འབྲུག་གི་ཆོས་རྒྱལ་༧ དཔལ་འཇིགས་མེད་གེ་སར་རྣམས་རྒྱས་དབང་ཕྱུག་མཆོག་གི་ཞབས་བརྟན།
༄༅། །འབྲུག་གི་ཆོས་རྒྱལ་༧་ཁྲི་རབས་ལྔ་པ་དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་བརྟན་བཞུགས།།
༄༅། །ཨོཾ་སྭསྟི། དཀོན་མཆོག་རྩ་གསུམ་སྐྱབས་གནས་རྒྱ་མཚོ་ཡིས།། དགེ་ལེགས་རྟེན་འབྱུང་དམ་པའི་མཆོག་སྩོལ་བས། །ས་སྐྱོང་འཇིགས་མེད་གེ་སར་མཚན་ཅན་གྱི། །སྐུ་ཚེ་ཡུན་བརྟན་མངའ་ཐང་རྒྱས་པར་ཤོག། །བཅོམ་ལྡན་ཐུགས་རྗེའི་དབང་ཕྱུག་ཆེན་པོ་ཡིས། །བྱིན་རླབས་བདུད་རྩིའི་ཆར་རྒྱུན་རྣམ་ཀུན་ཕབ། །མི་དབང་ཆོས་རྒྱལ་དམ་པའི་སྐུ་ཚེ་བརྟན། །ཆབ་སྲིད་མངའ་ཐང་དར་ཞིང་རྒྱས་པར་ཤོག། །སྙིགས་དུས་འགྲོ་མགོན་པདྨ་ཀཱ་ར་ཡིས། །འཆི་མེད་བདེ་ཆེན་གྲུབ་པའི་མཆོག་སྦྱིན་པས། །མི་དབང་ཆོས་རྒྱལ་དམ་པའི་སྐུ་ཚེ་བརྟན། །ཆབ་སྲིད་མངའ་ཐང་དར་ཞིང་རྒྱས་པར་ཤོག། །སྐྱབས་མགོན་ངག་དབང་རྣམ་པར་རྒྱལ་བ་ཡིས། །གསང་གསུམ་རྡོ་རྗེའི་དབང་བསྐུར་མི་བསླུ་བས། །མི་དབང་ཆོས་རྒྱལ་དམ་པའི་སྐུ་ཚེ་བརྟན། །ཆབ་སྲིད་མངའ་ཐང་དར་ཞིང་རྒྱས་པར་ཤོག །ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་འཕེལ། །རྒྱལ་བློན་འབངས་འཁོར་དམ་གཙང་མཐུན་འབྲེལ་ཟབ། །བདེ་སྐྱིད་ཕུན་ཚོགས་དཔལ་ཡོན་དགུང་དུ་འཕྱུར། །ལྗོངས་འདི་འཛམ་གླིང་ཀུན་གྱི་རྒྱན་འགྱུར་ཤོག །ཅེས་རབ་འབྱུང་བཅུ་བདུན་པའི་ས་ཕོ་བྱི་བའི་ལོར་མི་དབང་རིན་པོ་ཆེ་་འབྲུག་རྒྱལ་ཁྲི་རབས་ལྔ་པའི་གསེར་ཁྲིར་མངའ་གསོལ་ཞུ་སྐབས་འབྲུག་གཞུང་གྲྭ་ཚང་ཡོངས་ཀྱི་མགྲིན་ཚབ་ཏུ་གཙུག་ལག་སློབ་མིང་བསམ་གཏན་རྡོ་རྗེས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག།
༄༅། །མཁའ་འགྲོའི་བརྟན་བཞུགས་ནི། ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དཀར་མོའི་མདངས་དང་ལྡན། །རང་འདྲ་རྡོ་རྗེ་དཔའ་བོ་བཅས། །འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར། །ཁྱེད་འཁོར་དང་བཅས་ལ་གསོལ་བ་འདེབས། །ཤར་གྱི་དར་ཐག་དབྱིངས་སུ་བསྡུས། །ཤར་གྱི་བསུན་མ་བཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། སྒོས་མཚན་ལྡན་བླ་མའི་སྐུ་ཚེ་བསྲིངས། །རྡོར་སེམས་ཚེ་ཡི་དངོས་གྲུབ་ཀྱིས།། བསྐལ་བརྒྱའི་བར་དུ་ཞབས་བརྟན་ཤོག །ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སེར་མོའི་མདངས་དང་ལྡན། །རང་འདྲ་རིན་འབྱུང་དཔའ་བོ་བཅས། །འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར། །ཁྱེད་འཁོར་དང་བཅས་ལ་གསོལ་བ་འདེབས། །ལྷོ་ཡི་དར་ཐག་དབྱིངས་སུ་བསྡུས། །ལྷོ་ཡི་བསུན་མ་བཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། །སྒོས་མཚན་ལྡན་བླ་མའི་སྐུ་ཚེ་བསྲིངས། །རིན་འབྱུང་ཚེ་ཡི་དངོས་གྲུབ་ཀྱིས། །བསྐལ་བརྒྱའི་བར་དུ་ཞབས་བརྟན་ཤོག །ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དམར་མོའི་མདངས་དང་ལྡན། །རང་འདྲ་པདྨ་དཔའ་བོ་བཅས། །འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར། །ཁྱེད་འཁོར་དང་བཅས་ལ་གསོལ་བ་འདེབས། །ནུབ་ཀྱི་དར་ཐག་དབྱིངས་སུ་བསྡུས། །ནུབ་ཀྱི་བསུན་མ་བཟློག་ཏུ་གསོལ། །སྤྱི་དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། །སྒོས་མཚན་ལྡན་བླ་མའི་སྐུ་ཚེ་བསྲིངས། །སྣང་མཐའ་ཚེ་ཡི་དངོས་གྲུབ་ཀྱིས། །བསྐལ་བརྒྱའི་བར་དུ་ཞབས་བརྟན་ཤོག །བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་ལྗང་མོའི་མདངས་དང་ལྡན། །རང་འདྲ་ཀརྨ་དཔའ་བོ་བཅས། །འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར། །ཁྱེད་འཁོར་དང་བཅས་ལ་གསོལ་བ་འདེབས། །བྱང་གི་དར་ཐག་དབྱིངས་སུ་བསྡུས། །བྱང་གི་བསུན་མ་བཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། །སྒོས་མཚན་ལྡན་བླ་མའི་སྐུ་ཚེ་བསྲིང་། །དོན་གྲུབ་ཚེ་ཡི་དངོས་གྲུབ་ཀྱིས། །བསྐལ་བརྒྱའི་བར་དུ་ཞབས་བརྟན་ཤོག །དབུས་བུདྡྷཱ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སྔོན་མོའི་མདངས་དང་ལྡན། །རང་འདྲ་བུདྡྷ་དཔའ་བོ་ བཅས། །འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར། །ཁྱེད་འཁོར་དང་བཅས་ལ་གསོལ་བ་འདེབས། །དབུས་ཀྱི་དར་ཐག་དབྱིངས་སུ་བསྡུས། །དབུས་ཀྱི་བསུན་མ་བཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད།། སྒོས་མཚན་ལྡན་བླ་མའི་སྐུ་ཚེ་བསྲིངས། །སྣང་མཛད་ཚེ་ཡི་དངོས་གྲུབ་ཀྱིས།། བསྐལ་བརྒྱའི་བར་དུ་ཞབས་བརྟན་ཤོག །ཞིང་རྣམ་པར་དག་པ་རྒྱལ་བའི་ཞིང་། །དུས་གསུམ་སངས་རྒྱས་འཁྲུངས་པའི་ཞིང་། །མ་དང་མཁའ་འགྲོ་འདུ་བའི་ཞིང་། །ཞིང་འདི་ལས་ལྷག་པ་གཞན་ན་མེད། །ཞིང་འདི་ལ་དགོངས་ཏེ་བཞུགས་སུ་གསོལ། །ཁྲི་འགྱུར་བ་མེད་པ་རྡོ་རྗེའི་ཁྲི། །འཕོ་འགྱུར་མེད་པ་ནོར་བུའི་ཁྲི། །འཇིགས་བརྒྱད་བྲལ་བ་སེངྒེའི་ཁྲི། །ཁྲི་འདི་ལས་ལྷག་པ་གཞན་ན་མེད། །ཁྲི་འདི་ལ་དགོངས་ཏེ་བཞུགས་སུ་གསོལ།། གདན་དྲི་མ་མེད་པ་པདྨའི་གདན། །མ་རིག་མུན་སེལ་ཉི་མའི་གདན།། གསལ་འགྲིབ་མེད་པ་ཟླ་བའི་གདན། །གདན་འདི་ལས་ལྷག་པ་གཞན་ན་མེད། །གདན་འདི་ལ་དགོངས་ཏེ་བཞུགས་སུ་གསོལ། །མི་འགྱུར་གཡུང་དྲུང་ལྟ་བུ་བཞུགས་སུ་གསོལ། །མི་འགག་ཚངས་དབྱངས་ལྟ་བུ་བཞུགས་སུ་གསོལ། །གཡོ་མེད་རྡོ་རྗེ་ལྟ་བུ་བཞུགས་སུ་གསོལ། །ལྷུན་གྲུབ་ཆེན་པོའི་ངང་དུ་བཞུགས་སུ་གསོལ། །ཕྱོགས་ལས་རྣམ་རྒྱལ་མངའ་བར་བཞུགས་སུ་གསོལ། །རྒྱལ་བ་རྒོད་ཚང་པ་ལ་མཁའ་འགྲོ་མ་འགྲོ་བ་བཟང་མོས་ཕུལ་བའོ།།