འབྲུག་གི་དྲང་ཁྲིམས་ལྷན་སྡེ།

Wikipedia ལས།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་དགོངས་དོན་ནང་ གཞུང་སྐྱོང་ཡན་ལག་གསུམ་ལུ་དབྱེ་སྟེ་ ཁྲིམས་བཟོ་ལྷན་སྡེ་། འཛིན་སྐྱོང་ལྷན་སྡེ་། དྲང་ཁྲིམས་ལྷན་སྡེ་ ཟེར་ལྷན་སྡེ་གསུམ་ཡོད་པའི་ནང་ལས་ དྲང་ཁྲིམས་ལྷན་སྡེ་ཟེར་མི་འདི་ འབྲུག་གི་དྲང་ཁྲིམས་ སྲུང་སྐྱོབ་དང་རྒྱབ་སྐྱོར་འབད་ནི། དྲང་ཁྲིམས་ཀྱི་བདག་སྐྱོང་དང་འཛིན་སྐྱོང་ཚུ་ འཇིགས་སྣང་ནང་མེད་པར་ རང་དབང་གི་ཐོག་ལས་འབད་ནི། དྲང་ཁྲིམས་ཚུ་ ངོས་ལེན་འབད་ནིའི་ནང་ ནུས་པ་ཅན་ཡོདཔ་བཟོ་ནི། དེ་ལས་ ཁྲིམས་དོན་གྱི་ཤེས་ཡོན་སྤྲོད་ནི་ལ་སོགས་པའི་འགན་དབང་ཡོད་པའི་ལྷན་སྡེ་ཅིག་ཨིན་མས། (Chime Tshoke Dorjee, n.d).

ཁྲིམས་འདི་ ང་བཅས་རའི་རྒྱལ་ཁབ་ནང་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་བརྩམས་བཞག་མི་འདི་ མཐར་ཕྱིན་སྦེ་སྤྱི་ལོ་ ༡༦༥༢ ལུ་ དབུ་མཛད་བསྟན་འཛིན་འབྲུག་རྒྱལ་གྱིས་མཛད་གནང་ནུག། འདི་གི་ཤུ་ལས་ སྡེ་སྲིད་བཅུ་པ་ མི་ཕམ་དབང་པོ་གིས་ ཁྲིམས་འདི་ཚུ་ ལེགས་བཅོས་མཛད་དེ་བརྟན་ཏོག་ཏོ་བཟོ་གནང་ནུག། ཁྲིམས་འདི་ཡང་ གཞི་རྟེན་གཙོ་བོ་ ནང་ཆོས་དང་འབྲེལ་བའི་ མི་ཆོས་གཙང་མ་བཅུ་དྲུག་དང་ ལྷ་ཆོས་དགེ་བ་བཅུ་ལུ་གཞི་བཞག་སྟེ་བརྩམས་གནང་ནུག། འདི་གི་ཤུ་ལས་ དུས་རབས་ ༡༨ པའི་ནང་ འབྲུག་གི་སྡེ་སྲིད་བཅུ་གསུམ་པ་ཤེས་རབ་དབང་ཕྱུག་གིས་ སྡེ་སྲིད་དབུ་མཛད་བསྟན་འཛིན་འབྲུག་རྒྱལ་གྱི་བརྩམས་གནང་མི་ཁྲིམས་འདི་ཚུ་ ཁོ་གིས་འགོ་དང་པ་བསྒྱུར་བཅོས་མཛད་དེ་འདུག། དེ་ལས་ འབྲུག་རྒྱལ་དང་པ་དང་གཉིས་པའི་སྐབས་སུ་ ཧེང་སྐལ་ར་ཁྲིམས་ལེགས་བཅོས་མཛད་གནང་ནུག། འདི་གི་ཤུ་ལས་ ཁག་ཆེ་བའི་ཁྲིམས་འདི་ཚུ་མང་ཤོས་ར་ འབྲུག་རྒྱལ་གསུམ་པའི་སྐབས་ལུ་མཛད་གནང་སྟེ་ མང་རབས་ཅིག་གཞི་བཙུགས་འབད་དེ་ཡོད་པའི་ནང་ལས་ རྒྱལ་ཡོངས་ཚོགས་སྡེ་འགོ་དང་པ་གཞི་བཙུགས་གནང་མི་ ཁྲིམས་གཞུང་ཆེན་མོ་འདི་ཨིན་མས། འདི་གི་ཤུ་ལས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ རྒྱལ་ཁབ་ཀྱི་གནས་སྟངས་དང་འཁྲིལ་ ཁྲིམས་ཚུ་གསར་བཟོ་འབད་ནི་འགོ་བཙུགས་ནུག། (Civic, 2009).

དྲང་ཁྲིམས་ལྷན་སྡེ་གི་འཐུས་མི་ཚུ་ཡང་ ཁྲིམས་སྤྱི་བློན་པོ་གིས་ཁྲི་འཛིན་མཛད་དེ་ མངོན་མཐོའི་ཁྲིམས་འདུན་གྱི་དྲང་དཔོན་གོངམ་དང་ ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན། རྩོད་དཔོན་ཡོངས་ཁྱབ་ཚུ་ཚུདཔ་ཨིན་མས།

དྲང་ཁྲིམས་ལྷན་སྡེ་འདི་གི་འོག་ལུ་ ཁྲིམས་འདུན་བཞི་ཡོད་མི་ཚུ་ཡང་ དང་པ་མངོན་མཐོའི་ཁྲིམས་འདུན། གཉིས་པ་ཆེ་མཐོའི་ཁྲིམས་འདུན། གསུམ་པ་རྫོང་ཁག་ཁྲིམས་འདུན། བཞི་པ་དྲུང་ཁག་ཁྲིམས་འདུན་སྦེ་དབྱེ་བ་ཕྱེས་ཏེ་འདུག།

མངོན་མཐོའི་ཁྲིམས་འདུན་འདི་ ཁྲིམས་སྤྱི་བློན་པོ་དང་དྲང་དཔོན་བཞི་གིས་སྦེ་དྲང་ཁྲིམས་འབད་ནི་དང་ ཁྲིམས་སྤྱི་བློན་པོ་འདི་དྲང་དཔོན་བཞི་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་བསྐོ་བཞག་གནངམ་ཨིན་མས། དེ་ལས་ དྲང་དཔོན་བཞིཔོ་དེ་ཡང་ཆེ་མཐོའི་ཁྲིམས་འདུན་ནང་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་བསྐོ་བཞག་གནངམ་ཨིནམ་དང་ མངོན་མཐོའི་ཁྲིམས་འདུན་གྱི་ཁྱབ་དབང་འདི་ རྒྱལ་ཁབ་ཀྱི་རྫོང་ཁག་ག་ར་ནང་ཡོདཔ་ཨིན་མས།

ཆེ་མཐོའི་ཁྲིམས་འདུན་འདི་སྤྱི་ལོ་ ༡༩༦༨ ལུ་གཞི་བཙུགས་འབད་ཡོདཔ་དང་ འདི་ནང་ཁྲིམས་སྤྱི་དང་དྲང་དཔོན་བརྒྱད་ཡོད་མི་ཚུ་ཡང་ རྫོང་ཁག་གི་དྲང་དཔོན་ཚུ་ལས་གདམ་འཐུ་འབདཝ་ཨིན་མས། དེ་གི་དབང་ཚད་དེ་ཡང་ རྫོང་ཁག་ཁྲིམས་འདུན་ནང་ལུ་རྩོད་གཞི་ཕྱེ་མ་ཚུགས་མི་ཚུ་ ཆེ་མཐའི་ཁྲིམས་འདུན་གྱིས་འབད་དོ་ཡོདཔ་ཨིན།

རྫོང་ཁག་ཁྲིམས་འདུན་འདི་ ཆེ་མཐོའི་ཁྲིམས་འདུན་གྱི་འོག་ལས་ཨིནམ་ད་ འདི་ཡང་ ནང་གི་འགོ་འཛིན་འདི་རྫོང་ཁག་གི་དྲང་དཔོན་ཨིནམ་དང་ དེ་ཡང་ ཁྲིམས་སྤྱོ་བློན་པོ་གིས་ བསྐོ་བཞག་གནངམ་ཨིན། དྲང་ཁྲིམས་དེའི་དབང་ཚད་འདི་ཡང་ རྫོང་ཁག་ནང་འཁོད་ཀྱི་རྩོད་གཞི་ཚུ་གི་འཁྲུན་ཆོད་བཏོན་ནི་འདི་ཨིན་མས།

དྲུང་ཁག་ཁྲིམས་འདུན་འདི་ཁྲིམས་འདུན་གྱི་ནང་ལས་དམའ་ཤོས་ཅིག་ཨིནམ་ད་ འགོ་འཛིན་དེ་ཡང་ ཁྲིམས་སྤྱི་བློན་པོ་གིས་བསྐོ་བཞག་གནངམ་ཨིན་མས། དྲང་ཁྲིམས་དེའི་་དབང་ཚད་འདི་ཡང་ དྲུང་ཁག་ནང་འཁོད་ཀྱི་རྩོད་གཞི་ཚུ་གི་འཁྲུན་ཆོད་བཏོན་ནི་ཨིན་མས། (Civic, 2009).

རྒྱབ་རྟེན།

The Royal Education Council. (2009). Bhutan Civics. Paro, Bhutan: The Royal Education Council.

Chimmi, T, D. and Ershadul, k. (n.d). Research Guide to the Legal System of the Kingdom of

Kingdom of Bhutan. Retrieved from https://www.nyulawglobal.org/globalex/Bhutan.html

Judiciary system of Bhutan. Retrieved from https://en.wikipedia.org/wiki/Judicial_system_of_Bhutan

https://en.wikipedia.org/wiki/Judicial_system_of_Bhutan