ཌའི་རྒྱལ་ཁབ་དང་མཉམ་སྡེབ་འབད་བའི་ སྐབས་ལུ་ བིརིཊིཤ་ཀོ་ལོམ་བི་ཡ་གི་ལྟེ་བ་ཅིག་ལུ་གྱུར་བཏང་ནུག། ཁྲོམ་ཚོགས་ཀྱི་ བྱུང་རབས་ཅན་གྱི་ས་ཁོངས་ནང་ལུ་ ག་ནི་བ་མཛེས་པའི་བཟོ་བཀོད་དང་ མཛད་ཤུལ་ཚུ་གིས་ ལྟ་བཤལ་པ་ཚུ་འོང་སའི་ ཡོངས་གྲགས་ཅན་གྱི་ས་གནས་ཅིག་ལུ་ གྱུར་ཚུགས་ཏེ་ཡོད། ཝེན་ཀོ་ཝར་མཚོ་གླིང་ནང་གི་ ཝིཀ་ཊོ་རི་ཡ་འདི་ རིམ་འགྱུར་གྱིས་སྦེ་ ལམ་སྲོལ་དང་ དཔལ་འབྱོར་གྱི་ལྟེ་བ་ཅིག་ལུ་ གྱུར་ཏེ་ཡོད།
མི་རློབས་དང་མི་རིགས།
སྤྱི་ལོ་ ༢༠༢༡ གི་མི་རློབས་གྲངས་རྩིས་དང་འཁྲིལ་བ་ཅིན་ ཝིཀ་ཊོ་རི་ཡ་ལུ་ མི་རློབས་ཀྱི་གྱངས་ཁ་ སྟོང་ཕྲག་ ༩༤ དེ་ཅིག་དང་ ཁང་ཁྱིམ་འབུམ་བཞི་དེ་ཅིག་ཡོད། ཁྲོམ་ཚོགས་འདི་ ནང་ མི་རིགས་ཡང་ཁྱབ་ཆེ་སུ་ཅིག་ ཡུ་རོ་པིན་གྱི་མི་རྒྱུད་དང་ འདི་ནང་ལས་ཡང་ བིརིཊིཤ་ དེ་ལས་ ཨིས་ཀོ་ཊིཤ་དང་ ཨའི་རིཤ་ ཇར་མཱན་གྱི་མཛད་ཤུལ་ཚུ་ཡང་ཡོད། ས་གནས་ འདི་ནང་ སྔོན་དུས་ལས་སྡོད་ཡོད་མི་ མཚོའི་འགྲམ་གྱི་ སཱ་ལིཤ་དང་ ནཱུ་ཆཱད་ནཱོལཊི་གི་རིགས་ཚུ་ཡང་ ཡར་སེང་འགྱོ་བའི་བསྒང་ཡོདཔ་དང་ དེང་སང་ ཕྱི་མི་ནང་སྐྱོད་པ་ ཨེ་ཤི་ཡ་ལས་ འོང་མི་ཚུ་གིས་ མི་རིགས་སྣ་ཚོགས་འཛོམས་ས་ཅིག་ལུ་འགྱུར་དོ་ཡོདཔ་ཨིན།
གཞུང་ལུགས་དང་སྲིད་ཚོགས།
ཝིཀ་ཊོ་རི་ཡ་འདི་ གྲོང་སྡེ་ལས་འཛིན་གྱི་མངའ་འོག་ལུ་ སྤྱི་ཚོགས་ཅན་གྱི་དམངས་གཙོའི་རིང་ལུགས་ལུ་གནས་མི་ཅིག་ཨིན། ཁྲོམ་ཚོགས་འདི་ཡང་ ཁྲོམ་དཔོན་དང་འཐུས་མི་ཚུ་གིས་ འཛིན་སྐྱོང་འབད་དེ་ ས་གནས་ཀྱི་སྲིད་བྱུས་དང་ཞབས་ཏོག་ཚུ་གི་ འགན་ཁྲིད་འབག་དོ་ཡོདཔ་ཨིན། བིརིཊིཤ་ཀོ་ལོམ་བི་ཡ་གི་ཆ་འོག་ལུ་ཚུད་ཡོད་མི་ ཝིཀ་ཊོ་རི་ཡ་འདི་ནང་ལུ་ བཙག་འཐུ་ ལས་གྲུབ་ཡོད་མི་ འཐུས་མི་ཚུ་གིས་ ལུང་ཕྱོགས་ནང་ ངོ་ཚབ་སྦེ་གནས་ཏེ་ཡོད། ཝིཀ་ཊོ་རི་ཡ་འདི་ བིརིཊིཤ་ཀོ་ལོམ་བི་ཡ་གི་ལྟེ་བ་ཅིག་འབད་ནི་འདི་གིས་ སྲིད་ཚོགས་ཀྱི་ས་གནས་དང་ ས་ཁོངས་ཀྱི་གཞུང་དང་ གཙུག་སྡེ་ཚུ་ གནས་ས་ཅིག་ཨིན།
ཁ་སྐད་ ལམ་སྲོལ་ མི་སྡེའི་འཚོ་གནས་ ཆོས་དང་ ཐུན་མིན་ཁྱད་ཆོས།
ཁྲོམ་ཚོགས་འདི་ནང་ ཨིང་སྐད་སླབ་མི་ཁྱབ་ཆེ་སུ་ཅིག་ཡོདཔ་དང་ ཁྱིམ་ནང་ལུ་ཨིན་པ་ཅིན་ མཱན་ཌ་རིན་དང་ པཱན་ཇ་བི་སླབ་མི་ཡང་ དར་ཁྱབ་འགྱོ་བའི་བསྒང་ར་ཡོད། ཁྲོམ་འདི་ནང་ སྒྱུ་རྩལ་ཆེ་བའི་མཐོང་སྣང་ཚུ་ཡོདཔ་མ་ཚད་ འདི་གི་གྲས་ལུ་ པར་རིས་འགྲེམ་སྟོན་ཁང་ འཁྲབ་སྟོན་ཁང་དང་ དུས་སྟོན་བརྩི་སྲུང་ཚུ་ཡང་འབད་ནི་ཡོད། སྒྲིང་སྒྲི་དང་ཡུན་བརྟན་སྦེ་ གནས་ཐབས་ལུ་ དམིགས་གཏད་བསྐྱེད་དེ་ མི་སྡེའི་འཚོ་གནས་ཡང་ ཕྱི་ཁའི་ལས་རིམ་དང་ ངལ་འཚོའི་ཇ་ཁང་ཚུ་ མི་ཚེ་དལ་ཉམས་ཅན་ཅིག་སྦེ་ཡོད། རང་ར་སོ་སོའི་ཁྱིམ་ནང་ལུ་ མང་སུ་ཅིག་ར་ ཡེ་ཤུའི་ཆོས་ལུགས་འབད་མི་ཡོད་དེ་འབད་རུང་ ཆོས་ལུགས་སོ་སོ་ཚུ་ཡང་ འབད་མི་ཡོདཔ་ཨིན། ཁྲོམ་འདི་གི་ཁྱད་ཆོས་ཟེར་རུང་ རང་བཞིན་མཛེས་ལྡན་དང་ སྔོན་རབས་ཀྱི་མཛེས་ཆ་གཉིས་ འདྲེས་མ་སྦེ་ཡོདཔ་དང་ ས་གནས་འདི་ཆུང་ཀུ་ཅིག་ལས་བརྒལ་མེད་རུང་ སྣ་འདུས་མི་སྡེའི་ཁྲོམ་ཚོགས་ཅིག་ཨིན།
གནམ་གཤིས་དང་མཐའ་འཁོར།
ཝིཀ་ཊོ་རི་ཡ་ལུ་ བསིལ་དྲོད་ལྡན་པའི་མེ་ཌི་ཊེ་རི་ནི་ཡཱན་གྱི་གནམ་གཤིས་ཡོདཔ་དང་ འདི་ཡང་ གནམ་དགུན་ལུ་ རློནམ་འཚམས་སུ་ཅིག་དང་ གནམ་བྱཱར་ལུ་འབད་བ་ཅིན་ ས་སྐམ་རྡོ་སྐམ་དང་ ཚ་དྲོད་རན་ཏོག་ཏོ་སྦེ་ གནསཔ་ཨིན། གནམ་དགུན་གྱི་ བསིལ་དྲོད་ཀྱི་ཚད་གཞི་ནང་ འཕྲལ་འཕྲལ་སྐབས་ ཌིགི་རི་སེལ་ཤི་ཡཱསི་ ཀླད་སྐོར་ལས་མར་བུད་ནི་དང་ གནམ་བྱཱར་ལུ་ཨིན་པ་ཅིན་ ཌིག་རི་སེལ་ཤི་ཡཱསི་ ༡༨ ལས་ ༢༢ ཚུན་གནས་སྡོདཔ་ཨིན། ལུང་ཕྱོགས་ནང་ལུ་ ཆར་ཆུ་ཡང་ རན་ཏོག་ཏོ་ཅིག་དང་ འདི་ཡང་ སྤྱི་ཟླ་ ༡༡ པ་ལས་ ༣ པ་ཚུན་ཨིན། སྔོ་ལྗང་ཅན་གྱི་ཝིཀ་ཊོ་རི་ཡ་ནང་ལུ་ མཛེས་པའི་གླིང་ག་དང་ ནགས་ཚལ་ དེ་ལས་ མཚོ་མཐའི་ས་གནས་ཚུ་ཡོད། ཁྲོམ་ཚོགས་འདི་ ཝེན་ཀོ་ཝར་མཚོ་གླིང་ནང་ཆགས་ཏེ་ཡོདཔ་ལས་ རི་དྭགས་སེམས་ཅན་ཚུ་ ག་ནི་བ་མངམ་སྦེ་ཡོདཔ་དང་ མཛེས་ཏོག་ཏོ་ཡོད་པའི་ས་ཆ་དང་ སྐྱེད་ཚལ་མཛེས་པའི་གླིང་ག་དང་ མཚོ་མཐའི་བྱེམ་ཐངས་ཚུ་ཡང་ཡོད།
དཔལ་འབྱོར་དང་ ཚོང་འབྲེལ།
ཝིཀ་ཊོ་རི་ཡ་ཁྲོམ་ཚོགས་ནང་ལུ་ དཔལ་འབྱོར་འོང་འབབ་གཙོ་བོ་ར་ ལྟ་བཤལ་ལས་སྡེ་ གཞུང་འབྲེལ་ཞབས་ཏོག་ འཕྲུལ་རིག་དང་ ཤེས་ཡོན་ལྟེ་བ་ཚུ་ཨིན། ཁྲོམ་ཚོགས་འདི་ ས་ཁོངས་ལྟེ་བ་ཅིག་འབདཝ་ལས་ གཞུང་འབྲེལ་གྱི་ཡིག་ཚང་དང་ གཙུག་སྡེ་ལེ་ཤ་ཅིག་ར་ཡོད། ལྟ་བཤལ་ལས་སྡེ་ལུ་ གཙོ་བོར་བཏོན་དགོ་མི་འདི་ཡང་ མཛེས་པའི་ས་ཆའི་མཐོང་སྣང་དང་ བྱུང་རབས་ཅན་གྱི་ས་གནས་ དེ་ལས་ སྤྲོ་བ་ཆེ་བའི་ལམ་སྲོལ་ཚུ་ལུ་བརྟེན་ཏེ་ཨིན། འཕྲུལ་རིག་ལས་ཚན་ཡང་ ཡར་རྒྱས་འགྱོ་བའི་བསྒང་ཡོདཔ་ལས་ དམིགས་གཏད་གཙོ་བོ་ར་ མཉེན་ཆས་བཟོ་ནི་དང་ གསར་གཏོད་འབད་ནི་ལུ་ གཞི་བཟུང་སྟེ་ཡོད།
གསོ་བ་དང་ཤེས་རིག།
ཝིཀ་ཊོ་རི་ཡ་གི་ གསོ་བའི་ཞབས་ཏོག་འདི་ མཆོག་འགྱུར་ཅན་ཅིག་སྦེ་ཡོདཔ་དང་ འདི་ཡང་ གཙོ་བོ་ར་ རྒྱལ་འཛིན་ཇུབ་ལི་སྨན་ཁང་དང་ ཝིཀ་ཊོ་རི་ཡ་སྤྱིར་བཏང་སྨན་ཁང་གཉིས་ཨིན། མི་དམངས་ཀྱི་གྲོགས་རམ་ལུ་བརྟེན་ ཁྲོམ་ཚོགས་གསོ་བའི་ཞབས་ཏོག་གིས་ ས་གནས་འདི་ནང་སྡོད་མི་ཚུ་ལུ་ ཞབས་ཏོག་སྤྲོད་ཚུགསཔ་ཨིན། ཤེས་རིག་ལམ་ལུགས་ཡང་ སྒྲིང་སྒྲི་ཅིག་སྦེ་ར་ཡོདཔ་དང་ འདི་ཡང་ ཝིཀ་ཊོ་རི་ཡ་གཙུག་སྡེ་གིས་ འབྲིང་རིམ་གོང་མའི་ནང་ལུ་ གོ་སྐབས་སྤྲོད་ཡོདཔ་དང་ འདི་དང་གཅིག་ཁར་ གཞི་རིམ་དང་འབྲིང་རིམ་སློབ་གྲྭ་ ལེ་ཤ་ཅིག་ར་ཡོད། ཁྲོམ་ཚོགས་འདི་ནང་ ཀེ་མོ་སམ་མཐོ་སློབ་ཀྱིས་ འཕྲུལ་རིག་དང་ལག་ཤེས་འཕྲུལ་རིག་སྦྱོང་བརྡར་ལས་རིམ་ཚུ་ཡང་བྱིནམ་ཨིན། སྤྱིར་བཏང་ ཝིཀ་ཊོ་རི་ཡ་ལུ་ གསོ་བ་དང་ཤེས་རིག་གཉིས་ཆ་ར་ནང་ སྤུས་ཚད་ཅན་ཅིག་སྦེ་ར་ཡོདཔ་ཨིན།
དཀའ་ངལ་དང་གདོང་ལེན།
སྡོད་སའི་ཁང་གླ་ཡར་སེང་འགྱོ་བའི་དཀའ་ངལ་དང་ ཁྱིམ་མེད་པར་འཁྱམས་སྡོད་དགོ་པའི་དཀའ་ངལ་ དེ་ལས་ གླ་རིན་སྤྲོད་ཚུགས་པའི་ཅ་དངོས་ཚུ་ ཐོབ་ཚུགས་པར་ལ་ཁག་ཅིག་ཡོདཔ་ཨིན། སྣུམ་འཁོར་མ་ཤོང་པའི་དཀའ་ངལ་དང་ མི་དམངས་སྐྱེལ་འདྲེན་ཉུང་སུ་ཅིག་ལས་བརྒལ་མེདཔ་ཨིན། འདི་ནང་ལས་ ལྟ་བཤལ་འོང་པའི་དུས་ཚོད་ལུ་ ཧེང་སྐལ་ར་ དཀའ་ངལ་འཐོནམ་ཨིན། ལྷག་པར་དུ་ རྒན་རྒས་ཀྱི་མི་རློབས་ཡར་སེང་སོང་བའི་སྟབས་ཀྱིས་ གསོ་བའི་ཞབས་ཏོག་དང་ མི་སྡེའི་ཞབས་ཏོག་བྱིན་ནིའི་ནང་ལུ་ དུས་ཡུན་རིངམ་སྦེ་ གནས་ཐུབ་པའི་ ཐབས་ལམ་ཚུ་སྒྲིག་དགོཔ་ཡོད།
རྒྱབ་རྟེན།