Jump to content

འབྲུག་གསང་སྤྱོད་མི་སྡེ་ལས་ཚོགས། Bhutan Toilet Organization

Wikipedia ལས།

ངོ་སྤྲོད།

[ཞུན་དག]

༉ སྤྱི་ལོ་༢༠༡༤ ཟླ་༡༠ པའི་ནང་ གཞི་བཙུགས་འབད་མི་ འབྲུག་གསང་སྤྱོད་མི་སྡེ་ལས་ཚོགས་དེ་ ཤེས་ཡོན་མཁས་མཆོག་དང་ འབྲི་སྒོའི་ནང་འབྲི་མི་ (Blogger) ཅིག་ཨིན་མི་ པ་སངས་ཚེ་རིང་གིས་ འགོ་འཁྲིད་འབད་དེ་ མི་སེར་གྲལ་གཏོགས་ཅན་གྱི་ མི་སྡེ་བརྡ་བརྒྱུད་ཀྱི་ གོ་བརྡའི་ལས་རིམ་སྤེལ་མི་ཅིག་སྦེ་ འགོ་བཙུགས་ཡོདཔ་ཨིནམ་མས། ལས་ཚོགས་དེ་གི་འཆར་སྣང་དེ་ཡང་ མི་ཚེའི་གནས་ཚད། བརྩི་མཐོང་ཅན་དང་ འཕྲོད་བསྟེན་ཡར་དྲག་གཏང་ནིའི་དོན་ལུ་ གཙང་སྦྲ་དང་ཉེན་སྲུང་ཅན་གྱི་ཆབ་གསང་ཚུ་ ཡོངས་ཁྱབ་ལུ་ཐོབ་ཚུགསཔ་བཟོ་ནི་དེ་ཨིན་པས། དེ་དང་འབྲེལ་ཏེ་ རྒྱལ་ཁབ་ནང་ མི་མང་གི་ ཆབ་གསང་ཚུ་གི་ གནས་སྟངས་ལུ་ འགན་ཁུར་དང་ འགན་འཁྲི་ཚུ་ གཏན་འབེབས་བཟོ་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།

བྱུང་རབས།

[ཞུན་དག]
འབྲུག་གསང་སྤྱོད་མི་སྡེ་ལས་ཚོགས།

སྤྱི་ལོ་ ༢༠༡༥ ལས་ ༢༠༡༦ གི་བར་ན་ འབྲུག་གསང་སྤྱོད་མི་སྡེ་ལས་ཚོགས་ཀྱིས་ ལས་རིམ་ཚུ་གི་སྐབས་ལུ་ གཙང་སྦྲ་འཕྲོད་བསྟེན་གྱི་ མཐུན་རྐྱེན་ཚུ་ དོན་སྨིན་ཅན་དང་ ཕན་ཐོགས་ཅན་ཅིག་སྦེ་ འཛིན་སྐྱོང་འཐབ་ཡོདཔ་མ་ཚད་ ལས་སྡེ་ཚུ་ནང་ འབྲེལ་གཏོགས་འབད་ནི་གི་ གོ་སྐབས་ཚུ་ཡང་ ལེན་ཡོདཔ་ཨིན་པས། ལས་རིམ་དེ་གིས་ སྡེ་ཚན་དེ་ལུ་ ཡོན་ཏན་དང་ཉམས་མྱོང་ཚུ་རྒྱ་ཆེཝ་སྦེ་ཐོབ་སྟེ་ གཞུང་དང་ གོང་འཕེལ་མཉམ་རོགས་གཞན་ཚུ་བརྩིས་པའི་ འབྲེལ་གཏོགས་ཅན་མ་འདྲཝ་ཚུ་དང་གཅིག་ཁར་ མཉམ་འབྲེལ་གཞི་བཙུགས་འབད་ཚུགས་ཏེ་ཡོདཔ་ཨིན།

དགོས་མཁོ་ཡར་སེང་འགྱོ་མི་ལུ་བརྟེན་ སྤྱི་ལོ་ ༢༠༡༦ སྤྱི་ཟླ་ ༡༢ པའི་ནང་ འབྲུག་གསང་སྤྱོད་མི་སྡེ་ལས་ཚོགས་དེ་ གཞུང་འབྲེལ་དུ་ཞི་བའི་མི་སྡེ་ལས་ཚོགས་ཅིག་སྦེ་ ངོས་འཛིན་འབད་ཡོདཔ་དང་ ལས་སྡེ་འདི་ལུ་ འདས་པའི་ལོ་གཉིས་ཀྱི་རིང་ལུ་ བསྟོད་པ་རྐྱབ་ཚུགས་པའི་ ལཱ་ཚུ་འབད་ཡོདཔ་ལས་ དམིགས་ཡུལ་འདི་ གལ་གནད་ཅན་ཅིག་སྦེ་ བརྟན་ཏོག་ཏོ་བཟོ་ནིའི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ཞབས་ལས་ རྒྱལ་ཡོངས་གཟེངས་བསྟོད་གསེར་གྱི་རྟགས་མ་གནང་ཡོདཔ་མ་ཚད་ གཞི་བཙུགས་འབད་མི་ པ་སངས་ཚེ་རིང་ལུ་ཡང་ ཆབ་སློབ་ཀྱི་གོ་གནས་གནང་ཡོདཔ་ཨིན།

སྤྱི་ལོ། ལས་སྣ།
༢༠༡༤ གཞི་བཙུགས་འབད་ནུག།
༢༠༡༥ ལས་ ༢༠༡༦ གོང་འཕེལ་མཉམ་འབྲེལ་གཞི་བཙུགས་འབད་ནུག།
༢༠༡༦ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ཞབས་ལས་ རྒྱལ་ཡོངས་གཟེངས་བསྟོད་གསེར་གྱི་རྟགས་མ་གནང་ནུག།

ཞི་བའི་མི་སྡེ་ལས་ཚོགས་ཀྱི་ གནས་རིམ་ནང་ལྷོད་ཞིནམ་ལས་ འབྲུག་གསང་སྤྱོད་མི་སྡེ་ལས་ཚོགས་ཀྱིས་ གལ་གནད་ཅན་གྱི་ གྲུབ་འབྲས་ཚུ་ བཏོན་ཚུགས་ཏེ་ཡོདཔ་ཨིན་པས། དེ་ཡང་ གཏན་འཇགས་དྲུང་ཆེན་གཞི་བཙུགས་འབད་ནི་དང་ ཞལ་འདེབས་ཕུལ་མི་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་ནི། ལས་འགུལ་མ་འདྲཝ་ཚུ་ ལག་ལེན་འཐབ་ནི། གཙང་སྦྲ་འཕྲོད་བསྟེན་གྱི་ ཐབས་ཤེས་གསརཔ་བཟོ་ནི། འཕྲུལ་རིག་དྲག་ཤོས་ཚུ་ ལག་ལེན་འཐབ་ནི་དང་ དེ་ལས་ རྒྱལ་ཁབ་ནང་འཁོད་ལུ་ ཁས་བླངས་གཞུང་ཚབ་དང་ རྒྱབ་སྐྱོར་འབད་མི་ཚུ་གི་ འབྲེལ་མཐུད་ཚུ་ ལྷག་པར་དུ་སྒྲིང་སྒྲི་བཟོ་ཚུགས་ཏེ་ཡོདཔ་ཨིན།

ཆབ་སློབ་པ་སངས་ཚེ་རིང་ བཀོད་ཁྱབ་གཙོ་འཛིན་།

ལས་སྡེ་དེ་གིས་འགོ་འདྲེན་འཐབ་དོ་ཡོད་པའི་ གལ་གནད་ཅན་གྱི་ལས་རིམ་ཚུ་ཡང་ འབག་བཏུབ་པའི་ ཆབ་གསང་གི་ཞབས་ཏོག་ཚུ་བྱིན་ནི། དུས་སྟོན་མ་འདྲཝ་ཚུ་ནང་ ཆབ་གསང་འཛིན་སྐྱོང་འཐབ་ནི། ལས་སྡེ་དེ་གིས་ ཆབ་གསང་དང་འབྲེལ་བའི་ལཱ་ཚུ་རྐྱངམ་གཅིག་གིས་མ་དོ་བར་ གཙང་སྦྲ་འཕྲོད་བསྟེན་གྱི་ མཐུན་རྐྱེན་ཚུ་ གནས་ཚད་དང་ལྡནམ་སྦེ་བཟོ་ནི། སློབ་གྲྭ་དང་ དགོན་པའི་གཙུག་སྡེ་ཚུ་གི་ ཆབ་གསང་ལེགས་བཅོས་འབད་ནི།  གྲོང་གསེབ་ཀྱི་ས་གནས་ཚུ་ནང་ ཆབ་གསང་བཟོ་བསྐྲུན་ཚུ་ ཡར་དྲག་བཏང་ནི་ དེ་ལས་ སྡོད་ཁྱིམ་ཚུ་ནང་ གཙང་སྦྲ་འཕྲོད་བསྟེན་གྱི་ ས་ཁོངས་ཚུ་ ལེགས་ཤོམ་སྦེ་ བཟོ་བསྐྲུན་འབད་ནི་དང་  རྒྱལ་ཁབ་ནང་ལུ་ གློ་བུར་གྱི་གནས་སྟངས་ཚུ་གི་སྐབས་ལུ་ གཙང་སྦྲ་འཕྲོད་བསྟེན་གྱི་ ཞབས་ཏོག་ཚུ་ གཞི་བཙུགས་འབད་ནི་གི་དོན་ལུ་ ལཱ་ཚུ་འབད་དོ་ཡོདཔ་དང་ དེ་ཚུ་ཡང་ གཙོ་བོ་ར་ རྒྱལ་ཁབ་ནང་འཁོད་དང་ ཕྱི་ཁའི་མཉམ་འབྲེལ་པ་ཚུ་གིས་ གཏོང་ཕོད་ཅན་གྱི་གྲོགས་རམ་ཚུ་གི་ཐོག་ལུ་ འགོ་འདྲེན་འཐབ་ཚུགས་ཏེ་ཡོདཔ་ཨིན།  

འབྲུག་གསང་སྤྱོད་མི་སྡེ་ལས་ཚོགས་ཀྱི་ལཱ་འདི་གིས་ གཞུང་གི་ལས་སྡེ་དང་ ཞི་བའི་མི་སྡེ་ལས་ཚོགས་ གོང་འཕེལ་གྱི་མཉམ་འབྲེལ་པ་ དེ་ལས་ མི་སྡེ་ཚུ་གིས་ བསྟོད་པ་རྐྱབ་སྟེ་ཡོདཔ་ཨིན། ལས་སྡེ་འདི་གི་སྐོར་ལས་ རྫོང་ཁག་ ༢༠ ག་རའི་ནང་ ཡོངས་འབྲེལ་ཚུ་ ནུས་ཤུགས་ཅན་སྦེ་ འགྱོ་སྟེ་ཡོདཔ་ཨིན། ལས་སྡེ་འདི་གིས་ ཡོངས་ཁྱབ་ལུ་ གཙང་སྦྲ་དང་ལྡནམ་པའི་ གསང་སྤྱོད་ཞབས་ཏོག་བྱིན་ནི་དང་ འགྲོ་བ་མི་ཡི་གུས་ཞབས་ཚུ་གོང་ལུ་བཀུར་ཏེ་ འབྲུག་མི་ག་ར་ལུ་ མི་ཚེའི་སྤུས་ཚད་ཡར་དྲག་བཏང་ནི་གི་དམིགས་ཡུལ་ལུ་ ཁས་བླངས་འབད་དེ་ཡོདཔ་ཨིན། འབྲུག་གསང་སྤྱོད་མི་སྡེ་ལས་ཚོགས་ཀྱིས་ འཕྲོ་མཐུད་དེ་ར་ བརྩོན་ཤུགས་དང་ མཉམ་འབྲེལ་གྱི་ཐོག་ལས་ འབྲུག་ལུ་ གཙང་སྦྲ་འཕྲོད་བསྟེན་གྱི་ ཕན་གནོད་ཡུན་བརྟན་བཟོ་ནི་ལུ་ རྩ་འགེངས་དོ་ཡོདཔ་ཨིནམ་དང་ ཆབ་སློབ་པ་སངས་ཚེ་རིང་གིས་ ད་རེས་ལས་ཚོགས་དེ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Jigme Dorji, Department of Culture and Dzongkha Development.

རྒྱབ་རྟེན།

[ཞུན་དག]

Bhutan Toilet Organization

Facebook page