འཁྲབ་རྩེདཔ་ རྟ་མགྲིན་བསོད་ནམས།
འཁྲབ་རྩེདཔ་ རྟ་མགྲིན་བསོད་ནམས།
འབྲུག་གི་ཡོངས་གྲོགས་ཅན་གྱི་འཁྲབ་རྩེདཔ་རྟ་མགྲིན་བསོད་ནམས་ཟེར་མི་འདི་ སྤ་རོ་རྫོང་ཁག་ནང་ལས་ཨིན། ཁོ་རའི་ཨའི་འདི་དར་དཀར་ན་ལས་ཨིནམ་ལས་ ཁོ་རའི་སློབ་གྲ་ཆུང་བ་འདི་ དར་དཀར་སློབ་གྲ་ནང་ལས་འགོ་བཙུགས་ཏེ་ གཙུག་ལག་ཤེས་ཡོན་འདི་ ཁྲིམས་ཀྱི་ནང་ལུ་སྦྱང་བརྩོན་འབད་ནུག། རྟ་མགྲིན་བསོད་ནམས་ཁོ་ར་ཁྲིམས་ཀྱི་ཤེས་ཡོན་སྦྱངས་པའི་མཐའ་མ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཆོས་རྒྱུགས་ཕུལ་ཏེ་ སྤ་རོ་རྫོང་ཁག་གི་ཁྲིམས་མདུན་ནང་ལོ་ངོ་གཉིས་ཕྱག་ཞུ་ནུག། དེ་ལས་ ཞི་གཡོག་ནང་ལས་དགོངསམ་ཞུ་སྟེ་ ཁོ་རའི་སྒེར་གྱི་ཁྲིམས་དོན་ཡིག་ཚང་ཅིག་གཞི་བཙུགས་འབད་དེ་ ཁོ་ར་ཁྲིམས་ལྡན་གྱི་ལཱ་ག་ཅི་འབད་དགོ་རུང་འཐུས་ཤོར་མེདཔ་ལས་ འབྲུག་གློག་བརྙན་ཚོགས་པ་དང་འབྲུག་དྭངས་གསལ་རྩོལ་སྒྲུབ་ཚུ་ནང་གི་ཁྲིམས་དོན་གྲོས་བསྟུན་པ་སྦེ་ཕྱག་ཞུཝ་ཨིན་མས།
སྤྱི་ལོ་ ༢༠༡༠ གྱི་ལོ་ལུ་རྟ་མགྲིན་བསོད་ནམས་ཀྱི་འབྲུག་གློག་བརྙན་ཚོགས་པ་ནང་ ཕོ་འཁྲབ་རྩེདཔ་སྦེ་འཛུལ་ཞུགས་འབད་ནུག། ཁོ་གི་གློག་བརྙན་འགོ་དང་པ་ གཉིད་ལམ་ནང་གི་ཨ་ཞེ་ཟེར་ འོད་ལྡན་བཟོ་སྐྲུན་པ་གིས་བཟོ་ཡོད་མི་ནང་ལུ་བརྩེས་ནུག། རྟ་མགྲིན་བསོད་ནམས་ཀྱིས་གློག་བརྙན་ ༢༠ དེ་ཅིག་ནང་ལུ་བཅའ་མར་གཏོགས་ཏེ་ཡོདཔ་ཨིན། རྟ་མགྲིན་ཁོ་ར་འབྲུག་གློག་བརྙན་ཚོགས་པ་ནང་ལུ་འཁྲབ་རྩེདཔ་རྐྱངམ་གཅིག་མེན་པར་ བཀོད་ཁྱབ་མདོ་ཆེན་དང་བཟོ་སྐྲུན་པ་སྦེ་ཡང་ཕྱག་ཞུ་དོ་ཡོདཔ་ལས་ འཕྲལ་ཁམས་ཅིག་ཁར་ གློག་བརྙན་གུ་རུ་རིན་པོ་ཆེ་མཁྱེན་ནོ་ཟེར་མི་འདི་བཀོད་ཁྱབ་འབད་ནུག། རྟ་མགྲིན་བསོད་ནམས་ཁོ་ར་ གློག་བརྙན་ནང་ལུ་རྣམ་འགྱུར་ག་ཅི་བཟུམ་སྟོན་དགོ་རུང་འཐུས་ཤོར་མེདཔ་ལས་ གློག་བརྙན་ཧིང་གཏམ་བང་མཛོད་ཟེར་མི་ནང་ལས་ དགོད་བྲ་སྒྱུར་མི་དྲག་ཤོས་ཀྱི་གསལ་ར་ཡང་ཐོབ་ནུག།
རྟ་མགྲིན་བསོད་ནམས་འདི་ཡོན་ཏན་སྣ་མང་ལྡན་པའི་འཁྲབ་རྩེདཔ་ཅིག་འབདཝ་ལས་ ཁོ་ལུ་ཁྱད་ཆོས་གཞན་ ཞབས་ཁྲ་བརྩམ་ནི་དང་འཐེན་ནིའི་ནང་ལུ་འདུག། ཁོ་གིས་བརྩམས་ཡོད་མི་ཞབས་ཚུ་མང་ཤོར་ར་ རྒྱལཔོ་དང་རྒྱལ་ཁབ་ལུ་བསྟོད་པའི་གླུ་ཚིག་ཚུ་བཙུགས་ཏེ་རྩམ་དོ་ཡོདཔ་ཨིན། རྟ་མགྲིན་གྱིས་བརྩམས་ཡོད་པའི་ཞབས་ཁྲ་ སྐུ་པར་ཟེར་མི་འདི་ རྒྱལ་ཁབ་ནང་གནམ་མེད་ས་མེད་ཡོངས་གྲགས་འགྱོ་ཡོདཔ་ལས་ མི་དྲག་ཞན་ཆེ་ཆུང་མེད་པར་ག་ར་གིས་དགའ་མི་ཅིག་ཨིན།
རྟ་མགྲིན་བསོད་ནམས་ཁོ་ར་ ཆོས་སེམས་དང་བྱམ་སེམས་ཅན་གྱི་མི་ངོམ་ཅིག་འབདཝ་ལས་ ཁོ་གི་ཤ་མ་ཟ་བར་ལོ་ ༡༦ ལངས་ཡོདཔ་དང་ ཁོ་གིས་ཤ་མ་བཞེས་ཟེར་བའི་བརྡ་སྤྲོད་ཚུ་ གློག་བརྙན་མང་ཤོར་ནང་ལུ་ ཁྱབ་སྤེལ་འབད་དེ་ཡོད། རྟ་མགྲིན་གྱི་རྒྱལ་ཁབ་ནད་ཡམས་གྱི་སྟབས་མ་བདེ་བར་སྡོད་པའི་དུས་ལུ་ བདེ་སྲུང་ནང་ལུ་འཛུལ་ཞུགས་འབད་དེ ཕྱག་ཞུ་ནུག། འདི་བཟུམ་སྦེ་ ནད་ཡམས་ཀྱི་སྐབས་ལུ་འགྲོ་འགྲུལ་བཀག་སྡམ་འབད་བའི་དུས་ཚེད་ནང་ འབྲུག་མི་ཡོངས་ལུ་ཐུགས་སྤྲོ་བའི་ལས་རིམ་ལེགས་ཤོམ་འབད་ཟེར་མི་འདི་ འབྲུག་གློག་བརྙན་ཚོགས་པའི་འཁྲབ་རྩེདཔ་ཚུ་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཅིག་འགོ་འདྲེན་འཐབ་ནུག།
རྒྱབ་རྟེན།
འབྲུག་གློག་བརྙན། (༢༠༢༢) འབྲུག་གི་སྙན་གྲགས་ཅན་གྱི་མི། www.facebook.com
འབྲུག་གསར་ཤོག། (༢༠༢༢) རྟ་མགྲིན་བསོད་ནམས་འབྲུག་གི་ཕོ་འཁྲབ་རྕེདཔ། http://www.bhutantoday.bt/