འབྲུ་སྣ་དགུ།

Wikipedia ལས།

ང་བཅས་ར་འབྲུག་པའི་མི་སེར་ཚུ་ སོ་ནམ་ཞིང་ལཱ་ལུ་བརྟེན་ཏེ་འཚོ་བ་སྐྱོང་སྡོད་དོ་ཡོདཔ་ལས་ རྒྱལ་ཁབ་ཀྱི་ས་གནས་མང་ཤོས་ཅིག་ནང་ འབྲུ་སྣ་དགུ་འདི་འཚོ་དོ་ཡོདཔ་ཨིན། དེ་ཡང་ ༡/ ཀར། ༢/ ནག ༣/ བྱཱོ། ༤/ མོན་བྱཱ། ༥/ རེད། ༦/ གེ་ཟ། ༧/ རྒྱ་རེད། ༨/ སྲནམ། ༩/ ཕྱམ་ཚུ་ཨིན། འབྲུ་སྣ་དགུཔོ་འདི་ སྔོན་བྱོན་རྒྱལ་བ་གོང་མ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ བྱིན་གྱིས་བརླབས་པའི་ཟས་མཆོག་གྱུར་ཅིག་ཨིན། ལུང་བསྟནདང་འབྲེལ་བའི་ཟས་འདི་ཚུ་གིས་ ང་བཅས་རའི་རྒྱལ་ཁབ་ཀྱི་སོ་ནམ་པ་ཚུ་ལུ་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་་བཟོ་ཚུགསཔ་མ་ཚད་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ཡང་ཕན་ཐོགས་སྦོམ་སྦེ་ར་བྱུང་ཡོདཔ་ཨིན་པས། དེ་ཡང་ཐོན་སྐྱེད་དེ་ཚུ་ ལོ་གཅིག་མ་ལེགས་རུང་ལོ་གཅིག་ལེགསཔ་སྦེ་འཐོན་དོ་ཡོདཔ་ལས་ གཡུས་ཁར་སྡོད་མི་ཚུ་ལུ་ བཟའ་འཐུང་གི་དཀའ་ངལ་ཚུ་མ་ཐོནམ་མ་ཚད་ ཁོང་གིས་སྦེ་གཞུང་ལུ་་སྡོད་མི་ཚུ་ལུ་ཡང་ཕན་ཐོགས་དོ་ཡོདཔ་ཨིན།
དང་པ་ཀར་ཟེར་མི་འདི་ འབྲུ་སྣ་དགུ་གི་རིགས་ལས་གཅིག་་ཨིན། དེ་ཡང་ དུས་དང་ཕུ་ལས་ད་ལྟོ་ཚུན་གྱི་བར་ན་ཀར་འདི་ མི་ག་་ར་ལུ་་མེད་ཐབས་མེདཔ་ཅིག་ཨིན། འབྲུ་སྣ་ལེ་ཤ་་ཡོད་པའི་གྲལ་་ལས་ ཀར་འདི་གིས་ཟ་ནིའི་་རིགས་མ་འདྲཝ་ལེ་ཤ་བཟོ་བཏུབ་དོ་ཡོདཔ་ཨིན། འབྲུག་རྒྱལ་ཁབ་་རྐྱངམ་གཅིག་མེན་པར་ འཛམ་གླིང་མཐའ་དབུས་མེད་པའི་མི་་ཚུ་གིས་ཀར་འདི་ལུ་གནམ་མེད་ས་མེད་དགའ་དོ་ཡོདཔ་ཨིན། དེ་ཡང་ ང་བཅས་ར་འབྲུག་ལུང་པ་ལུ་འབད་བ་ཅིན་ ཀར་འདི་ལུ་མང་ཆེ་ཤོས་ཅིག་ མི་རྒན་ཤོས་ཚུ་གིས་དགའ་དོ་ཡོདཔ་ཨིན། ཀར་འདི་ཕྱེ་སྦེ་འཐག་ཞིནམ་ལས་ ཨ་ཁམ་བཅམ་སྟེཇ་དང་གཅིག་ཁར་ཟཝ་ཨིན། ཟ་ནིའི་རིགས་རྐྱངམ་གཅིག་མེན་པར་འཐུང་ནིའི་རིགས་ དཔེར་ན་ ཨ་རག་དང་སྦང་་ཆང་གི་རིགས་ཡང་ ཀར་འདི་གིས་བཟོ་བཏུབ་ཨིན།
ཀར་འདི་ས་ཁ་མཐོ་སར་འཚོ་དོ་ཡོདཔ་ཨིན། ཀར་འདི་ ལོ་གཅིག་ནང་ཚར་གཉིས་རེ་འཚོ་དོ་ཡོདཔ་ཨིན་རུང ས་གནས་ལ་ལུ་ཅིག་ནང་ གནམ་དགུན་ལུ་བཏབ་དོ་ཡོདཔ་ཨིནམ་དང་ ལ་ལུ་ཅིག་ནང་གནམ་བྱཱར་ལུ་བཏབ་དོ་ཡོདཔ་ཨིན་པས། དེ་ཡང་ ཧེ་མ་ར་ས་ཞིང་ཚུ་སོན་བཏབ་ནི་གི་དོན་ལུ་ ས་རན་ཏོག་ཏོ་བཟོ་ཞིནམ་ལས་སོན་བཏབ་ཨིན། དེ་གུར་འབྱུང་བ་བཞི་གི་མཐུན་རྐྱེན་ཚུ་ཡང་ལེགས་ཤོམ་ཡོད་པ་ཅིན་ ལོ་ཐོག་ཚུ་ཧོ་ལྗོངས་ལྗོངས་སྦེ་་སྐྱེཝ་ཨིན།
གཉིས་པ་ནག་ཟེར་མི་འདི་་ ཀར་དང་ཕྱདཔ་ད་ དེའི་བཟོ་རྣམ་འདི་སྦོ་རིལ་རི་ཡོདཔ་ལས་ དབྱིབས་ཀྱི་ཁྱད་པར་ཅིག་མ་གཏོགས་ གཞན་མི་ག་ར་དབྱེ་བ་མེད་ཟེར་ཞུ་ནི་ཨིན།
གསུམ་པ་བྱཱོ་ཟེར་མི་འདི་ འབྲུག་རྒྱལ་ཁབ་ནང་མང་ཤོས་ར་ཕྱེ་སྦེ་བཟོ་སྟེ་ཟཝ་ཨིན། དེ་ཡང་ ཕྱེ་འདི་གིས་ཁུ་ལི་དང་པུ་ཏ་ཟེར་ཟས་རིགས་མ་འདྲཝ་ལེ་ཤ་བཟོ་ནི་ཡོདཔ་ཨིན། བྱཱོ་འདི་ཟ་བའི་སྐབས་ཁག་དྲགས་སྦེ་ཡོདཔ་ཨིན། བྱཱོ་གི་ཤིང་འདི་ལྕུག་་ཀུ་སྦེ་སྡོདཔ་ད་ དེའི་འདབ་མ་འདི་ང་བཅས་ཀྱིས་ཚོདམ་སྦེ་ཡང་་བཟོ་ཟ་བཏུབ་ཨིན། བྱཱོ་བསྡུ་ཚར་བའི་ཤུལ་ལས་རྩྭ་འདི་ནོར་གྱི་སུག་མ་སྦེ་བྱིནམ་ཨིན། དེ་མ་ཚད་ཤུན་ལྤགས་ཚུ་ཡང་བྱིན་དོ་ཡོདཔ་ཨིན། བཞི་པ་རྒྱ་རེད་ཟེར་མི་འདི་ཡང་ བྱཱོ་དང་དབྱེ་བ་མེདཔ་ལས་ མ་འདྲཝ་འདི་ར་བཟོ་རྣམ་་འདི་ཨིན་པས། བྱཱོ་དང་རྒྱ་རེད་ལག་ལེན་འཐབ་སྟེ་ ཆང་གི་རིགས་ཚུ་ཡང་བཟོ་བཏུབ་ཨིན་པས།
ལྔ་པ་མོན་བྱཱ་ཟེར་མི་འདི་མང་ཆེ་ཤོས་སྐམ་ཞིང་ནང་སྐྱེ་དོ་ཡོདཔ་ཨིན། མོན་བྱཱ་གིས་ཡང་ཆང་གི་རིགས་བཟོ་བཏུབ་ཨིན། མོན་བྱཱའི་ཤིང་གི་རིང་ཚད་དེ་ཡང་ མི་ཊར་ ༤ དང་ ༥ གི་བར་ན་ ཡོདཔ་ཨིན།
དྲུག་པ་རེད་ཟེར་མི་འདི་ ད་ལྟོ་ང་བཅས་ཚུ་གིས་ དུས་ཕོག་གསུམ་ཟ་མིའི་ལྟོ་འདི་ཨིན། དེ་ལུ་ཡང་ ཆུམ་དཀརཔོ་སྦེ་ཐོན་མི་ཅིག་དང་དམརཔོ་སྦེ་ཐོན་མི་གཉིས་ཡོད། ཡོངས་གྲགས་ལུ་གཡུས་ཆུམ་དཀརཔོ་དང་དམརཔོ་ཟེར་སླབ་ཨིན། རེད་འདི་ས་ཁ་མཐོ་སར་ཨིན་པ་ཅིན་ལེགས་ཤོམ་སྦེ་འཚོ་མི་ཚུགས་དོ་ཡོདཔ་ཨིན་པས། སོ་ནམ་གྱི་ལཱ་ཚུའི་གྲལ་ལས་ཁག་ཆེ་ཤོས་འདི་ར་ རེད་ཀྱི་ལཱ་འདི་ཨིནམ་ལས་ མི་ཚུ་གིས་ཆུམ་དང་ལྟོ་ཚུ་ཆུད་ཟད་མ་པ་ལས་མི་གཏང་དོ་ཡོདཔ་ཨིན། ལྕང་ལཱ་ཟེར་གནམ་བྱཱར་ལུ་ ཆརཔ་གིས་བརྡུངས་ཉིམ་གིས་འཚིག་སྟེ་ལཱ་འབད་དགོཔ་ཨིན། དེའི་འབྲས་བུ་འདི་ གནམ་དགུན་ལུ་བྱཱ་ལཱ་ཟེར་རེད་ཚུ་བསྡུ་ཏེ་ཁྱིམ་ནང་འབག་འགྱོཝ་ཨིན་པས།
བདུན་པ་གེ་ཟ་ཟེར་མི་འདི་ མང་ཤོས་ར་ ཤར་ཕྱོགས་ཁ་ཐུག་ལས་འཐོནམ་ཨིན། དེ་ཡང་ ཤར་ཕྱོགས་ལུ་སྡོད་མི་ཚུའི་དོན་ལུ་འཚོ་བ་འདི་གཙོ་བོ་གེ་ཟ་དང་ཚལ་ལུ་ལུ་བརྟེན་དགོཔ་ལས་ གེ་ཟ་གི་ལཱ་འདི་ལོ་བསྟར་བཞིན་དུ་འབདཝ་ཨིན་པས། གེ་ཟ་ཁ་རང་ཟེར་ དུས་ཕོག་གསུམ་གྱི་ཟས་འདི་གེ་ཟ་ཁ་རང་ལུ་བརྟེནམ་ཨིན་པས། དེ་མ་ཚད་ཆང་ཡང་འདི་གིས་བཟོཝ་ཨིན་པས།
བརྒྱད་པ་སྲནམ་ཟེར་མི་འདི་ ས་གནས་བདེ་བ་ཐང་ལུ་འབྲུ་སྣ་དགུ་གི་ནང་ལས་ཡོངས་གྲགས་ཅིག་ཨིན་པས། འདི་ལུ་ཡང་དབྱེ་བ་ལེ་ཤ་ཅིག་ར་འདུག། སྲནམ་ཟེརཝ་ད་ ང་བཅས་ཀྱིས་བཙོ་ཟ་མི་སྲནམ་འདི་རྐྱངམ་གཅིག་མེན་པར་ སྲནམ་ཅུམ་གྱི་རིགས་ག་ར་འདི་ནང་ཚུདཔ་ཨིན། དེའི་ནང་ལས་ ལ་ལུ་བཙོ་ཟ་ནི་དང་ ལ་ལུ་ཚོདམ་སྦེ་བཙོ་ཟ་ནི་ལེ་ཤ་ར་ཡོདཔ་ཨིན་པས།
དགུ་པ་ཕྱམ་ཟེར་མི་འདི་ མོན་བྱཱ་ཚུ་གི་བར་ན་ལས་ཕར་སྐྱེ་མི་ཚོས་གཞི་གནགཔོ་དང་དམརཔོ་སྦེ་་ཡོདཔ་ཨིན། ཕྱམ་འདི་ཟས་བཅུད་ཅན་ཅིག་ཨིན་ནོ།

ཁུངས་གཏུག།[ཞུན་དག།]

  1. ཚེ་རིང་ཕུན་ཚོགས། (༢༠༡༨) DRU-NA-GU
"https://dz.wikipedia.org/w/index.php?title=འབྲུ་སྣ་དགུ།&oldid=30977" ལས་ སླར་འདྲེན་འབད་ཡོདཔ།