འབྲུག་དཀར་བརྒྱུད་ཆོས་སྡིངས་ལྷ་ཁང་གི་ཆགས་རབས་མདོར་བསྡུས།
རྒྱབ་ཁུངས།

འབྲུག་དཀར་བརྒྱུད་ཆོས་སྡིངས་ཀྱི་ལྷ་ཁང་འདི་ སྤ་རོ་ཚོང་འདུས་ཁྲོམ་ཁར་ གཡས་སུ་ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱི་གདན་ས་མཆོད་རྟེན་ལྷ་ཁང་དང་མཛེས་བཀོད་ཕུལ་དུ་ཕྱིན་པའི་ བོད་བསམ་ཡས་ཀྱི་དབུ་རྩེའི་བཀོད་པ་ཕུན་ཚོགས་དཔལ་རིའི་ཕོ་བྲང་ དེའི་མདུན་ཕྱོགས་སུ་ ཧཱུཾ་རལ་མགོན་པོའི་བཞུགས་གནས་བྱག་འོག་གནས་ཁང་དང་དེ་གུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་དཔལ་ལྡན་འབྲུག་པའི་ཆོས་སྲིད་ལུགས་གཉིས་ཀྱི་སྲོག་རྫོང་ རིན་ཆེན་སྤུངས་པའི་རྫོང་གི་གནས་མཆོག་ཁྱད་པར་ཅན་དང་ ལྟ་རྫོང་དུང་དཀར་གཡས་འཁྱིལ་གྱི་ཐད་ཕྱོགས་དང་ རིའི་མཐའ་འཁོར་འབྲས་ལ་བསམ་གཏན་རྩེ་མོ་དང་ དྲུང་དྲུང་གི་བཞུགས་གནས་དགོན་ས་ཁ་ ཕྱོགས་ལས་ཡེ་ཤེས་དངོས་གྲུབ་ཀྱི་གདན་ས་གསང་སྔགས་ཆོས་འཁོར་ ཆོས་སྐྱོང་རྩེ་ འབྲང་རྒྱས་དགོན་པ་ སྒོ་རི་ན་ བྲག་དཀར་པོ་ལ་སོགས་པའི་ གནས་རྩ་ཅན་གྱི་ལྷ་ཁང་དང་ གནས་ཆེན་བྱིན་རླབས་ཅན་འཛོམས་པའི་དབུས་སུ་ ག་ནི་བ་བརྗིད་ཆགས་ཏོག་ཏོ་དང་ལྷག་པར་དུ་ རྒྱལ་མཆོག་དྲུང་དྲུང་དག་སྣང་གཟིགས་ཚུལ་དང་འཁྲིལ་ ཆུ་བྱག་ཁ་ཧཱུཾ་གི་མགོ་དང་། རྡོ་གནགམ་དང་ལྟ་རྫོང་ཧཱུཾ་གི་གཡས་གཞོགས། ཟུར་རི་གཡོན་གཞོགས། རིན་རྫོང་དཀྱིལ་དང་ ཉལ་མིག་ཕྱོགས་ཀྱི་གཙང་ཆུ་ཧཱུཾ་གི་མཇུག་སྦེ་ རི་གླིང་ཡོངས་རྫོགས་ཡི་གུ་ཧཱུཾ་གི་རྣམ་པ་སྦེ་ཡོད་པའི་དབུས་སུ་ འབྲུག་དཀར་བརྒྱུད་ཆོས་སྡིངས་ཀྱི་གདན་ས་ཆགས་ཏེ་ཡོདཔ་ཨིན། འབྲུག་ཆོས་སྡིངས་ལྷ་ཁང་འདི་ ཞབས་དྲུང་མ་བྱོན་མའི་སྔ་གོང་ རབ་བྱུང་ ༨ པའི་ དུས་རབས་ ༡༥ པའི་སྤྱི་ལོ་ ༡༥༢༢ ལུ་ ཆོས་རྗེ་འབྲུག་པ་ཀུན་ལེགས་དང་ ནང་སོ་རིན་ཆེན་བཟང་པོ་དང་ཡབ་གཅིག་པའི་ སྐུ་མཆེད་རྒྱལ་དབང་ཀུན་དགའ་དཔལ་འབྱོར་གྱི་ནུ་གཅུང་ལྷ་དབང་གི་སྲས་བླམ་ངག་དབང་ཆོས་རྒྱལ་གྱིས་ འབྲུག་རྒྱལ་ཁབ་ནང་ལུ་སྒང་ཏོག་མང་རབས་ཅིག་ནང་ གདན་ས་བཅགས་ཡི་རང་འབྱོན་པའི་ནང་ལས་གདན་ས་ འགོ་ཐོག་དང་པ་སྦེ་ས་གནས་དེ་ཁར་ ལྷ་ཁང་འདི་བཞེངས་གནང་ཡོདཔ་ཨིན་པས། དེ་གིས་སྦེ་ དྲུང་དྲུང་གིས་ ལུང་ཆུ་ཡོད་ཚད་ཆུ་རགས་བཙུགས་གནང་། བླམ་ངག་དབང་ཆོས་རྒྱལ་གྱིས་ སྒང་ཏོག་ཡོད་ཚད་གདན་ས་བཅགས་གནངམ་ལས་ དཔེ་གཏམ་ལུ་ཡང་ པུས་མོ་མ་ལྷོང་ཞིག། འབྲུག་པ་གིས་གདན་ས་བཏབ་འོང་། སྣ་ཆུ་མ་འཛག་ཅིག་ཧཱུཾ་རལཔ་གིས་ཆུ་རགས་བཙུགས་འོང་ཟེར་སླབ་སྲོལ་ཡང་དར་ནུག། ལྷ་ཁང་འདི་ནང་ སྔོན་བྱོན་གྱི་སྐྱེས་བུ་དམ་པ་མང་རབས་ཅིག་གིས་དེ་ཁར་བྱོན་གནང་སྟེ་བྱིན་གྱིས་བརླབས་གནང་བའི་ས་གནས་ཅིག་ཨིནམ་ལས་ ཞབས་དྲུང་མཆོག་ཁོ་རའི་ཕྱག་ཞུ་མི་ཚུ་དང་གཅིག་ཁར་ ཐིམ་ཕུག་རྡོ་སྔོན་རྫོང་ལས་སྦེ་ དབང་འདུས་རྩེ་སྒང་ཏོག་བརྒྱུད་ འབྱ་ཞིང་གིས་གང་བའི་ཐིམ་ཕུག་ལུང་གཤོང་ དགོན་སྡེ་ཚུ་ག་ར་གཟིགས་ འཇམ་དབྱངས་ཀུན་དགའ་སེང་གེ་གི་གདན་ས་ ཆོས་འཁོར་རྩེ་ལུ་སྐུ་ངལ་བཞུགསཔ་ད་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ མ་འོངས་པ་ན་ ཐིམ་ཕུག་གི་གཞུང་འདི་ ངེའི་ལག་པར་ཚུད་དེ་ ལྕང་གླིང་མའི་ཐང་ནང་ རྟ་རྒྱུག་རྐྱབ་ནིའི་དུས་ཚོད་ཅིག་འོང་ཟེར་ ལུང་བསྟན་གནང་ནུག། དེ་ལས་རིམ་པ་བཞིན་དུ་ སྤུས་མོ་བདེ་ཆེན་ཆོས་འཁོར་དང་ ཚེ་ལུང་ནང་གི་གནས་ཚུ་ནང་བྱོན་ དེ་ལས་འབྲས་ལ་བསམ་གཏན་ཆོས་འཁོར་ལས་སྦེ་ ཡབ་མེས་ངག་དབང་ཆོས་རྒྱལ་གྱི་གདན་ས་ སྤ་རོ་ཚོང་འདུས་ འབྲུག་དཀར་བརྒྱུད་ཆོས་ལྡིངས་ལུ་ཕེབས་ཡོདཔ་ཨིན་པས། དེ་བསྒང་ སྤ་རོའི་སྒྲུབ་སྡེའི་སྤྱི་བླ་དྲུང་རམ་པ་གིས་ཕེབས་བསུ་མཛད་གནང་སྟེ་ སྐུ་ངལ་གནང་བཞུགས་ནུག། དེ་མ་ཚད་ དྲུང་དྲུང་གི་གདུང་འཛིན་བླ་མ་ འབྲུག་བསམ་གཏན་སྤུན་སྲས་ཚུ་དང་ གཟར་ཆེན་ཆོས་རྗེ་རྡོ་རྗེ་རྒྱལ་པོ་ཡབ་སྲས་ཚུ་གིས་གཙོས་པའི་ སྤ་རོ་ཕྱོགས་ཀྱི་སྦྱིན་བདག་གྲྭ་བུ་སློབ་ཚུ་ག་ར་གིས་ ཕྱག་དབང་བཅར་ཏེ་ རང་སོའི་མོས་པ་ལྟར་དུ་ བཀའ་ཆོས་དབང་ལུང་ཚུ་གནང་ཡོདཔ་ཨིན་པས། ཞབས་དྲུང་རིན་པོ་ཆེ་ འབྲུག་ཆོས་སྡིངས་ལུ་སྤ་རོ་སྟོད་སྨད་ཀྱི་སྦྱིན་བདག་ཚུ་གིས་ འབུལ་བ་རྒྱ་ཆེ་ཏོག་ཏོ་ཕུལ་ཏེ་ མཐུན་རྐྱེན་ཕུན་སུམ་ཚོགས་ཏོག་ཏོ་སྦེ་བཞུགསཔ་ད་ བླ་མ་ལྷ་པའི་བརྒྱུད་འཛིན་པ་ཚུ་ ཕྲག་དོག་ལང་སྟེ་ཡོད་པའི་ཁར་ གཙང་སྡེ་སྲིད་ཡང་ ཞབས་དྲུང་ལུ་ཞེ་སྡང་གིས་མ་བཟོད་པར་ བོད་ར་ལུང་ལུ་ཡོད་པའི་མཆོད་གཞི་ཚུ་ སྡེ་སྲིད་གཙང་པ་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱིས་དབང་བའི་ཁར་ ཞབས་དྲུང་གི་སྐུ་སྲོག་ལུ་ཡང་ གནོདཔ་བཀལ་ལྷོ་ལུངམ་དབང་ལུ་བསྡུ་ནིའི་བསམ་པ་བསྐྱེད་དེ་ དམག་དཔོན་གཙོ་བོ་ ལ་གུ་ནས་ཀྱིས་གཙོས་པའི་དམག་དཔུང་སྤ་རོ་ལུ་བཏང་སྟེ་འབྲུག་ལུ་བོད་དམག་ཐེངས་དང་པ་འདི་ སྤྱི་ལོ་ ༡༦༡༨ དེ་ཅིག་ལུ་རྐྱབ་ཡོདཔ་ཨིན་མས། དེ་བསྒང་ཞབས་དྲུང་རིན་པོ་ཆེ་མཆོག་ འབྲུག་དཀར་བརྒྱུད་ཆོས་སྡིངས་ལུ་ ཡེ་ཤེས་མགོན་པོའི་ལྷ་མངས་ཀྱི་སྒྲུབ་ཆེན་གནང་ནི་སྦེ་བཅའ་སྒྲིགམཛད་དེ་བཞུགས་བཞུགས་པ་རང་ གཙང་པའི་དམག་དང་ ལྷ་པའི་དམག་གིས་ སྤ་རོ་ཚོང་འདུས་ལས་ ཕྱ་དང་ཧུ་བསྐུལ་བའི་སྐད་གངམ་ད་ལས་འགལ་ དམག་འོངམ་མ་ཚོར་བས། དེ་འཕྲོས་ལས་ཞབས་དྲུང་རིན་པོ་ཆེ་མཆོག་ བླ་ཆས་རང་བཞེས་ལོང་མེད་པར་ ན་བཟའ་རས་དཀརཔོ་ཅིག་བཞེས་ཏེ་ ཧཱུཾ་རལ་རྫོང་ནང་འབྱོག་བྱོནམ་ད་ ཕྱག་གཡོག་གཅིག་གིས་ རྟེན་སྒམ་དང་མཆོད་ཆས་དག་པ་ཅིག་བསྒྱོམས་འབག་འོང་རུང་ བོད་དམག་གིས་ཧཱུཾ་རལ་རྫོང་ཡང་བསྐོར་ར་རྐྱབ་ཡོདཔ་ལས་ ཞབས་དྲུང་དེ་ནང་མ་བཞུགས་པར་གསང་བའི་སྒོ་ལས་ རྫོང་གི་ལྟག་ལས་འདམ་ཅན་ནང་ཁ་ཐུག་བྱོན་ དེ་ལས་སྦེ་ འདམ་ཅན་ནང་ལས་ དགོན་ཁ་པ་བཟོད་པ་པད་དཀར་གྱིས་གཙོས་པའི་དགོན་ཁ་པའི་དམག་གིས་ ཞབས་བསུ་ཞུ་སྟེ་འབྲས་ལ་ཁ་ཐུག་ལུ་གདན་འདྲེན་ཞུ་བའི་སྐབས་ཝང་ཅང་ དོས་སྟེང་པ་འོག་གི་དམག་གིས་ བོད་དམག་གི་གདོང་ལེན་འབད་དེ་ ག་ར་རུབ་སྟེ་བོད་དམག་དང་གཅིག་ཁར་ཕྱད་མདའ་རྐྱབ་ཞབས་དྲུང་རིན་པོ་ཆེ་གིས་ འབྲས་ལ་ལུ་དཔལ་ཡེ་ཤེས་མགོན་པོ་ལུ་དམོད་བཅོལ་མཛདཔ་ཙམ་གྱིས་རང་ ཁོང་བོད་དམག་གི་མིག་ཁར་ ཞབས་དྲུང་ཡང་ རུས་པའི་རྒྱན་ཆ་སྦེ་མཐོངམ་ལས་ ཁོང་གིས་ ཞབས་དྲུང་ལུ་མ་པ་ལས་རང་གླགས་འཁེལ་མ་ཚུགས་པའི་ཕོ་མཐོང་སྟེ་ བོད་ལུ་ལོག་སོང་ནུག། དེ་ལས་ ཞབས་དྲུང་མཆོག་དམག་ལུ་བྱོན་ནི་ཕར་བཞག་ ཁོ་རང་དང་ཕྱག་ཞུ་མི་ཚུ་དང་གཅིག་ཁར་ རྟེན་སྒམ་ཚུ་བསྣམས་ཏེ་ འབྲས་ལ་བསམ་གཏན་ཆོས་འཁོར་ལུ་བྱོནམ་ད་ དཔལ་ཡེ་ཤེས་མགོན་པོ་དང་ཞལ་དངོས་སུ་མཇལ་ཏེ་ ད་ལས་ཕར་ ལྷོ་ལུངམ་གི་ས་གཞི་དང་ དེ་ཁའི་མི་སེར་ཚུ་བདག་འཛིན་འཐབ་དགོ་པའི་ ལུང་བསྟན་ཡང་གནང་ཡོདཔ་ལས་ མཇལ་ལ་ཟེར་བའི་མཚན་ཡང་དེ་སྦེ་བཏགས་གནང་ནུག། དེ་སྦེ་ལུང་བསྟན་ཐོབ་རུང་ སྤ་རོ་ལུ་དམག་གི་བྱེལཝ་མ་ཆད་པར་ཡོདཔ་ལས་ འབྲས་ལ་ལུ་མ་བཞུགས་པར་ ངག་དབང་ཆོས་རྒྱལ་གྱི་གདན་ས་སྤྱི་མིག་ཐང་རབ་བརྟན་གླིང་ལུ་བྱོན་ དེ་ལས་སྦེ་ ཐིམ་ཕུག་སྤང་རི་ཟམ་པ་དང་ ཤར་ཝ་ཅན་ཀོ་ཀ་རྫོང་ལུ་བྱོན་བཞུགསཔ་ད་ དེ་བསྒང་འབྲུག་ཆོས་སྡིངས་ལུ་ལུས་ཡོད་པའི་སྐུ་ཆས་ཚུ་ཡང་ ཕྱག་ཞུ་མི་ཚུ་གིས་ བསྡུ་སྟེ་ཕུལ་ཡོདཔ་ལས་ ཐུགས་མཉེས་ཅི་ཟེར་ཨིན་པས། ཞབས་དྲུང་མཆོག་ སྤ་རོ་ལུ་འགོ་དང་པ་བྱོན་པའི་སྐབས་གཙང་པའི་དམག་གིས་བར་ཆད་བྱུང་ཡོད་རུང་ རྐྱེན་ངན་པ་དེ་ལུ་བརྟེན་ཏེ་ རྒྱབ་སྐྱོར་གནང་མི་མང་རབས་ཅིག་ཐོན་ དཔལ་ཡེ་ཤེས་མགོན་པོས་ཞལ་གཟིགས་ཏེ་ལུང་བསྟན་ཐོབ་ཡོདཔ་ལས་དཔལ་ལྡན་འབྲུག་པའི་ལུགས་གཉིས་ཀྱི་བསྟན་པ་བཙུགས་ནི་གི་ཐུགས་བསྐྱེད་དམ་བཅའ་དང་ཐུགས་ཀྱི་སྤོབས་པ་རྒྱ་ཆེ་དྲགས་སྦེ་ཐོབ་ནི་འགོ་བཙུགས་ཡོདཔ་ཨིན། དེ་མ་ཚད་ འབྲུག་ཆོས་སྡིངས་ལྷ་ཁང་འདི་ རྩ་ཅན་ཅིག་ཨིན་མི་དེ་ཡང་ དང་པ་བླམ་ངག་དབང་ཆོས་རྒྱལ་ཁོ་རང་གིས་ ཐུགས་སྨོན་དང་བཅསཔ་སྦེ་འགོ་དང་པ་རང་ ལྷ་ཁང་འདི་བཞེངས་གནང་ཡོད་པའི་ ལྷ་ཁང་དེ་ནང་ ནང་རྟེན་ཡང་ མ་འོངས་པའི་སངས་རྒྱས་ རྒྱལ་ཚབ་བྱམས་པ་མགོན་པོ་བཞུགས་ཡོདཔ་ལས་བརྟེན་ཏེ་ཨིན་པས། ལྷག་པར་དུ་ དུས་རབས་ ༡༧ པའི་ནང་ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ བོད་ལུ་བཞུགསཔ་ད་རང་ མགོན་པོའི་བསྙེན་པ་ཅིག་གནང་ནིའི་ཐུགས་བཞེད་ཡོད་རུང་ ཐུགས་བདེ་ཏོག་ཏོ་ཅིག་མེདཔ་ལས་ མགོན་པོའི་བསྙེན་པ་གནང་མ་ཚུགས་པའི་ཁར་ དེ་ལས་ ལྕགས་རི་ལུ་བཞུགས་རུང་རྩ་ལས་གནང་མ་ཚུགསཔ་ལས་བརྟེན་ དེ་བསྒང་ སྤ་རོ་ལུ་བྱོན་ཏེ་ ད་རེས་ཡོད་པའི་ལྷ་ཁང་ནང་བཞུགས་ཏེ་ ཟླ་ངོ་གསུམ་དེ་ཅིག་སྐྱིད་ཏོང་ཏོ་སྦེ་ མགོན་པོའི་བསྙེན་པ་གནང་སྟེ་བཞུགསཔ་ད་ བོད་ལས་བོད་དམག་ཐེངས་མང་རབས་ཅིག་ཐོནམ་ལས་ བོད་དམག་ལས་གཡིབ་སྟེ་གསུང་ཆོག་ཚུ་ཡང་ མཆོད་པའི་སྒྲ་ཙམ་ཡང་ཕྱི་ཁར་མ་གོཝ་སྦེ་ ཁུ་སིམ་སི་སྦེ་གནང་ཡོདཔ་ལས་ ད་རེས་ནངས་པ་མགོན་པོ་དབང་ཆོག་གི་གསུང་ཆོག་ཚུ་ཡང་ རོལ་མོའི་སྒྲ་ལས་འགོ་བཟུང་ མཆོད་པའི་སྒྲ་དབྱངས་ཕྱི་ཁར་མ་གོཝ་སྦེ་གནང་དགོ་པའི་ཁུངས་དེ་ཡང་ དེ་སྦེ་ཨིན་ཟེར་ ད་རེས་སྐྱབས་རྗེ་ཞིང་གཤེགས་དམ་པ་བསྟན་འཛིན་དོན་གྲུབ་ཀྱི་ཞལ་གདམས་ སྐྱབས་རྗེ་རྗེ་མཁན་ཁྲི་རབས་ ༧༠ པ་སྤྲུལ་སྐུ་འཇིགསམེད་ཆོས་གྲགས་ལུ་གསུངས་མི་ནང་ལུ་ འབྲུག་རྒྱལ་ཁབ་ཀྱི་དབང་ཆོག་འགོ་དང་པ་དེ་ སྤ་རོ་འབྲུག་བཀའ་བརྒྱུད་ཆོས་སྡིངས་ལུ་སྦེ་གནང་ཡོདཔ་ངེས་ཏིག་ཨིནམ་སྦེ་གསལ་ཁུངས་གསུངས་ཡོདཔ་ཨིན་པས།
སྤ་རོ་ཟེར་བའི་མིང་དོན།
ལུང་ཕྱོགས་དེ་གི་མིང་ལུ་སྤ་རོ་ཟེར་སླབ་དགོ་པའི་ཁུངས་དོན་འདི་ དུས་རབས་༸ པའི་ནང་ བྱོན་པའི་ཨོ་རྒྱན་གུ་རུ་རིན་པོ་ཆེའི་གཏེར་ཡིག་ཚུ་ནང་ལས་འབད་བ་ཅིན་ སྤ་རོ་ཟེར་མེན་པར་ སྤ་དྲོ་དང་ པ་དྲོ་་ སྤ་གྲོ་ཟེར་མི་ཚུ་ཐོནམ་ཨིན་མས། སྤ་དྲོ་ཟེར་མི་མིང་གི་ཐ་སྙད་དེ་ གཅིག་འབདན་སྒྲ་འདོད་རྒྱལ་ཨིན་རུང་ ཡིག་འབྲུ་རེ་རེ་བཞིན་གྱི་གོ་དོན་དང་འཁྲིལ་བ་ཅིན་ སྤ་ཟེར་མི་འདི་མཛེས་ཏོག་ཏོ་ཅིག་དང་ རྒྱན་དང་སྤོབས་པ་ཚུ་ལུ་གོཝ་ལས་ ལུང་ཕྱོགས་འདི་ རང་བཞིན་གྱི་མཛེས་བཀོད་དང་ལྡན་པའི་ལུངམ་ རྒྱལ་ཁབ་ཀྱི་རྒྱན་ཆ་བཟུམ་ཅིག་ལུ་གོ་ནི་དང་། དྲོ་ཟེར་མི་འདི་ བག་དྲོ་ཞིང་བྱིན་ཆགས་པ་ ཡིད་ཁར་འོང་བ་ གཡང་བཅུད་དང་ལྡན་པ་ཅིག་ལུ་གོཝ་ལས། ལུང་ཕྱོགས་འདི་ནང་སྐྱེར་ཆུ་ལུ་ སྟོན་པའི་རྒྱལ་ཚབ་ཇོ་བོ་ཤཱཀྱ་མུ་ནེ་བཞུགས་ཡོད་པ་དང་ སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེ་གི་གཙོས་པའི་རྒྱལ་བ་གོངམ་མང་རབས་ཅིག་གི་ཞབས་ཀྱིས་བཅགས། ཆོས་ནོར་དམ་རྗས་ཀྱི་གཏེར་ཁ་མང་རབས་ཡོད་པའི་སྦས་གནས་ཁྱད་དུ་འཕགས་པ་ཅིག་ཨིན་པའི་ཁར་ འབྲང་རྒྱས་ཁ་ སྟེང་རྒྱ་ཁ་ རྫོང་བྲག་ སྒང་སྟེར་ རམ་ནག་ལྔ་ནང་ལྷ་མོ་ཚེ་རིང་མཆེད་ལྔའི་གནས་ཆགས་ཡོད་པ་ལས་བརྟེན་ མི་ག་ར་ཨིན་རུང་ དེ་ནང་ལྷོད་པ་ཅིན་ལོག་སྟེ་རང་གི་གཡུས་ལུ་འགྱོ་དགོ་མ་མནོ་བའི་བག་ཆགས་ཏོག་ཏོ་ཡོད་ནི་དེ་གིས་ སྤ་དྲོ་ཟེར་མིང་བཏགས་བཏགསཔ་ཅིག་འོང་ནི་མས། ཨིན་རུང་ སྤ་དྲོ་ཟེར་བའི་མིང་ཚིག་གི་སྒྲ་འདི་ཡིག་ཐོག་ལུ་འབྲིཝ་ད་ སྒྲ་ཟུར་ཉམས་ཏེ་ སྤ་དྲོ་ལས་སྤ་གྲོ་དང་ དེ་ལས་རིམ་པ་བཞིན་དུ་ད་རེས་ནངས་པར་འབྲི་སྲོལ་ཡོད་མི་སྤ་རོ་ལུ་གྱུར་ཡོདཔ་ཨིན་པས། དེ་འབདཝ་ད་ མིང་དེ་དུས་ནམ་ལས་བཏགས་ཡོདཔ་ཨིན་ན་ དེ་གི་ལོ་རྒྱུས་ག་གིས་ཡང་སླབ་མ་ཚུགས་པར་སྡོད་ཡོདཔ་ལས་ སྤ་དྲོ་དང་བུམ་ཐང་ཟེར་བའི་མིང་གི་ཐ་སྙད་དེ་ཚུ་ འབྲུག་རྒྱལ་ཁབ་ཀྱི་ས་ཆའི་མིང་གནས་ཚུ་གི་གྱལ་ལས་ རྙིང་ཤོས་ཅིག་ཨིན་མས།
ཞབས་དྲུང་རིན་པོ་ཆེ་མཆོག་རིན་སྤུངས་རྫོང་གི་སྔོན་མ་འབྲུག་ཆོས་སྡིངས་ལུ་བཞུགས་པ།
འབྲུག་གི་ལྷ་སྐལ་མཉམ་མེད་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ རྒྱལ་ཁབ་འདི་ནང་ དཔལ་ལྡན་འབྲུག་པའི་ཆོས་སྲིད་ལུང་གིས་བསྒྱུར་བའི་བསྐལ་པ་གསར་དུ་ཆགས་པའི་དུས་ལུ་ གདན་ས་དང་པ་ལྕགས་རི་བདུད་འདུལ་ཕོ་བྲང་། བཞི་པ་འབྲུག་པ་དབང་འདུས་ཕོ་བྲང་ཚུ་རིམ་པ་གསར་གཞེངས་གནང་། དེའི་ཤུལ་མ་ ཐིམ་ཕུག་རྡོ་སྔོན་རྫོང་ལས་ གདན་ས་བཀྲིས་ཆོས་རྫོང་ལུ་བསྒྱུར་ ནམ་བྱཱར་གྱི་བཞུགས་གནས་རྒྱལ་ས་ལུ་བཟོ་སྟེ་ ཡུན་མ་རིངམོ་ཅིག་ཁར་ སོག་པོ་དང་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཁ་བསྡོམས་པའི་དམག་ཆེན་ཐེངས་དང་པ་སྤ་རོ་ལུ་བཙུགས། ཡུན་མ་རིང་བར་དམག་གི་རྒྱལ་ཁ་ འབྲུག་པ་གིས་ཐོབ་ཚར་བའི་ཤུལ་མར་ གནམ་ལོ་༡༦༤༤ གི་ལོ་མཇུག་ཙམ་ལུ་ ཞབས་དྲུང་རིན་པོ་ཆེའི་ཐུགས་དགོངས་ལུ་རྒྱལ་ཁབ་འདི་ནང་ སྤ་རོ་གི་ས་ཆ་འདི་གནད་ཆེ་ས་ཅིག་ཨིན་མས། དེ་ནང་ལུ་ ཕྱིའི་དགྲ་བཏུལ་ས་དང་ ནང་གི་སྡེ་སྐྱོང་ས་ ཞབས་དྲུང་རིན་པོ་ཆེ་དང་དུས་མཉམ་གསང་བ་ཆོས་ཀྱི་ བསྟན་པ་སྤེལ་སའི་ རྫོང་གཞིས་སྦོམ་ཅིག་བཞེངས་དགོ་པའི་ཐུགས་བཞེད་གནང་སྟེ་ ཆོས་ཀྱི་བསྟན་པ་སྤེལ་སའི་རྫོང་ ས་བརྟག་དཔྱད་གནངམ་ད་ རིན་སྤུངས་བྲག་གི་གཞི་བདག་ ཧཱུྂ་རལ་མགོན་པོ་གིས་ དངོས་སུ་ཞབས་སར་བཅར་ཏེ་ སྤ་རོ་ལུང་པའི་མགོ་ཞབས་ག་ར་མངའ་འབངས་ལུ་ཕུལ་ནུག དེ་དང་དུས་མཚུངས་ ཧཱུྂ་རལ་དྲུང་དྲུང་གི་ གདུང་བརྒྱུད་ཧཱུྂ་རལ་ གླིང་གསུམ་ཡོད་པའི་གཙོ་བོ་ ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱི་ ཤུལ་འཛིན་པ་ བླ་མ་འབྲུག་སྒྲ་གི་སྲས་ བླམ་དཀོན་མཆོག་འབྲུག་རྒྱལ་དང་བླ་མ་བྱིན་རླབས། གླིང་ཆེན་གཉིས་པ་ བློ་གྲོས་རིན་ཆེན་གྱི་ ཤུལ་འཛིན་པ་ འབྲུག་འོད་ཟེར་གྱི་སྲས་ཆེ་བ་ ཆོས་རྗེ་འབྲུག་གྲགས་དང་ཆུང་བ་ ཆོས་རྗེ་རིན་ཆེན་འབྲུག་རྒྱལ་སྐུ་མཆེད་གཉིས། གླིང་ཆེན་གསུམ་པ་ ཆོས་རྗེ་རྣམ་རྒྱལ་གྲགས་པའི་བརྒྱུད་འཛིན་པ་ བསམ་གཏན་རྒྱལ་པོའི་སྲས་ བླ་མ་བཙན་དར་བཀྲིས་དང་ དེའི་སྲས་ཟིལ་གནོན་དབང་པོ་དང་ རྟ་མགྲིན་དབང་རྒྱལ་སྐུ་མཆེད་ག་ར་ གཅིག་ཁར་འཛོམས་ཏེ་ འབྲུག་ཆོས་སྡིང་ལུ་ ཞབས་དྲུང་རིན་པོ་ཆེའི་ཞབས་སར་བཅར། རྟེན་འབྲེལ་གྱི་ཆེ་བ་ལུ་དགོངས་ཏེ་ གོ་ཁྲབ་གཅིག་གིས་གཙོས་པའི་ལེ་ཚན་ གཏོས་ཆེ་བའི་ཕྱག་མཇལ་དང་བཅས་ མགྲིན་དབྱངས་གཅིག་གྱུར་གྱི་ཐོག་ལས་བླ་མ་རིན་པོ་ཆེ་རྫོང་ས་གཞན་ལས་འཚོལ་བ་མ་གནང་ཞིག སྤ་རོ་ལུང་པའི་ས་མདུད་རྫོང་སའི་ འོས་འབབ་ཡོད་མི་འདི་ ཧཱུྂ་རལ་ཁ་འདི་རང་ཨིནམ་ལས་ ཧཱུྂ་རལ་རྫོང་འདི་ ང་བཅས་ཧཱུྂ་རལ་ བརྒྱུད་འཛིནཔ་ག་ར་བསྟུན་གྲོས་གཅིག་མཐུན་གྱི་ཐོག་ལས་ བླ་མ་རིན་པོ་ཆེ་ལུ་ཕུལཝ་ཨིན། རྫོང་གསརཔ་རང་བཞེངས་དགོ་རུང་ དེ་ནང་ལུ་བཞེངས་གནང་ཟེར་ ལྷག་བསམ་རྣམ་དག་གི་ཐོག་ལས་ཕུལ་ནུག། ཞབས་དྲུང་རིན་པོ་ཆེ་ཡང་འདི་ལུ་ ཐུགས་ག་ཅི་དེ་མཉེས་ཏེ་ ཁྱེད་ཧཱུྂ་རལ་པ་ཚུ་ལུ་ རེ་བ་ཡང་སྦོམ་སྦེ་རང་ཡོདཔ་ཨིན། རེ་བ་བཞིན་དུ་བྱུང་ཡང་བྱུང་ཡི། ཁྱེད་ཀྱི་ཧཱུྂ་རལ་ རྫོང་ཕུལ་མི་འདི་ བསྟན་འགྲོའི་དོན་ཆེན་སྦོམ་གྲུབ་ཨིནམ་ལས་ རྗེས་སུ་ཡིད་རངས་ཀྱི་ལེགས་སོ་ཡོད། དེ་མ་ཚད་ཁྱལ་ཕུལ་མི་འདི་ཡང་ རྫོང་འདི་གི་ དགྲ་བྱང་ཕྱད་ཐུབ་པའི་རྟེན་འབྲེལ་བཟང་ཡི་ཟེར་གསུངས། ཧཱུྃ་རལ་རྫོང་འདི་ ཞབས་དྲུང་རིན་པོ་ཆེ་གིས་རྩིས་བཞེས་གནང་ནུག དེ་གི་ལེགས་དྲིན་ལུ་ ཞབས་དྲུང་རིན་པོ་ཆེའི་ཞབས་ལས་ ཧཱུྂ་རལ་བརྒྱུད་འཛིན་པ་ཚུ་ལུ་ ད་ལས་ཕར་གྱི་ཁྱལ་འཐུས་དང་ འུར་ལཱ་ག་ར་ ཡངས་ཆག་གནངམ་མ་ཚད་ ཧཱུྂ་རལ་བརྒྱུད་འཛིན་ཚུ་ལུ་ འབྲུག་རྒྱལ་ཁབ་ནང་གི་ རྫོང་གཞིས་ག་ཏེ་རང་འགྱོ་རུང་ སྣེ་ལེན་དང་བརྩི་མཐོང་འབད་དགོ་པའི་བཀའ་ཐམ་རེ་ གདན་ས་ཕན་ཚུན་གཉིས་དང་ སྤ་གྲོ་ཕྱག་མཛོད་ལུ་སྦེ་གནང་པའི་ཁར་ རྫོང་གི་ས་རིན་ཡང་ལོགས་སུ་སྦེ་གནང་ནི་ཨིན་ཟེར་བཀའ་གནང་ནུག།
འབྲུག་གི་རྒྱལ་རབས་འབྲུག་གསལ་བའི་སྒྲོན་མེའི་ནང་ལུ་འབད་བ་ཅིན་ ཞབས་དྲུང་རིན་པོ་ཆེ་མཆོག་ རང་གི་ཡབ་མེས་ འབྲུག་ཆེན་ངག་དབང་ཆོས་རྒྱལ་གྱི་གདན་ས་ སྤ་རོ་འབྲུག་ཆོས་སྡིངས་ལུ་གསུང་ཆོག་གནང་ནིའི་བཅའ་སྒྲིག་མཛད་དེ་ བཞུགས་པའི་སྐབས་ སྡེ་སྲིད་གཙང་པ་གིས་ ཕྲག་དོག་གིས་མ་བཟོད་པར་ གདན་ས་འབྲུག་དགོན་པ་དང་གཞིས་ཀ་མགར་གྲོང་དང་བཅས་པ་རྩིས་ལེན་ཚར་རུང་ ད་རུང་མ་རངས་པར་ ཞབས་དྲུང་ལུ་བཀའ་ཤོག་ཡི་གུ་ཅིག་བཏང་པའི་ལན་ལུ་ ཞབས་དྲུང་རིན་པོ་ཆེ་གིས་ཡང་ སྡེ་སྲིད་གཙང་པ་མིང་མེད་ཐལ་བར་བརླག་མ་ཚུགས་པ་ཅིན་ སྤྱིར་འབྲུག་པ་ལུ་ཆོས་སྐྱོང་མེད་པའི་རྟགས་མཚན་དང་ ང་རང་ཡང་འབྲུག་མི་ངོ་མ་མེནམ་ཐག་ཆོད་ཟེར་བའི་ བཀའ་ཤོག་གནང་ཡོདཔ་ལས་བརྟེན་ མཁས་པའི་དམག་དཔོན་ལ་གུ་ནས་ཀྱིས་གཙོས་པའི་ དམག་དཔུང་ཅིག་ ཧང་སྟོངམ་སྦེ་ མཚོན་ཆ་དང་བཅསཔ་སྦེ་སྤ་རོ་ཐོན་མཐོངམ་ལས་ ཞབས་དྲུང་རིན་པོ་ཆེ་མཆོག་གི་སྐུ་སྲོག་ལུ་ཉེས་སྐྱོན་བྱུང་སག་ས་སྦེ་འོངམ་ལས་ ཚར་གཅིག་ མཆོད་ཆ་དང་ མཁོ་ཆེ་བའི་ཅ་ལ་ཚུ་ཡང་བདག་འཛིན་འབད་ལོང་མེད་པར་ ཞབས་དྲུང་སྐུ་འཁོར་དང་བཅས་པ་ ཕ་དྲུང་དྲུང་གི་བཞེངས་མི་ ཧཱུཾ་རལ་རྫོང་ནང་བྱོན་ཏེ་གཡིབས་བཞུགས་དགོཔ་བྱུང་ནུག་ཟེར་འཁོད་དེ་འདུག། ཨིན་རུང་ ངག་རྒྱུན་དང་འཁྲིལཝ་ད་ ཞབས་དྲུང་རིན་པོ་ཆེ་མཆོག་ཟླ་ངོ་གསུམ་དེ་ཅིག་ ལྷ་ཁང་དེ་ནང་བཞུགསཔ་ད་ ཝང་ཅངཔ་དང་ ཁང་ཁུགཔ་ཚུ་གིས་ཉིན་མའི་གསོལཝ་ཚོགས་ཚུ་བཙར་ཚུགས་མ་ཚུགསཔ་སྦེ་དྲངས་ཡོདཔ་ལས་ ད་རེས་གཡུས་དེ་ཚུ་ནང་ ཞབས་དྲུང་གི་ཐུགས་སྨོན་ལས་བརྟེན་ཏེ་ལོ་ཉེས་པའི་དུས་སྐབས་མེདཔ་ཨིན་པས། དེ་མ་ཚད་ ཞབས་དྲུང་རིན་པོ་ཆེ་མཆོག་ ལྷ་ཁང་དེ་གི་འོག་ཐོག་ལུ་བཞུགས་ཏེ་ ལུགས་གཉིས་འཁོར་ལོ་བསྒྱུར་བའི་ལུང་བསྟན་གཟིགས་ས་དང་ མགོན་པོའི་དབང་ཆོག་ཡང་འགོ་དང་པ་རང་ ལྷ་ཁང་དེ་ནང་གནངམ་ལས་བརྟེན་ཏེ་ རྩ་ཆེ་དྲགས་སྦེ་བརྩི་དོ་ཡོད་པའི་ཁར་ དེ་བསྒང་ལྷ་ཁང་གི་འོག་ཐོག་ལུ་ མགོན་ཁང་ཅིག་ཡང་ཡོདཔ་ཨིན་རུང་ བར་སྐབས་ཅིག་ལས་ ལོ་རྒྱུས་ཚུ་ཡིག་ཐོག་ལུ་མེདཔ་ལས་བརྟེན་ཏེ་ ཉམས་སོཔ་ཨིན་པས། ད་རེས་ནངས་པ་རྩ་ཆེ་བའི་འབྲུག་ཆོས་སྡིངས་ལྷ་ཁང་འདི་ ཉམས་ཆག་ཤོར་ཡོདཔ་ལས་ ལུང་བསྟན་དང་འཁྲིལ་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་ལྷ་ཁང་དེ་ནང་གཟིགས་སྐོར་གནང་བའི་སྐབས་ལུ་ ལྷ་ཁང་གི་རྩ་ཆེ་ཧིང་དང་ ལྷ་ཁང་ཉམས་ཆག་ཤོར་ཡོད་མི་་ལུ་ཐུགས་ཀྱིས་མ་བཟོད་པར་ ཉམས་གསོ་ཞུ་ནིའི་ཐུགས་བཞེད་གནང་སྟེ་ ཞལ་བཀོད་གནང་ཡོད་མི་དང་འཁྲིལ་ སྲོལ་འཛིན་ལས་ཁུངས་ཀྱི་འོག་ལུ་ཡོད་པའི་སྤ་རོ་འབྲུག་རྒྱལ་རྫོང་ཉམས་གསོའི་ལས་འགུལ་གྱིས་སྦེ་ ཉམས་གསོ་ཞུ་ནིའི་དོན་ལུ་ལཱ་ཚུ་འགོ་བཙུགས་ཡོདཔ་ཨིན། དེ་གི་སྦེ་ ཉམས་གསོའི་ལཱ་འགོ་བཙུགས་ནིའི་དོན་ལུ་ སྤྱི་ཚེས་ ༠༢/༡༡/༢༠༢༠ ལུ་རྫོང་ཁག་དང་གཅིག་ཁར་འགོ་ཐོག་ཞལ་འཛོམས་གནང་ཐོག་ལས་ ལཱ་འགོ་བཙུགས་ནིའི་དོན་ལུ་ ལཱ་གི་བགོ་བཀྲམ་སྦེ་གཟའ་སྐར་ཚུ་ཡང་ རིན་སྤུངས་རབ་སྡེའི་བླམ་གནས་བརྟན་ ཀུན་ལེགས་བསྟན་འཛིན་གྱིས་གཟིགས་ཏེ་ སྤྱི་ཚེས་ ༠༦/༡༡/༢༠༢༠ རེས་གཟའ་སྤེནམ་ལུ་ གཟའ་སྐར་དགེ་བའི་འཕྲོད་སྦྱོར་དང་བསྟུན་ རིན་སྤུངས་རབ་སྡེའི་བླམ་གནས་བརྟན་གྱིས་གཙོས་པའི་ རིན་སྤུངས་རབ་སྡེ་གིས་སྤོ་ཆོག་གནང་ཡོད་པའི་ཁར་ དེ་ནང་ལུ་ རྫོང་ཁག་གི་རྫོང་རབ་དང་ འབྲུག་རྒྱལ་རྫོང་གསར་བཞེངས་ཀྱི་ལས་འགུལ་འགོ་དཔོན་ སྲོལ་འཛིན་འགོ་དཔོན་དང་ འབྲེལ་ཡོད་རྫོང་ཁག་གི་འགོ་དཔོན་ཚུ་དང་ གཞན་འབྲེལ་ཡོད་ཀྱིས་ འབྲེལ་གཏོགས་གནང་ཡོད་མི་དང་འཁྲིལ་ སྤྱི་ཚེས་ ༡༦/༡༡/༢༠༢༠ ལས་ལཱ་དངོས་གཞི་འགོ་བཙུགས་ཡོདཔ་ཨིན།
ལྷ་ཁང་འདི་གི་འོག་ཐོག་ལུ་ ཧེ་མ་ལས་ས་གོ་སྦོམ་ཡོད་རུང་ ལག་ལེན་མ་འཐབ་པར་བསུབས་ཏེ་ཡོད་མི་ཚུ་སེལ་ཚར་བའི་སྐབས་ལུ་ ས་གོ་སྦོམ་ཐོན་ཡོདཔ་ལས་ གདོང་གི་སྒོ་གསརཔ་བཙུགས་ ནང་ན་ལུ་འཐིངས་གཞི་ཚུ་ཡང་ དང་ཕུའི་ལམ་ལུགས་ལྟར་ཞ་ལིའི་འཐིངས་གཞི་བཙུགས་གནང་ མཆོད་བཤམས་ཚུ་ཡང་གསརཔ་བཙུགས་ཏེ་ མགོན་ལྕམ་དྲལ་གསུམ་གྱིས་གཙོས་པའི་ མགོན་ཁ་ཆེན་མོ་གསར་དུ་བཙུགས་ དེ་དང་འཁྲིལ་བའི་ དཔལ་ལྡན་འབྲུག་པའི་ ཡེ་ཤེས་མགོན་པོ་ལྷ་མང་གི་ཆོ་ག་ མགོན་པོ་དབང་ཆེན་བཙུགས་གནང་ཡོདཔ་ཨིན། ལྷག་པར་དུ་ མགོན་ནང་གི་སྡེབ་བྲིས་ཚུ་ཡང་ ཞབས་དྲུང་རིན་པོ་ཆེ་གི་སྤ་རོའི་མཛན་རྣམ་རྐྱངམ་ཅིག་གུ་གཞི་བཞག་སྟེ་འདུག
སྦོ་ཁ་རྫོང་། · མཆོད་རྟེན་སྐོར་ར། · ལྷ་ཁང་དཀར་པོ། · ཡོངས་ལ་དཔལ་རི་དགོན་པ། · སྐྱིད་ཆུ་ལྷ་ཁང་། · རྡོ་ལུང་ དགོན་པ། · བྱམས་པ་ལྷ་ཁང་། · སྟག་ཚང་། · མཚམས་བྲག་དགོན་པ། · སྒང་སྟེང་གསང་སྔགས་ཆོས་གླིང་། · སྐུ་རྗེས་ ལྷ་ཁང་། · ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན། · རྡོ་བགྲེད་རྫོང་། · སྒོམ་ཕུག་སྐོར་ར། · རྟ་མགོ་དགོན་པ། · བུ་ལི་ ཁི་ལམ་ ལྷ་ཁང་། · བསྟན་ཆེན་ཆོས་གླིང་དགའ་ཚལ་བཙུན་མའི་མཐོ་རིམ་བཤད་གྲྭ།། · ཨོ་རྒྱན་གུ་རུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།། · ཟུར་རི་ལྷ་ཁང་། · འབྲུག་དཀར་བརྒྱུད་ཆོས་སྡིངས་ལྷ་ཁང་གི་ཆགས་རབས་མདོར་བསྡུས།; རྟ་མཆོག་སྒང་ལྷ་ཁང་།། · དགོན་གསར་ཁ་ལྷ་ཁང་། · མཆོད་རྟེན་སྙིང་པོ། · རྫོང་བྲག་ཁ།། · བདེ་ཆེན་ཕུག་ལྷ་ཁང་།། · ལྕང་གང་ཁ་ལྷ་ཁང་།། · དབང་འདུས་རྩེ་ལྷ་ཁང་།། · ཕ་ཇོ་སྡིངས།། · གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།། · གསེར་ལུང་དགོན་འཛིན་གྲྭ་ཚང་།། · ཉི་ཟེར་སྒང་དགེ་འདུན་ཆོས་གླིང་ལྷ་ཁང་།། · ཀུན་བཟང་བྲག། · ཁྱི་མེད་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། · དཀོན་མཆོག་གསུམ་ལྷ་ཁང་།། · དགྲ་མེད་རྩེ་ལྷ་ཁང་།། · གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་།། · ཕྱག་རྡོར་ལྷ་ཁང་།། · ལྩང་སྒང་ཁ་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། ·