Jump to content

ཞོང་སྒར་རྫོང་།

Wikipedia ལས།
(ཞོང་གར་རྫོང་ ལས་ ལོག་བཏང་ཡོདཔ་)

ཞོང་སྒར་རྫོང་དེ་ མོང་སྒར་རྫོང་ཁག་ནང་ལུ་ བཞེངས་ཡོདཔ་ཨིན། ཐིམ་ཕུ་ལས་ བཀྲ་ཤིས་སྒང་ལུ་ ཤར་-ནུབ་ཀྱི་གཞུང་ལམ་ལས་འགྲོ་འགྲུལ་འབད་དེ་ ཁྲུལ་ལང་བི་གཡུས་ཚན་ནང་ལྷོད་པའི་སྐབས་ རི་གཅིག་གུ་ རྫོང་དེ་ མཐོང་ཚུགསཔ་ཨིན། ཞོང་སྒར་རྫོང་དེ་ ས་ཆ་ ཨེ་ཀར་ ༨ དེ་ཅིག་ཁྱབ་ཡོདཔ་དང་ ཞོང་ ཟེར་མི་དེ་ གཞོངམ་ཟེར་བའི་དོན་ཨིནམ་དང་ དེ་ལུ་ གར་ཟེར་མི་ རྗེས་འཇུག་སྦྱར་དེ་ ཞོང་གར་ཟེར་སླབ་ཨིན་མས། རྫོང་དེ་ ད་རེས་ནངས་པ་ གྱང་ཁོག་ལུ་ བསྒྱུར་ཡོདཔ་ཨིན།

སླབ་སྲོལ་གཅིག་ལས་འབད་བ་ཅིན་ རྒྱལཔོ་ དཀར་པོ་གདུང་ཟེར་མི་དེ་གིས་ ཆོས་སྲིད་གཉིས་ལྡན་གྱི་ལྟེ་བ་གཅིག་རྐྱབ་ནིའི་དོན་ལུ་ སྤ་རོ་ལས་ བཟོཝ་གཅིག་འབོད་དེ་ མི་དེ་ ཨུ་ར་ལས་སྦེ་ཞོང་སྒར་ལུ་འོང་ཡོདཔ་ཨིན་མས། བཟོ་ཆེན་ བཱ་ལ་གིས་ས་གནས་དེ་ཁར་ལྟ་བ་འགྱོ་བའི་སྐབས་ སྒང་ཏོག་ཆུང་ཀུ་གཅིག་གུ་ རྡོ་གི་ཞོངམ་དཀརཔོ་གཅིག་མཐོང་སྟེ་ ཁོ་གིས་ ས་གནས་དེ་ཁར་རྫོང་བཞེངས་ནི་སྦེ་གྲོས་ཐག་གཅད་ནུག། རྫོང་དེའི་མིང་ལུ་ ཞོང་དཀར་ཟེར་བཏགས་ནུག།

འབྲུག་པའི་གསུང་རབ་ཚུ་ནང་ རྫོང་འདི་ལུ་ གཞོང་དཀར་དང་ ཞོང་དཀར་ཟེར་ལེ་ཤ་སླབ་སྲོལ་ཡོད་རུང་ ཤུལ་ལས་ ས་གནས་དེ་ལུ་ ཞོང་གར་ཟེར་སླབ་སྲོལ་འབྱུང་ནུག། ད་རུང་ བཤད་སྲོལ་གཅིག་ལས་འབད་བ་ཅིན་ བཱ་ལ་དེ་ གླིང་མེ་ཐང་གི་སྦོེ་ལོག་ཁར་ལྷོད་པའི་སྐབས་ རི་ ཤིང་གི་གཞོངམ་བཟུམ་ཡོད་མི་གཅིག་མཐོང་ཡོདཔ་དང་ རི་དེ་གུར་རྒྱལཔོ་ཀར་པོ་གི་ཕཽ་བྲངས་བཞེངས་ཡོདཔ་ཨིན་མས།དེ་འབདཝ་ལས་བརྟེན་ རི་གཞོངམ་བཟུམ་སྦེ་ཡོད་མི་དང་ དེ་གུར་ཁྱིམ་རྐྱབས་ཡོདཔ་ལས་ ས་གནས་དེ་ལུ་གཞོང་གར་ཟེར་བཏགས་ནུག། སྡེ་སྲིད་ཚུ་གི་རྒྱལ་རབ་ཀྱི་ ཀི་དེབ་ལྟར་དུ་འབད་བ་ཅིན་ ས་གནས་གོ་ཡང་དྲགས་གཅིག་ནང་ལུ་བཞེངས་ཡོདཔ་ལས་ རྫོང་འདིའི་མིང་དེ་ གཞོང་སྒར་ཟེར་སླབ་ཨིན་མས། དེ་བཟུམ་སྦེ་ བཤད་སྲོལ་གཞན་ལེ་ཤ་གཅིག་ར་ཡོདཔ་ཨིན་མས།

"https://dz.wikipedia.org/w/index.php?title=ཞོང་སྒར་རྫོང་།&oldid=28581" ལས་ སླར་འདྲེན་འབད་ཡོདཔ།