Jump to content

འཇམ་དཀར་སྒྲུབ་ཐབས།

Wikipedia ལས།

༄༅། །འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་བཞུགས་སོ།།

༈ བླ་མ་དང་འཇམ་དབྱངས་དཀར་པོ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་འཇམ་པའི་དབྱངས་དཀར་པོའི་སྒྲུབ་པའི་ཐབས་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། མ་ནམ་བཞི་སྐོར་ལན་གསུམ། རྒྱལ་བ་རྣམས་ལ་ཡོངས་འཛིན་བླ་མ་དང་། །མཁའ་མཉམ་འགྲོ་ལ་བྱམས་པའི་གཉེན་དང་ནི། །ཐར་འདོད་རྣམས་ལ་དགེ་བའི་བཤེས་གཅིག་པུ། །འཇམ་པའི་དབྱངས་ཀྱི་ཞབས་ལ་ཕྱག་བགྱིའོ།། བཅོམ་ལྡན་རྒྱལ་བ་རྡོ་རྗེ་འཆང་ཆེན་ནས། །བཀའ་དྲིན་རྨད་བྱུང་དྲིན་ཅན་བླ་མའི་བར། །དབང་ལུང་མན་ངག་གདམས་པས་རྗེས་བཟུང་བའི། །རྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཟག་མེད་ཁྱབ་བདག་སྐྱེ་མེད་ཆོས་ཀྱི་སྐུ། །སྣང་སྟོང་ཟུང་འཇུག་འགག་མེད་ལོངས་སྤྱོད་རྫོགས། །གང་འདུལ་དེར་སྟོན་ཀུན་ཁྱབ་སྤྲུལ་པའི་སྐུ། །སྐུ་གསུམ་བདག་ཉིད་བླ་མར་གསོལ་བ་འདེབས། །བླ་མ་སྐུ་ཁམས་བཟང་བར་སོགས་བྱའོ། དེ་ནས་ཇི་ལྟར་བལྟམས་པ་སོགས་ཀྱི་ཁྲུས་བྱས། དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་ཁུངས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ༴ །ཆོས་ལ༴ །དགེ་འདུན་ལ༴ །བཅོམ་ལྡན་འདས་རྗེ་བཙུན་འཇམ་པའི་དབྱངས་དཀར་པོ་ལ་སྐྱབས་སུ་མཆིའོ། །ཞེས་པ་ལན་གསུམ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་ལན་གསུམ་བརྗོད། རང་ཉིད་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་ས་བོན་གྱིས་སྙིང་ཁར་མཚན་པ་ཞིག་ཏུ་གྱུར། དེའི་འོད་ཟེར་གྱིས་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་འཇམ་པའི་དབྱངས་དཀར་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་སྐོར་བ་བཛྲ་ས་མཱ་ཛཿ ཞེས་ཚོགས་ཞིང་སྤྱན་དྲངས། དེ་ལ་དམིགས་ཏེ། ཨོ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ། སྔགས་ཐོག་མཐའ་གོང་བཞིན་སྦྱར་ཏེ། པཱ་ཏྱཾ༴ །པུཥྤེ༴ །དྷཱུ་པེ །ཨ་ལོ་ཀེ། གནྡྷེ༴ །ནེེཝི་དྱེ༴ །ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་སྐྱབས་འགྲོ་སྔོན་དུ་འགྲོ་བ་ཅན་གྱིས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པའི་འདུན་རྣམ་དག་ལན་གསུམ་བྱས་ནས། བཛྲ་མུཾཿ ཚོགས་ཞིང་རང་ལ་ཐིམ་པར་གྱུར། ཅེས་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་སོགས་ཚད་མེད་བཞི་བསྒོམ་མོ། །གཉིས་པ་དངོས་གཞི་བདག་བསྐྱེད་ནི། ཨོཾ་སྭ་བྷ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷ་ཝ་ཤུདྡྷོཉཧཾ། བདག་མེད་པའི་རང་བཞིན་གྱིས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། གླང་པོ་ཆེའི་ཁྱུས་མཛེས་ཤིང་། མེ་ཏོག་དང་། རིན་པོ་ཆེའི་ཤིང་དང་། མྱུ་གུའི་མཆོག་ཐམས་ཅད་ཀྱིས་བརྟེན་པའི་ནེའུ་གསིང་མཐོན་ཁའི་དབུས་སུ། པཾ་ལས་བདུད་རྩིའི་རྒྱ་མཚོར་སྐད་སྙན་པའི་ཆུ་བྱ་དང་པདྨ་འཁྲིགས་པའི་དབུས་ཀྱི་སྡོང་པོའི་ཟེའུ་འབྲུར་ཟླ་བ་ལ་ཨ་ལས་འཇམ་པའི་དབྱངས་མཛེས་པ་སྟོན་ཀའི་ཟླ་བའི་རྣམ་པ་ཅན་ཟུར་ཕུད་ལྔ་དང་ལྡན་པ། ཕྱག་གཡས་མཆོག་སྦྱིན་དང་། གཡོན་ཨུཏྤ་ལའི་སྡོང་བུ་ཤེར་ཕྱིན་གྱི་པོ་ཏིས་བརྒྱན་པ་བསྣམས་པ། བརྒྱད་གཉིས་ལང་ཚོའི་དཔྱིད་ཀྱིས་འགྱིང་ཞིང་རྒྱན་གྱིས་བརྒྱན་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པད་ཟླ་ལ་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཡེ་ཤེས་པ་ཛ༔ ཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར། སླར་ཡང་དབང་གི་ལྷ་ཚོགས་སྤྱན་དྲངས། དེ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པས་དབང་བསྐུར། ལུས་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དེ་ལ་དམིགས་ཏེ་ཉེར་སྤྱོད་འབུལ་བ་ནི། ཨོ་ཨརྱ་མཉྫུ་ཤྲཱི་ཨགྷཾ་པྲ་ཏིཙྪ་སྭཱཧཱ། པཱ་པཾ༴ །པུཉྩེ༴ །དྷཱ་པེ༴ །ཨ་ལོ་ཀེ །གནྡྷེ །ནེཝི་དྱེ༴ །ཤཔྟའི་བར་གྱིས་མཆོད། །རྒྱལ་བ་རྣམས་ལ་ཡོངས་འཛིན་བླ་མ་དང་། །མཁའ་མཉམ་འགྲོ་ལ་བྱམས་པའི་གཉེན་དང་ནི། །ཐར་འདོད་རྣམས་ལ་དགེ་བའི་བཤེས་གཅིག་པུ། །འཇམ་པའི་དབྱངས་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བདག་གི་ཐུགས་འོད་ཀྱི་གུར་ཁྱིམ་དུ་གྱུར་པའི་ནང་དུ། ཟླ་བའི་འཁོར་ལོ་རྩིབས་དྲུག་པའི་དབུས་སུ་ཨ་དཀར་པོ་དང་། རྩིབས་རྣམས་ལ་འབྲུ་དྲུག་མ་རེག་ཙམ་དུ། འཁོར་ལོ་གཡས་དང་ཡིག་འབྲུ་གཡོན་དུ་འཁོར་བ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་པར་གྱུར། ཕྲེང་བ་བྱིན་རླབས་བྱ། ཨོཾ་ཝཀེ་དནྣ་མ༔ ཞེས་པ་ཅི་ནུས་སུ་བཟླ། མཐར་སྟོང་འགྱུར་བརྗོད། དེ་ནས་གཏོར་བསྔོས་ནི། ཨོཾ་སྭ་བྷ་ཝ་ཤུདྡྷཿསརྦ་དྷརྨཿ སྭ་བྷ་ཝ་ཤུདྡྷོཉཧཾ། གཏོར་རྫས་རྣམས་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། གཏོར་སྣོད་རིན་པོ་ཆེ་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཞུ་བར་གྱུར། ། ཨོ་ཨཱཧཱུཾ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབ། ཨོཾ་ཝཀེ་དནྟཱ་མ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་དང་། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨ་རག་ནུ་པནྣ་ཏོཏྟ་ཨོཾ་ཨཱ༔ཧཱུྃ་ཕཊ་སྭཱཧཱ། ལན་གསུམ་གྱིས་ཕུལ། །གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་དྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་ཁྱོད་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས།། བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ།། ཤེས་པས་སྲིད་ལ་མི་གནས་ཤིང་། །མྱ་ངན་འདས་དང་འཁོར་མི་གནས།། འཇམ་དབྱངས་ཐུགས་ཀྱི་དངོས་གྲུབ་སྩོལ། །གསུམ་པ་རྗེས་ཆོག་ནི། མཆོད་པ་རྣམས་ཁ་གསོས་ཏེ། ཨོ་ཨརྒྷཾ་པྲ་ཏིཙྪ་ཧཱུཾ། པཱ་ངྱཾ༴ །པུཥྤེ༴ །དྷཱུ་པེ །ཨ་ལོ་ཀེ། གནྡྷེ །ནིཝི་དྱེ༴ །ཤཔྟའི་བར་གྱིས་མཆོད། སྲིད་པའི་འཇིགས་ལས་སྐྱོབ་པ་དང་། །ཕུན་ཚོགས་དངོས་གྲུབ་ཀུན་སྟེར་བ། །ཡིད་བཞིན་ནོར་ལྟར་རྨད་བྱུང་བའི། །བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཡང་བཟོད་པར་མཛད་དུ་གསོལ། །ལྷག་པ་དང་ནི་ཆད་པ་དང་། །ཆོ་གའི་ཡན་ལག་ཉམས་པ་དང་། །བདག་གིས་བརྗེད་ངས་ཅི་བགྱིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །ཞེས་བཟོད་པར་གསོལ། མཐར་མེ་ལོང་ལ་ཧས་བཏབ་པ་ལྟར་བསྡུས་ནས་སྟོང་པ་ཉིད་ལ་གཞུག་པར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་འཇམ་དབྱངས་འགྲུབ་གྱུར་ནས་སོགས་དང་། །ཕྱོགས་དུས་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །དྲིན་ཅན་རྩ་རྒྱུད་བླ་མ་ཡབ་སྲས་ཀྱིས། །བསྟན་འགྲོའི་དོན་དུ་སྨོན་ལམ་གང་བཏབ་པ། །དེ་དག་ཐམས་ཅད་བདག་གིས་འགྲུབ་པར་ཤོག །བརྒྱུད་པའི་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡི་དམ་ལྷ་ཚོགས་རྣམས༴ །དཔའ་བོ་མཁའ་འགྲོ༴ །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །སོགས་ཀྱིས་མཐའ་རྒྱན་པར་བྱའོ།། །།