ཝིནཌ་ཧུཀ།
ཝིནཌ་ཧུཀ་འདི་ ན་མི་བི་ཡ་གི་རྒྱལ་ས་ལྟེ་བ་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་དེ་གི་ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན། ཁྲོམ་འདི་ན་མི་བི་ཡ་གི་དབུས་ཕྱོགས་ ཁོ་མསི་ལ་ཐང་གི་ས་ཁོངས་ཁ་ཐུག་ལུ་ རྒྱ་མཚོའི་ཚད་གཞི་ལས་ མི་ཊར་ ༡༦༥༤༧ (ཕིཊ་ ༥༤༢༨) དེམ་ཅིག་གི་ས་ཁར་ ལུ་ཆགས་ཏེ་ཡོདཔ་ཨིན།[༡] གཙང་ཆུ་ཨེ་རནཇ་ཟེར་མི་ལས་མའིལ་ ༤༠༠ (ཀི་ལོ་མི་ཊར་ ༦༥༠) གི་བྱང་ཁ་ཐུག་ལུ་ཡོདཔ་དང་ ཨཕ་རི་ཀའི་ཁྲོམ་ཀེབ་ཟེར་མི་དེ་ལས་ མའིལ་ ༧༦༠ (ཀི་ལོ་ མི་ཊར་ ༡༢༢༥) གི་བྱང་ཁ་ཐུག་ལུ་ཆགས་ཏེ་ཡོདཔ་ཨིན། སྤྱི་ལོ་ ༢༠༢༣ ལུ་ ཁྲོམ་གྱི་མི་རློབས་ ༤༨༦༡༦༩ ཡོདཔ་སྦེ་རྩིས་བཏོན་ཡོདཔ་དང་ མི་རློབས་འདི་ རིམ་པ་བཞིན་ཡར་སེང་སོང་བཞིན་ཡོད་མི་དེ་ཡང་ རྒྱལ་ཁབ་ཀྱི་ལུང་ཕྱོགས་དང་ས་ཕྱོགས་གཞན་ཁར་ལས་ དེ་ཁར་འགྲུལ་སྐྱོད་འབད་དང་འབད་བཞིན་ཡོདཔ་མི་ལུ་བརྟེན་ཏེ་ཨིན་པས། [༢] ཁྲོམ་འདི་ཡུ་རོབ་ཀྱི་མི་ཚུ་གིས་གཞི་མ་བཅགས་པའི་ཧེ་མ་ ས་གནས་ཀྱི་མིང་དེ་ ཨའེ་གམསི་ཟེར་སླབ་དོ་ཡོདཔ་དང་ དེའི་གོ་དོན་ཡང་ ཆུ་ཚ་ཏོག་ཏོ་ཟེར་བའི་དོན་དག་ཨིནམ་མ་ཚད་ ལུང་ཕྱོགས་དེ་ནང་ ལུ་ཚ་ཆུ་ཡང་ལེ་ཤ་ཡོདཔ་ཨིན། [༢] ས་གནས་ཀྱི་མིང་ ཝིནཌ་ཧུཀ་ཟེར་ཐོབ་དགོ་པའི་དོན་དག་མ་འདྲཝ་ལེ་ཤ་བཤད་ནི་ཡོདཔ་ཨིན་པས། དེ་ཡང་ མང་ཤོས་ཅིག་གིས་ ཝིནཌ་ཧུཀ་ཟེར་མི་འདི་ ཨཕ་རི་ཀཱན་གི་ཁ་སྐད་ལས་བཏགས་བཏགསཔ་ཨིནམ་སྦེ་ཆ་བཞགཔ་ཨིན་པས། དེ་ཡང་ ཝིནཌ་ཟེར་མི་འདི་ རླུང་མ་ལུ་གོ་ནི་ཨིནམ་དང་ ཧེཀ་ཟེར་མི་འདི་ཟུར་དང་གི་ཁུག་ལུ་གོ་ནི་ཨིན་པས། དེ་བཟུམ་སྦེ་སླབ་སྲོལ་གཞན་ལས་ སྤྱི་དཔོན་ ཇཱོན་ཀར་ཨཕ་རི་ཀེ་ནར་ཟེར་མི་དེ་གིས་ ཁོ་རའི་མི་རྒྱུད་ཚུ་སྡོད་ས་ སཱའུཐ་ཨཕ་རི་ཀ་གི་ས་ཁོངས་ཏཱུལ་བག་ཟེར་ས་ལུ་ཡོད་པའི་ གངས་རི་ཝིན་ཊར་ཧེཀ་ཟེར་མི་ལས་ལྟ་འདྲངས་ཏེ་ བཏགས་བཏགསཔ་ཨིན་སྦེ་ཡང་བཤད་སྲོལ་འདུག། ས་གནས་གི་མིང་ཝིནཌ་ཧུཀ་ཟེར་མི་འདི་ ཇཱོན་ཨཕ་རི་ཀེ་ནར་གྱི་ཇོ་སེཕ་ཊིན་དཱལ་ལུ་ སྤྱི་ལོ ༡༨༤༤ སྤྱི་ཟླ་ ༨ པའི་ཚེས་ ༡༢ ལུ་གཏང་མིའི་ཡི་གུ་ནང་བཀོད་དེ་ཡོདཔ་ཨིན། [༣]
ས་ཁོངས་འདི་འགོ་ཐོག་ ཁོད་ཁོད་དང་ཧི་རི་རོ་ མི་རིགས་ཚུ་གིས་གཞིས་ཆགས་ཡོདཔ་ཨིན། སྤྱི་ལོ་ ༡༨༩༠ གྱ་གྲངས་ལུ་ ད་རེས་ཡོད་པའི་ས་ཁོངས་ནང་ ཇཱར་མ་ནི་གཞུང་གིས་དབང་སྟེ་སྡོད་ཡོདཔ་དང་ ལོ་ངོ་ཁལ་གཅིག་ལྔ་གི་ཤུལ་ལུ་ སཱའུཐ་ཨཕ་རི་ཀ་གི་དམག་མི་ཚུ་གིས་ ཝིནཌ་ཧུཀ་དང་དེའི་ཉ་འདབས་ཀྱི་ས་ཁོངས་ཚུ་ དབང་ཡོདཔ་ཨིན་པས། དེའི་སྐབས་ ས་གནས་ཀྱི་མིང་ལུ་ ཇཱར་མཱན་ལྷོ་ནུབ་ཨཕ་རི་ཀ་ ཟེར་སླབ་སྟེ་སྡོད་ནུག། སྤྱི་ལོ་ ༡༩༩༠ ལུ་ན་མི་བི་ཡ་གི་རྒྱལ་ཁབ་ རང་དབང་རང་བཙན་འཐོབ་པའི་སྐབས་ཝིནཌ་ཧུཀ་འདི་ ས་ཁོངས་ཀྱི་རྒྱལ་ལ་ལས་ རྒྱལ་ཁབ་ཀྱི་རྒྱལ་ས་ལྟེ་བ་ལུ་གྱུར་ཡོདཔ་ཨིན།[༡] ཝིནཌ་ཧུཀ་འདི་མི་སྡེ་དང་དཔལ་འབྱོར་ སྲིད་དོན་དང་ ལམ་སྲོལ་ཚུ་གི་ལྟེ་བ་ཅིག་སྦེ་ཆ་བཞགཔ་ཨིན།
ན་མི་བི་ཡ་ལུ་ མཁའ་འགྲུལ་བརྒྱུད་དེ་འགྲོ་འགྲུལ་འབད་བ་ཅིན་ འགོ་ཐོག་ར་ ས་གནས་ཝིནཌ་ཧུཀ་ལུ་ལྷོད་ནི་ཨིན་པས། [༤]ས་ཁོངས་འདི་ རྒྱལ་ཁབ་ཀྱི་ཚོང་འབྲེལ་གྱི་ལྟེ་བ་ཅིག་ཨིནམ་དང་ ས་ཁོངས་དེ་ཁར་ལས་ ཝེལ་ཝིས་ཀྱི་མཚོ་འགྲམ་དང་སཱའུཐ་ཨཕ་རི་ཀ་འགྱོ་སའི་འཁོར་ལམ་དང་རེལ་ལི་ལམ་གྱི་མཐུད་སྦྲེལ་ཡང་ཡོདཔ་ཨིན། རྒྱལ་ས་དེ་ཁར་ བཟོ་གྲྭ་འཕྲུལ་ཁང་ཚུ་ཡང་ཡོདཔ་ད་ ནོར་ཤ་དང་ལུག་ཤ་བཟོ་སྦྱོར་འབད་ནི་འདི་ ཁྱབ་ཆེ་དྲགས་སྦེ་ཡོདཔ་ཨིན་པས། ས་གནས་དེ་ནང་ བདག་སྐྱོང་གི་སྒྲིང་ཁྱིམ་དང་ སྐད་གྲགས་ཅན་གྱི་ ཨཕ་རི་ཀའི་ཨ་གསི་ཊི་ནིཡན་སློབ་གྲྭ་ཆེ་བ་བརྩིས་པའི་ འབྲིང་རིམ་སློབ་གྲྭ་གཞན་ཚུ་ཡོདཔ་མ་ཚད་ རྒྱལ་སྤྱི་གནམ་གྲུ་ཐང་ཡང་མཐོང་ཚུགསཔ་ཨིན། [༥]ན་མི་བི་ཡ་གི་གཙུག་ལག་མཐོ་རིམ་སློབ་གྲྭ་དང་ ན་མི་བི་ཡ་ཚན་རིག་དང་འཕྲུལ་རིག་གཙུག་ལག་མཐོ་རིམ་སློབ་སྡེ་ རྒྱལ་སྤྱི་འཛིན་སྐྱོང་གཙུག་ལག་སློབ་སྡེ་དང་ ཝེལ་ཝི་ཅི་ཡ་གཙུག་ལག་སློབ་སྡེ་ཚུ་ཡང་ ཡང་དེ་ཁར་ཡོདཔ་ཨིན། [༡]
ས་ཁོངས་འདི་ ནང་འཁོད་ཀྱི་མི་སེར་དང་ཕྱི་རྒྱལ་ལྟ་བཤལཔ་ཚུ་གི་དོན་ལུ་ ལྟ་སྐོར་རྐྱབ་སའི་ས་ཆ་དགའ་ཏོག་ཏོ་དང་འོས་འབབ་ཅན་ཅིག་ཨིན། དེ་ནང་ འབྱུང་རབ་ཅན་གྱི་ས་གོ་དང་ འགྲེམས་སྟོན་ཁང་ རྩེད་རིགས་སྣ་ཚོགས་རྩེ་སའི་ས་ཁོངས་ཚུ་ཡོདཔ་ཨིན། ཡོངས་གྲགས་ཅན་གྱི་ དུས་རབས་ ༡༩ པའི་ ཨེལ་ཊི་ཕེསི་ཊི་རྫོང་འདི་ཡང་ཝིནཌ་ཧུཀ་ལུ་ཡོདཔ་ཨིན། རྫོང་འདི་ཧེ་མ་ཐེངས་ཅིག་ཇཱར་མ་ནི་གཞུང་གི་ལག་ལེན་འཐབ་སྟེ་སྡོད་ཡོདཔ་ཨིན་རུང་ ད་རེས་རྫོང་འདི་འགྲེམས་སྟོན་ཁང་ཅིག་སྦེ་ཡོདཔ་ཨིན། [༥] ནམ་བི་ཡ་གི་རྒྱལ་ཡོངས་ཀྱི་འགྲེམས་སྟོན་ཁང་ཡང་ ཝིནཌ་ཧུཀ་ལུ་ཡོདཔ་དང་ རྒྱལ་ཁབ་ཀྱི་འབྱུང་རབས་ཅན་གྱི་ཅ་དངོས་ཚུ་ཡང་ཡོདཔ་ཨིན། སྤྱི་ལོ་ ༡༩༡༠ ལུ་བཟོ་སྐྲུན་འབད་ཡོད་པའི་ ཀིརིསི་ཊུསི་ཀིརི་ཆེ་ཟེར་བའི་ ལུ་ཐར་རིཡན་གྱི་ཡེ་ཤུའི་ལྷ་ཁང་ཡང་ རྒྱལ་ས་དེ་ཁར་ཡོདཔ་དང་ ལྷ་ཁང་འདི་ལྟ་བཤལ་པ་ཚུ་གི་ལྟ་སྐོར་གྱི་ས་གོ་ལེགས་ཤོམ་ཅིག་ཨིན་པས། [༦]
དེ་མ་ཚད་ རྒྱལ་ས་ལུ་ སེམས་ཅན་དང་སྔོ་ཤིང་མེ་ཏོག་སྣ་ཚོགས་ཀྱི་གླིང་ག་དང་སྐྱེད་ཚལ་ཚུ་ཡང་ཡོདཔ་ཨིན། ལ་བཤལ་འགྱོ་ནི་དང་ རི་བདའ་རྐང་འཁོར་གཏང་ནི་ རི་གུར་འཛེག་ནིའི་ རྩེད་རིགས་ཚུ་ཡང་ས་གནས་དེ་ཁར་ལས་ སྤྲོ་བ་ལེན་ཚུགས་ནི་ཨིན་པའི་ཁར་ རྒྱུག་རྩེད་རྩེདམོ་ཡང་རྩེ་ཚུགས་ནི་ཨིན་པས། ཝིནཌ་ཧུཀ་ལུང་པའི་རྩེད་འགྲན་དང་ ཝིནཌ་ཧུཀ་རྒྱུག་རྩེད་རྩེད་འགྲན་གྱི་རྩེད་རིགས་འགྲན་བསྡུར་ལས་རིམ་ཚུ་ཡང་འགོ་འདྲེན་འཐབ་བཞིན་ཡོདཔ་ཨིན། དེ་བཟུམ་སྦེ་ རྩལ་རྐྱབ་སའི་རྐྱལ་རྫིང་ཚུ་ཡང་ཡོདཔ་དང་ ཡོངས་གྲགས་ཅན་གྱི་རྐྱལ་རྫིང་ ཝིནཌ་ཧུཀ་རྐྱལ་རྫིང་དང་ ཝིནཌ་ཧུཀ་ཆུར་གནས་ལྟེ་བ་གཉིས་ཡང་དེ་ཁར་ཆགས་ཡོདཔ་ཨིན། དེ་མ་ཚད་ རྒྱལ་ས་ལྟེ་བ་དེ་ཁར་ ཟ་ཁང་ ཆང་ཁང་ ཞབས་ཁྲ་རྐྱབ་ས་དང་ཕྱི་རུ་སྤྲོ་བཏོན་འབད་སའི་ས་ཁོངས་ཚུ་ཡང་ཡོདཔ་ཨིན། [༥] ཝིནཌ་ཧུཀ་ལུ་ཚོང་རིགས་མ་འདྲཝ་དང་ རྒྱལ་ཁབ་ཀྱི་གློག་བརྙན་ཁང་དང་ ལྷན་ཁག་ཚུ་གི་ཡིག་ཚང་ལྟེ་བ་དང་ བརྡ་བརྒྱུད་ཀྱི་གནས་ཚུལ་ཁང་དང་ དངུལ་ཁང་ཚུ་རྒྱལ་ས་ལྟེ་བ་ལུ་ཡོདཔ་ཨིན་པས། [༣]
ཁོ་མསི་ལུང་ཕྱོགས་ནང་ཝིནཌ་ཧུཀ་རྐྱངམ་གཅིག་རང་དབང་ཅན་གྱི་གཞུང་སྐྱོང་ཡོད་པའི་ས་ཁོངས་ཅིག་ཨིན་པས། འཐུས་མི་ ༡༥ ཡོད་པའི་ ཚོགས་པ་ལེ་ཤ་ཡོད་པའི་ཁྲོམ་སྡེ་ཚོགས་སྡེ་གིས་སྐྱོངམ་ཨིན་པས། ཚོགས་སྡེ་གིས་ཟླ་རིམ་བཞིན་དུ་འཚོག་དོ་ཡོདཔ་ཨིན། གྲོས་ཐག་ཚུ་ཡང་ མོས་མཐུན་གྱི་སྒོ་ལས་གཅད་དོ་ཡོདཔ་ཨིན། [༣]
ཁུངས་སྟུགས་དཔེ་ཆ།
- 1 2 3 བྲི་ཊ་ནི་ཀ། (༢༠༢༥) ཝིན་ཌེཀ། https://www.britannica.com/place/Windhoek
- 1 2 ཝི་ཀི་པི་ཌི་ཡ། (ལོ་མེད།) ཝིན་ཌིག། https://en.wikipedia.org/wiki/Windhoek https://search.yahoo.com/search?fr=mcafee&type=E210US739G0&p=khomas+highland+plateau
- 1 2 3 ཝི་ཀི་པི་ཌི་ཡ། (ལོ་མེད།) ཝིན་ཌིག། https://en.wikipedia.org/wiki/Windhoek
- ↑ ཝི་ཀི་ཊ་ཝཱལ (ལོ་མེད།). ཝིན་ཌེཀ། https://wikitravel.org/en/Windhoek
- 1 2 3 བར་ལིང་གེམ། (ལོ་མེད།) ཨིན་སའེ་ཌརསི་གེའེཌ་ཊུ་ཝིན་ཌེཀ། https://www.expatexchange.com/ctryguide/6136/132/Namibia/Experience-Windhoek-The-Insiders-Guide-to-Windhoek
- ↑ Lonely planet. (n.d). Windhoek. https://www.lonelyplanet.com/namibia/windhoek/attractions