འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭ།

Wikipedia ལས།

༉ འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭ་འདི་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ལས་ བྱང་ཕྱོགས་ཁ་ཐུགལུ་ ཀི་ལོ་མི་ཊར་ ༡༨ ཀྱི་ས་ཁར་ ས་གནས་བདེ་བ་ཐང་ལུ་ སྤྱི་ལོ་ ༡༩༧༢ ཀྱི་ལོ་ལུ་ ཞི་བའི་བཟོ་རིག་དང་གློག་འབྲེལ་བཟོ་རིག་ནང་ལུ་ གཙུག་ལག་གཞི་རིམ་འོག་མའི་ སློབ་སྦྱོང་བྱིན་ནིའི་དོན་ལུ་ འཕྲུལ་བཟོའི་སློབ་གྲྭ་ཅིག་སྦེ་འགོ་བཙུགས་གནང་ནུག། སྤྱི་ལོ་ ༡༩༧༥ ལས་ ༡༩༩༠ ཚུན་ ས་འཇལ་དང་རླུང་བསིལ་ཚུ་གི་དོན་ལུ་ སློབ་སྦྱོང་ཡང་བྱིན་ཡོདཔ་དང་། སྤྱི་ལོ་ ༡༩༩༠ ལོ་ལས་ སློབ་སྦྱོང་འདི་གི་ལག་ཁྱེར་བྱིན་ནིའི་དོན་ལུ་ སློབ་སྦྱོང་འདི་གི་ལས་རིམ་ཚུ་ ཕུན་ཚོགས་གླིང་ལུ་ཡོད་པའི་ རྒྱལ་གཞུང་འཕྲུལ་རིག་སྤེལ་ཁང་ནང་སྤོ་གནང་ནུག།   ཡོངས་འབྲེལ་ཡུ་ཊུབ། (ལོ་མེད) ནང་བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་ ༡༩༨༨ ཀྱི་ལོ་ལུ་ འཕྲུལ་བཟོའི་ནང་ གཙུག་ལག་འོག་མའི་སློབ་སྟོན་ཡང་འགོ་བཙུགས་པའི་ཁར་ སྤྱི་ལོ་ ༢༠༡༢ ལས་ ༢༠༡༥ ཚུན་ སྦྱོང་ཚན་གསརཔ་ལྔ་ རིམ་པ་བཞིན་དུ་ འགོ་བཙུགས་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༡༥ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༢༧ ལུ་ འབྲུག་གི་བློན་ཆེན་དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ གློག་ཤུགས་བཟོ་རིག་གི་དོན་ལུ་ གཙུག་ལག་གཞི་རིམ་གྱི་སློབ་སྦྱོང་འགོ་འབྱེད་གནང་མི་དང་འབྲེལ་ སློབ་གྲྭ་གི་མིང་ཡང་བསྒྱུར་བཅོས་སྦེ་དེ་ འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭ་ ཟེར་བཏགས་གནང་ནུག།

མཐོ་རིམ་སློབ་གྲྭ་འདི་གི་མིང་དང་ ས་གནས་འདི་འབྲུག་གི་རྒྱལ་རབས་ནང་ལུ་ གལ་གནད་ཅན་སྦེ་བརྩི་དོ་ཡོདཔ་ཨིན། མཐོ་རིམ་སློབ་གྲྭ་འདི་

གི་མིང་ འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭ་ཟེར་ བཞག་དགོ་མི་དེ་ཡང་ སྡེ་སྲིད་འཇིགས་མེད་རྣམ་རྒྱལ་མཆོག་ལུ་གུས་བཀུར་ཞུ་བའི་ཚུལ་སྦེ་ཨིན་པས། དེ་ཡང་ ཧེ་མ་བདེ་བ་ཐང་གི་མིང་ བདེ་དབང་གི་རི་ཟེར་སླབ་ཨིནམ་ད་ དེ་བསྒང་ བིརི་ཊིཤ་གིས་ ས་གནས་དེ་དབང་ནིའི་བརྩིས་རྐྱབ་པའི་སྐབས་ འབྲུག་གི་རྒྱལ་རབས་འབྲུག་གསལ་བའི་སྒྲོན་མེ། (ལོ་མེད་ ༢༠༠༨) ལྟར་དུ་འབད་བ་ཅིན་ མི་དབང་ཞིང་གཤེགས་ འབྲུག་རྒྱལ་དང་པའི་ཡབ་ འབྲུག་སྡེ་སྲིད་འཇིགས་མེད་རྣམ་རྒྱལ་མཆོག་གིས་ མེ་མདའ་རྐྱབ་ད་  ཕྱི་གླིང་པའི་དམག་དཔོན་སྦོམ་ཤོས་བཞི་ལྔ་དེ་ཅིག་ གྱལ་བསྒྲིགས་ཏེ་ཡོད་མི་ཚུ་ལུ་ཕོག་སྟེ་ ག་ར་སྟབས་གཅིག་ལུ་བསད་དཔ་ལས་ དམག་མི་གཞན་ཚུ་ འབྱོག་ཡར་སོཔ་ལས་ རྒྱལ་ཁ༌འཇིགས་མེད་རྣམ་རྒྱལ་མཆོག་གི་ཐོབ་པ་ལས་བརྟེན་ཏེ་ ས་གནས་འདི་གལ་གནད་ཅན་ཅིག་བརྩི་དོ་ཡོདཔ་ཨིན།

འཇིགས་མེད་རྣམ་རྒྱལ་མཐོ་རིམ་སློབ་གྲྭ་འདི་ གཙོ་བོ་ར་ བཟོ་རིག་དང་འདྲ་བའི་འཛིན་སྐྱོང་ དེ་ལས་ འཕྲུལ་རིག་ཚུ་ནང་ལཱ་འབད་མི་ཚུ་གི་

ལྕོགས་གྲུབ་གོང་འཕེལ་གཏང་ནི་དང་། རྒྱལ་ཁབ་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་མཐུན་མི་ དེང་སང་གི་མི་སྟོབས་ཅན་གྱི་

རིག་རྩལ་བཙུགས་ནིའི་དོན་ལུ་ གཞི་བཙུགས་འབད་ནུག། དེ་ཡང་ Jigme Namgyel Engineering College (ལོ་མེད) en.m.wikipedia.org ནང་འབད་བ་ཅིན་ འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭ་གི་ དམིགས་ཡུལ་གཙོ་བོ་ར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དང་འཁྲིལ་ཏེ་ བཟོ་རིག་དང་འབྲེལ་བའི་ལས་སྣ་ཚུ་གི་དོན་ལུ་ སྤུས་ཚད་ཅན་གྱི་ཤེས་ཡོན་

སྤྲོད་དེ་ ལཱ་འབད་མི་དང་ རྒྱལ་ཁབ་གཉིས་ཆ་ར་ལུ་ཕན་ཐོགས་ཚུགསཔ་བཟོ་ནི་དང་། ཞིབ་འཚོལ་འབད་དེ་ རིག་པ་གསརཔ་སྟོན་ནི་ དེ་ལས་ རྒྱལ་ཁབ་ཕྱི་ནང་གཉིས་ཆ་རའི་ ལས་སྡེ་དང་སློབ་རིག་ཚུ་དང་ མཐུན་འབྲེལ་འབད་ནི་ལུ་ དམིགས་གཏད་བསྐྱེད་དོ་ཡོདཔ་ཨིན་མས།

མཐོ་རིམ་སློབ་གྲྭ་དེ་ནང་ ལོ་ངོ་བཞི་གི་དོན་ལུ་ གཙུག་ལག་གཞི་རིམ་གྱི་སློབ་སྦྱོང་གཅིག་དང་ ལོ་ངོ་གཉིས་ཀྱི་དོན་ལུ་ གཙུག་ལག་གཞི་

རིམ་འོག་མའི་སློབ་སྦྱོང་ལས་རིམ་ཁག་བདུན་འབདཝ་ད་ བསྡོམ་གྱིས་སློབ་ཚན་ལས་རིམ་ཁག་བརྒྱད་དེམ་ཅིག་སློབ་སྟོན་འབད་དོ་ཡོདཔ་ཨིན་མས། སྦྱོང་ཚན་འདི་ཚུ་ལས་ སློབ་ཕྲུག་དང་ལེགས་སྦྱར་བ་ཚུ་ མ་འོངས་པ་ལུ་ རྒྱལ་སྤྱིའི་མཐོ་རིམ་སློབ་གྲྭ་ཚུ་ནང་ ལྷོད་ཚུགས་ནིའི་གོ་སྐབས་སྦོམ་ཡོདཔ་དང་ དེ་གི་སྐབས་ལུ་ གྲལ་ཁ་གཏོགས་མི་གིས་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་ལུ་ ལམ་སྲོལ་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་ཚུ་གི་སྐོར་ལས་ཡང་ གོ་བརྡ་སྤྲོད་ཚུགས་པའི་ ཁེ་ཕན་སྦོམ་ཡོདཔ་ཨིན་མས།

རྒྱབ་རྟེན།

སློ་དཔོན་པདྨ་ཚེ་དབང་། (༢༠༠༨) འབྲུག་གི་རྒྱལ་རབས་འབྲུག་གསལ་བའི་སྒྲོན་མེ། འབྲུག། ཐིམ་ཕུ། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།

en.m.wikipedia.org

ཡོངས་འབྲེལ་ཡུ་ཊུབ། (༢༠༡༧)འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ། https://www.youtube.com/watch?v=LmHYci8c4mI