Jump to content

ཞབས་དྲུང་རིན་པོ་ཆེའི་སྐུ་མཆོད།

Wikipedia ལས།

ལོ་བསྟར་ཧོར་ཟླ་ ༣ པའི་ཚེས་ ༡༠ ལུ་ ང་བཅས་རའི་འབྲུག་གི་བསྟན་པའི་བདག་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་དགོངས་པ་ཆོས་དབྱིངས་ལུ་གཤེགས་པའི་སྐུ་མཆོད་ཀྱི་དུས་ཆེན་ཨིན།

དེ་ཡང་མགོན་པོ་དངོས་གྲུབ་བྱུང་བའི་རྒྱུད་ལས། འཁོར་བའི་བདུད་རྣམས་འཇོམས་པ་པོ། །རྡོ་རྗེ་སེམས་དཔའ་མཉམ་གྱུར་པའི། །རྡོ་རྗེ་སློབ་དཔོན་བདག་ཉིད་ཆེ། །ཞེས་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་ མཚན་གསལ་ལུང་བསྟན་དང་འཁྲིལ་ཏེ་ ཞབས་དྲུང་རིན་པོ་ཆེ་ངག་དབང་རྣམ་རྒྱལ་འདི་ ཡབ་མི་ཕམ་བསྟན་པའི་ཉི་མ་དང་ ཡུམ་བསོད་ནམས་དཔལ་གྱི་བུ་ཁྲིད་གཉིས་ཀྱི་སྲས་ལུ་ སྤྱི་ལོ་ ༡༥༩༤ རབ་བྱུང་ ༡༠ པའི་ཤིང་རྟ་ཟླ་ ༡༡ ཚེས་ ༡༡ ལུ་ ལྟས་བཟང་སྣ་ཚོགས་པའི་ཐོག་ལས་ ཀུན་མཁྱེན་པདྨ་དཀར་པོའི་ཡང་སྲིད་འཁྲུལ་མེད་དུ་སྐུ་འཁྲུངས་ནུག།

དགུང་ལོ་ཆུང་བའི་སྐབས་ལས་ ཡབ་དང་མཁས་གྲུབ་ལྷ་དབང་བློ་གྲོས་ལ་སོགས་པའི་ ཡོངས་འཛིན་དམ་པ་ཚུ་གི་སྐུ་མདུན་ལས་ གཞུང་རིག་གནས་ དབང་ལུང་མན་ངག་ལ་སོགས་པའི་ གསན་བསམ་མཐར་ཕྱིན་ཏེ་ མཁས་གྲུབ་ཀྱི་བདག་ཉིད་ཆེན་པོར་གྱུར་པའི་ཤུལ་མར་ གདན་ས་ར་ལུང་གི་ཁྲི་ལུ་མངའ་གསོལ་མཛད་ནུག།

དེ་ལས་ ཆོས་ཀྱི་རྒྱལ་པོ་རང་ཉིད་ དགུང་གྲངས་ཉེར་གསུམ་གྱི་ཐོག་ སྤྱི་ལོ་ ༡༦༡༦ རབ་བྱུང་ ༡༠ པའི་མེ་ཕོ་འབྲུག་ལོ་ལུ་ ལས་མགོན་བྱ་རོག་གདོང་ཅན་གྱི་ལུང་བསྟན་དང་བསྟུན་ཏེ་ ཆིབས་ཁ་ལྷོ་ལུ་བསྒྱུར་ཏེ་བྱོན་ཞིནམ་ལས་ཚུར་ ལྷོ་མོན་སྨན་ལྗོངས་ཀྱི་རྒྱལ་ཁབ་འདི་ནང་ ཆོས་སྲིད་གཉིས་ལྡན་གྱི་གཞུང་འགོ་བཙུགས་ཏེ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཟེར་ རྒྱ་བོད་ཧོར་གསུམ་ལ་སོགས་པའི་འཛམ་གླིང་ནང་ ཡོངས་གྲགས་ཅན་གྱི་རྒྱལ་ཁབ་ཅིག་ལུ་བཟོ་གནང་ནུག།

དེ་ལུ་ ངན་སེམས་ཕྲག་དོག་གི་དབང་ལས་བྱུང་བའི་ ཕྱི་རོལ་དངོས་ཅན་མི་ཡི་དགྲ་བོ་སྡེ་སྲིད་གཙང་པ་དང་ དགེ་སོག་དམག་དཔུང་གི་ཕྱོགས་ཐམས་ཅད་ལས་རྒྱལ་བ་མ་ཚད། ནང་གི་དགྲ་སྡེ་བླ་མ་ཁག་ལྔའི་ཕྱོགས་ལས་རྣམ་པར་རྒྱལ་བ་དང་ གསང་བའི་དགྲ་སྡེ་དངོས་མེད་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ཕྱོགས་ཐམས་ཅད་ལས་ཀྱང་རྣམ་པར་རྒྱལ་ཏེ་ གདན་ས་ལྕགས་རི་དང་ གསང་སྔགས་ཟབ་དོན་ཕོ་བྲང་ལས་བཟུང་སྟེ་ རྒྱལ་ས་སྤུངས་ཐང་བདེ་ཆེན་ དབང་འདུས་ཕོ་བྲང་ ཐིམ་ཕུག་བཀྲིས་ཆོས་རྫོང་ སྤ་རོ་རིན་ཆེན་སྤུངས་རྫོང་ དར་དཀར་བཀྲིས་ཡང་རྩེ་ ཀྲོང་གསར་ཆོས་འཁོར་རབ་བརྟན་རྩེ་ ལ་སོགས་པ་བཞེངས་ཏེ་ ལྷོ་མོན་ཁ་བཞིའི་རྒྱལ་ཁབ་འདི་ནང་ སངས་རྒྱས་ཀྱི་བསྟན་པའི་ཉི་མ་ ཤར་བར་མཛད་གནང་ནུག།

དེ་ལས་ རྗེ་རང་ཉིད་དང་དབྱེར་མེད་པའི་ དབུ་མཛད་བསྟན་འཛིན་འབྲུག་རྒྱས་ལུ་ ཆོས་སྲིད་ཀྱི་བསླབ་བྱ་ཞལ་གདམས་བཀའ་ཆེམས་ཀྱི་ཚུལ་དུ་ ཡོངས་སུ་རྫོགས་པར་བསྩལ་ཏེ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་སྡེ་སྲིད་ཆེན་མོར་བསྐོས་གནང་ཞིན་ན་ རེ་ཞིག་གདུལ་བྱ་རྟག་འཛིན་ཅན་ཚུ་གི་ངོ་ལུ་ ཆོས་ཀྱི་རྒྱལ་པོ་རང་ཉིད་ དགུང་གྲངས་ལྔ་བཅུ་ང་བརྒྱད་ སྤྱི་ལོ་ ༡༦༥༡ རབ་བྱུང་ ༡༡ པའི་ལྕགས་ཡོས་ ཟླ་ ༣ པའི་ཚེས་ ༡༠ ལུ་ ཐུགས་དམ་རིམ་གཉིས་ཀྱི་རྣལ་འབྱོར་ལུ་བཞུགས་གནང་ནུག།

ཞབས་དྲུང་རིན་པོ་ཆེའི་སྐུ་མཆོད་དུས་ཆེན་ཉིན་མར་ གཞུང་འབྲེལ་ངལ་གསོ་བཞག་དགོ་མི་འདི་ ཞབས་དྲུང་རིན་པོ་ཆེ་གིས་ ང་བཅས་ར་ལྷོ་མོན་ཁ་བཞིའི་རྒྱལ་ཁབ་འདི་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཡུག་གཅིག་ལུ་བཟོ་སྟེ་ ཆོས་སྲིད་གཉིས་ལྡན་གྱི་གཞུང་འགོ་བཙུགས། རྒྱལ་ཁབ་ཀྱི་རང་དབང་སྲ་བརྟན་དུ་བཟོ་གནངམ་ལས་ཚུར་ འབྲུག་རྒྱལ་ཁབ་འདི་ རང་དབང་རང་བཙན་གྱི་རྒྱལ་ཁབ་འབད་དེ་ བདེ་སྐྱིད་གཉིས་ལྡན་གྱི་ངང་ལུ་སྡོད་ནི་འདི་བྱུང་ཡོདཔ་ལས་བརྟེན་ ཞབས་དྲུང་རིན་པོ་ཆེ་འདི་ འབྲུག་རྒྱལ་ཁབ་དབུ་བརྙེས་པར་མཛད་པའི་སྐུ་དྲིན་སྦོམ་ཡོད་མི་འདི་ ག་ར་གིས་རྗེས་དྲན་ཞུ་དོན་ལུ་ཨིན།

དེ་འབད་ནི་འདི་གིས་ དུས་ཆེན་འདི་གི་སྐབས་ལུ་ ག་ར་གིས་ཞབས་དྲུང་རིན་པོ་ཆེ་ལུ་ ཕྱག་མཆོད་གསོལ་འདེབས་ལུ་བརྩོན་དགོཔ་ག་ནི་ལས་གལ་ཆེཝ་མ་ཚད་ ཞབས་དྲུང་རིན་པོ་ཆེ་ལུ་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་ཐུགས་དམ་བསྐུལ་བ་ཅིན་ རང་རང་སོ་སོ་དང་ལྷག་པར་རྒྱལ་ཁབ་ནང་ལུ་ རྐྱེན་བར་ཆད་མི་འབྱུང་བར་བྱིན་གྱིས་བརླབས་ཏེ་ བསྟན་པ་ཡུན་རིང་གནས་ནི་གི་རྟེན་འབྲེལ་ཡོདཔ་ཨིན།