Jump to content

ཟླ་བ་དང་པའི་ལོ་གསར་ངལ་གསོ།

Wikipedia ལས།

ལོ་བསྟར་ཟླ་བ་དང་པའི་ཚེས་གཅིག་ལུ་ ལོ་གསར་སྦེ་བརྩི་དགོ་པའི་ཁུངས་དང་རྒྱུ་མཚན་ནི་ ལོ་འཁོར་གཅིག་ལུ་ ནམ་ཟླ་དུས་བཞི་བརྩི་ནི་ཡོད་མི་ལས་ ང་བཅས་རའི་འབྲུག་ལུགས་ལས་ཟླ་བ་དང་པ་འདི་ལུ་ སྐར་རྩིས་ཀྱི་དགུན་ཟླ་ཐ་ཆུང་། འབྱུང་རྩིས་པའི་ལུགས་ལས་དཔྱིད་ཟླ་ཐ་ཆུང་། དུས་འཁོར་དང་གསོ་དཔྱད་པ་ཚུ་གི་དཔྱིད་ཟླ་ར་བ་ སྐར་མ་མཆུ་ཡིས་ཉ་བའི་ཟླ་བ་ (ཚེས་བཅོ་ལྔ་ལུ་སྐར་མ་མཆུ་ཕོག་མི) འདི་ལུ་ཧོར་ཟླ་དང་པ་ཟེར་སླབ་ཨིན་མས། འདི་ལུ་ཟླ་བ་དང་པ་སྦེ་བརྩི་དགོ་མི་འདི་ སྔོན་རབ་བྱུང་བཞི་པའི་མེ་ཕག་སྤྱི་ལོ་ ༡༢༢༧ གྱི་ལོ་ལུ་ ཆིང་གི་སེ་ཁཱན་ནམ་ཧོར་ཇིང་གིར་ རྒྱལ་པོ་ཟེར་མི་གིས་ མི་ཉག་གི་ལག་པ་ལས་རྒྱལ་ཁ་ཐོབ་སྟེ་ རྒྱལ་ས་ལུ་དབང་བསྒྱུར་བའི་ཟླ་བ་ཨིན་མས། འདི་ལུ་ བཀྲིས་པའི་དགའ་སྟོན་ཕུན་སུམ་ཚོགས་པ་སྦེ་བརྩིས་ཞིནམ་ལས་ཚུར་ ལོ་གསརཔ་བརྩི་ནི་འགོ་བཙུགས་ཡོདཔ་ཨིན་མས།

དེ་ཡང་ ཧོར་གྱི་རྒྱལ་པོ་ཆིང་གེ་སེ་ཁཱན་ནམ་ ཇིང་གིར་རྒྱལ་པོ་ཟེར་མི་འདི་ རབ་བྱུང་གསུམ་པའི་ཆུ་རྟ་ སྤྱི་ལོ་ ༡༡༦༢ ལུ་སྐུ་འཁྲུངས་ཏེ་ དགུང་ལོ་ཉེར་བརྒྱད་ལུ་སོག་པོའི་རྒྱལ་པོ་མཛད། ཉེར་དགུ་ལུ་མན་ཇུ་དབང་ལུ་བསྡུས། སོ་གསུམ་ལུ་རྒྱ་ནག་གི་རྒྱལ་པོ་ཡང་མཛད། སོ་བཞི་ལུ་རྒྱ་སེར་དབང་ལུ་བསྡུས། ཞེ་ལྔ་ལུ་སུང་རྒྱལ་ ཨན་ཐལ་གྱི་གཡུས་ལ་སོགས་པ་ ཞིང་ས་བཅུ་གསུམ་ག་ར་དབང་འོག་ལུ་བསྡུཝ་མ་ཚད་ ལོ་འདིར་བོད་ཁམས་ཡང་ཚར་ཅིག་དབང་ལུ་བསྡུས། དེ་ལས་རབ་བྱུང་བཞི་པའི་མེ་ཕག་ སྤྱི་ལོ་ ༡༢༢༧ ཆིང་གེ་སེ་ཁཱན་རང་ཉིད་དགུང་ལོ་རེ་ལྔའི་ཐོག་ ཞི་ཞའམ་མི་ཉག་དབང་ལུ་བསྡུ་སྟེ་ མི་ཉག་གི་རྒྱལ་རབས་རྒྱུན་བཅད་དེ་ རྒྱལ་ཁ་ཐོབ་པའི་དགའ་བའི་ཉིནམ་བརྩི་སྲུང་འབད་བའི་ཟླཝ་དེ་གི་ཚེས་ ༡ ལུ་ ལོ་གསར་སྦེ་བརྩི་ནི་འགོ་བཙུགས་ད་ནུག

སོག་པོའི་རྒྱལ་པོ་ཆིང་གེ་སེ་ཁཱན་འདི་ ལོ་འདི་གི་ཟླ་ ༧ པའི་ཚེས་ ༡༢ ལུ་གཤགས་སོངམ་ལས་ ཁོ་གིས་རྒྱལ་ཁ་ཐོབ་སྟེ་ ཟླཝ་དྲུག་དང་ཞག་ ༡༢ ལས་བརྒལ་ཏེ་བཞུགས་མ་ཚུགས་རུང་ ལོ་གསར་བརྩི་སྲོལ་འདི་ དང་པར་མེ་ཉག་གི་གཡུས་ཁ་ལས་འགོ་བཙུགས་ཏེ་ རིམ་པ་བཞིན་དུ་སོག་ཡུལ་ བོད་ རྒྱ་ནག་ཚུ་ནང་དར་ཁྱབ་བྱུང་ནུག

མ་གཞི་ གནམ་ལོ་གསར་ཚེས་ཀྱི་ལོ་འགོ་ངོ་མ་འདི་ ལོ་བསྟར་ཧོར་ཟླ་ ༡༡ པ་ལུ་ཕོགཔ་མ་ཚད་ དགུན་གྱི་ཉིན་ལོག་ཡང་ ཟླཝ་འདི་ནང་ཕོགཔ་ལས་ རྩིས་ཀྱི་ལུགས་ལས་བརྩི་དགོ་མི་ཚུ་ག་ར་ཟླཝ་ ༡༡ པའི་ཚེས་ ༡ ལས་ལོ་འགོ་སྦེ་བརྩིཝ་ཨིན། ཨིན་རུང་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ཟླ་བ་དང་པ་ལུ་ ལོ་གསར་བརྩིས་ཏེ་ ལོ་འགོ་བཟུང་སྲོལ་ཅིག་ཚུད་དགོ་མི་འདི་ དང་པ་དུས་འཁོར་དང་གསོ་དཔྱད་པ་ཚུ་གིས་ ལོ་འགོ་དཔྱིད་ཟླ་ར་བ་ལས་བརྩི་ནི་འདི་གིས་དང་། གཉིས་པར་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་ཆེན་པོའི་མཛད་པ་ཡང་ ཟླ་བ་འདི་གིས་ཚེས་ ༡ ལས་འགོ་བཙུགས་ནི་འདི་གིས་དང་། ལྷག་པར་དུ་འབྲུག་རྒྱལ་ཁབ་ནང་ནམ་དགུན་རིང་གྱང་སྟེ་སྡོད་ས་ལས་ ས་དྲོད་དང་པར་བཏགས་ཏེ་ མི་ཚུ་ལུ་དྲོད་ཉམས་ལྡན་པའི་དགའ་དུས་འགོ་བཙུགས་པའི་དུས་དང་། དེ་མ་ཚད་ ས་ཁ་ལས་མེ་ཏོག་དང་ ལྕུ་ཀུ་ཚུ་ག་ར་གསརཔ་ཐོན་ཏེ་ སྡོད་ཉམས་སྤྲོ་བའི་དུས་གསརཔ་འགོ་བཙུགས་ནི་འདི་གིས་ ཧོར་ཟླ་དང་པ་འདི་ལུ་ ལོ་འགོ་བརྩིས་ཏེ་ ལོ་གསར་སྦེ་ཆ་བཞགཔ་ཨིན།

ལོ་གསར་གྱི་ཉིནམ་འདི་ལུ་ རྟེན་འབྲེལ་ལེགས་ཤོམ་སྦེ་བརྩིས་ཏེ་ དགའ་སྟོན་འབད་དགོ་མི་འདི་ འདས་པའི་ལོ་ངོ་དེའི་རིང་ ནཝ་ཚཝ་མེད་པར་ལོ་འཁོར་ཚུགས་པའི་དགའ་སྟོན་དང་། ལོ་ངོ་གསར་འཆར་འདིའི་རིང་ལུ་ བར་རྐྱེན་མེད་པར་བཀྲིས་བདེ་ལེགས་ཕུན་སུམ་ཚོགས་ཏེ་སྡོད་ནིའི་རྟེན་འབྲེལ་ལུ་ ཡར་མཆོད་མར་སྦྱིན་དང་། གཉེན་ཉེ་ཚན་ཆ་རོགས་འཆམ་མཐུནམ་ཚུ་འཛོམས་ཏེ་ གཅིག་གིས་གཅིག་ལུ་ལེགས་སྨོན་ཞུ་ནིའི་སྲོལ་ཚུ་ཡོདཔ་ལས་ དུས་སྟོན་དེའི་སྐབས་ལུ་ གཞུང་གི་ཁ་ཐུག་ལས་ཡང་ འདི་བཟུམ་མའི་དགའ་སྟོན་རྟེན་འབྲེལ་བརྩི་ནིའི་དོན་ལུ་ བཀྲིས་བདེ་ལེགས་ཀྱི་ཐུགས་སྨོན་དང་བཅས་པའི་སྒོ་ལས་ གཞུང་འབྲེལ་ངལ་གསོ་བཞག་གནངམ་ཨིན།