Jump to content

འབྲུག་དང་པའི་རྟོགས་བརྗོད།

Wikipedia ལས།

མི་དབང་ཨོ་རྒྱན་དབང་ཕྱུག་མཆོག་ སྐུ་འཁྲུངས་པ་དང་སྐུ་ཡོན་སྦྱངས་པ་མཛད་པའི་སྐོར།

[ཞུན་དག]

༉ དེ་ཡང་ རང་ལུགས་འདས་ལོ་ ༢༡༡ རབ་བྱུང་ ༡༤ པའི་ཆུ་ཁྱི་ སྤྱི་ལོ་ ༡༨༦༢ ཀྱི་ལོ་ལུ་ ཀུར་སྟོད་དུང་དཀར་ཆོས་རྗེ་ལས་འབད་མི་ ཡབ་ཀྲོང་གསར་དཔོན་སློབ་བཅུ་པ་འཇིགས་མེད་རྣམ་རྒྱལ་དང་ བུམ་ཐང་གཏམ་ཞིང་ཆོས་རྗེ་ ཨོ་རྒྱན་ཕུན་ཚོགས་ཀྱི་སྲས་མོ་ ཡུམ་ཨ་ཞེ་པད་མ་ཆོས་སྐྱིད་གཉིས་ཀྱི་སྲས་སུ་ བུམ་ཐང་དབང་འདུས་ཆོས་གླིང་ལུ་ དགེ་བའི་མཚན་བཟང་པོ་དང་བཅས་ཏེ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ནི་ སྐུ་འཁྲུངས་ཡོདཔ་ཨིན་པས། གོང་ས་མི་དབང་ཨོ་རྒྱན་དབང་ཕྱུག་མཆོག་ནི་ སྲས་སྲོས་གསུམ་གྱི་བར་མ་ཨིནམ་ལས་ སྲས་དང་པ་ནི་ སྤྱི་ལོ་ ༡༨༥༦ ལོར་སྐུ་འཁྲུངས་པ་དང་ གསུམ་པ་ནི་ སྲས་མོ་ཨ་ཞེ་ཆོས་སྒྲོན་ཨིན་པས།
དེ་ལས་ ཨོ་རྒྱན་དབང་ཕྱུག་མཆོག་ནི་ སྐུ་ན་ཆུང་ཀུའི་བསྒང་ལས གཞན་དང་མ་འདྲ་བའི་ཁྱད་དུ་འཕགས་པའི་སྟོབས་དང་ རིག་རྩལ་གྱི་ཁྱད་ཆོས་ཚུ་ གཞན་ལས་མ་འདྲཝ་ཡོདཔ་མ་ཚད་ འགྲན་ཟླ་དང་བྲལ་བའི་གྲགས་པ་ཐོན་དོ་ཡོདཔ་ཨིན་པས། དེ་ལས་ ཁོ་ར་སྐུ་ན་ཨ་རྩི་བཞེངས་པའི་བསྒང་ལས་ནི་ ཁོ་རའི་ཨ་ཞང་ པད་གླིང་བརྒྱད་པ་ཀུན་བཟང་བསྟན་པའི་ཉི་མ་ལས་ བྲི་ནི་དང་ལྷག་ནིའི་ཡན་ཏན་ཚུ་ ལྷབ་སྦྱངས་འགོ་བཙུགསཔ་ད་ ཤེས་བྱ་ཡོན་ཏན་ཚུ་ལྷབ་སྦྱངས་འབད་བའི་སྐབས་ སྔོན་སྦྱངས་ཀྱི་ངང་གཤིས་ཡོད་ནི་འདི་གིས་ དཀའ་སྡུག་མེད་པར་མཁྱེན་ཏེ་ རང་ལུགས་ཀུན་རྫོབ་ཀྱི་ཡོན་ཏན་ཚུ་ ལེགས་ཤོམ་སྦེ་ལྷབ་སྦྱངས་མཛད་གནངམ་མ་ཚད་ ལྷག་པར་དུ་ དཔལ་ལྡན་འབྲུག་པའི་སྒྲིག་ལམ་རྣམ་གཞག་ལུ་གཙོ་བོར་བཏོན་ཏེ་ དགུང་ལོ་ ༨ དེམ་ཅིག་ཁ་ལས་ ཡབ་ཀྱི་སྒོ་ཁར་ སྤྱིར་བཏང་གི་འཇར་རོགས་དང་དབྱེ་བ་མེད་པར་ ཉི་མ་ཕྱག་ཞུ་མི་ མི་སེར་དམངས་ཀྱི་གྱལ་ཁར་ དྲོ་པ་དང་ཕྱི་རུ་ཕྱག་སྒར་པའི་སྦུག་ན་སྒྲིག་རྒྱུག་སྟེ་ དཔལ་ལྡན་ཆོས་རྗེ་འབྲུག་པའི་སྒྲིག་ལམ་ལུ་ ཉམས་བཞེད་ག་དེ་དྲག་དྲག་ལེགས་ཤོམ་སྦེ་མཛད་གནང་ནུག། ཡབ་འཇིགས་མེད་རྣམ་རྒྱལ་གྱིས་ ཁོ་རའི་སྲས་ཨོ་རྒྱན་དབང་ཕྱུག་ནི་ དེ་བཟུམ་མའི་སྔ་གོང་གཉིས་ལུ་ཕྱག་སྒར་པའི་གྲལ་བཞུགས་ནི་དང་ གསོལ་ཚོགས་ཚུ་ཡང་འཇར་རོགས་ཚུ་དང་གཅིག་ཁར་བཞེས་བཅུག་མི་དེ་ཡང་ མ་འོངས་པ་ལུ་མི་སེར་གཞན་གྱི་སྐྱིད་སྡུག་ཚུ་ ཧ་གོ་ཚུགས་པའི་ཐུགས་དགོངས་བཞེས་གནང་སྟེ་ ཁོ་ལུ་སྦྱངས་པ་མཛད་གནང་བཅུག་ནུག།
དེ་ལས་ དགུང་ལོ་བཅུ་གཉིས་ལས་ ས་དམར་རྫིང་ཁ་དང་ལུང་བསྟན་ཟམ་པའི་བར་གྱི་ལམ་སེལ་བའི་སྐབས་ ཨོ་རྒྱན་དབང་ཕྱུག་ཁོ་ར་ཡང་ འཇར་རོགས་གཞན་ཚུ་དང་འདྲན་འདྲ་ཕྱག་ཞུ་བཅུགསཔ་མ་ཚད་ ནགས་ཚལ་ལས་ཕར་ ཤིང་ཚུ་ཡང་འཐུ་སྟེ་ རྫོང་ནང་ལྷོད་དགོ་པའི་ཕྱག་འགན་ཚུ་ དགུང་ལོ་བཅུ་དྲུག་གི་རིང་ དཔལ་ལྡན་འབྲུག་པའི་སྒྲིག་ལམ་ཚུ་ ཉམས་བཞེད་མཛད་དེ་བཞུགས་ནུག། དེ་ལས་ རང་ལུགས་འདས་ལོ་ ༢༢༢ སྤྱི་ལོ་ ༡༨༧༣ པའི་ལོ་ལུ་ ཡབ་འཇིགས་མེད་རྣམ་རྒྱལ་མཆོག་ནི་ སྡེ་སྲིད་ལྔ་བཅུ་ང་གཅིག་པའི་ཁྲི་ལས་དགོངས་ཞུ་སྟེ་ སྡེ་སྲིད་ང་གཉིས་པའི་ཁྲི་ཐོག་ལུ་ ཡབ་ཀྱི་སྤུན་མཆེད་ གོང་གཟིམ་སྐྱིད་ཚལ་པ་རྡོ་རྗེ་རྣམ་རྒྱལ་ལུ་གོ་སར་བསྐོས་གནང་སྟེ་ ཡབ་རྗེ་ཁོ་ར་ནི་ སེམས་རྟོགས་ཁ་ལུ་བཞུགས་པའི་བསྒང་ སྤུངས་ཐང་རྫོང་དཔོན་དམ་ཆོས་རིན་ཆེན་གྱིས་ ཡབ་ལུ་རྒྱབ་འགལ་སྦེ་འབད་འོངམ་ལས་ སྤུངས་ཐང་རྫོང་དཔོན་ཡང་གསརཔ་བཀལ་གནང་ནུག། དེ་ལས་ རབ་བྱུང་ ༡༥ པའི་འབྲུ་མང་ཞེས་པ་ས་ཕོ་སྟག་ལོ་ རང་ལུགས་འདས་ལོ་ ༢༢༧ སྤྱི་ལོ་ ༡༨༧༨ ལོུར་ དགུང་ལོ་བཅུ་བདུན་པའི་སྐབས་ ཁོ་རའི་བློ་ཁོག་དང་རིག་སྟོབས་ལས་བརྟེན་ གཟའ་སྐར་ཚེས་གྲངས་དགེ་བའི་ཉིན་མར་ རྟེན་འབྲེལ་མཛད་སྒོའི་རིམ་པ་ཕུན་སུམ་ཚོགས་པའི་སྒོ་ལས་ སྤ་གྲོ་དཔོན་སློབ་ཀྱི་གོ་གནས་ཁར་ བཀྲ་ཤིས་མངའ་གསོལ་ཞུ་ནུག།
དེ་བསྒང་ད་རུང་ བུམ་ཐང་ལུ་ ཀྲོང་གསར་དཔོན་སློབ་དུང་དཀར་རྒྱལ་མཚན་དང་ བྱ་དཀར་རྫོང་དཔོན་པདྨ་བསྟན་འཛིན་གཉིས་ཀུ་དབང་ཚད་ཀྱི་སྐོར་ལས་མ་འགྲིགས་པར་ དམག་འཁྲུགས་སྦོམ་ལངསམ་ལས་ བྱ་དཀར་དཔོན་སློབ་པདྨ་བསྟན་འཛིན་གྱི་ཁ་ཐུག་ལས་དམག་དཔོན་སྦེ་ མགྲོན་གསོ་པ་སེང་གེ་རྣམ་རྒྱལ་བཏངམ་མ་ཚད་ ཀྲོང་གསར་རབ་སྡེ་དང་མཐུན་ལམ་བཟོ་སྟེ་ རབ་སྡེའི་དགེ་སློང་ཚུ་གིས་གསང་སྒོ་ཕྱེ་བཞགཔ་ལས་ འདི་འཕྲོ་ལས་བྱ་དཀར་པའི་དམག་ཚུ་རྫོང་ནང་འཛུལ་ཏེ་ དམག་གི་རྒྱལ་ཁ་ཐོབ་ཡོད་རུང་ བྱ་དཀར་དཔོན་སློབ་པདྨ་བསྟན་འཛིན་གིས་ མགྲོན་གསོཔ་སེངྒེ་རྣམ་རྒྱལ་ལུ་ ཀྲོང་གསར་མགྲོན་གཉེར་གྱི་གོ་གནས་གནང་ནི་ཨིན་པའི་ཞལ་བཞེས་མཛད་ཡོདཔ་ལས་ སོང་གེ་རྣམ་རྒྱལ་གྱིས་ཡང་ དམག་འགན་འབག་སྟེ་རྐྱབ་ནི་དེ་གིས་ དམག་གི་རྒྱལ་ཁ་ཐོབ་རུང་ ཤུལ་ལས་ པདྨ་བསྟན་འཛིན་ཁོ་ར་དཔོན་སློབ་མཛད་པའི་བསྒང་ལས་ ཀྲོང་གསར་མགྲོན་མཉེར་གྱི་གོ་གནས་ཁར་ ཁོ་རའི་ཁོད་ཀིན་བསྐོས་ཡོདཔ་ལས་བརྟེན་ ཀྲོང་གསར་དཔོན་སློབ་པདྨ་བསྟན་འཛིན་འདི་ མགྲོན་གསོཔ་སེངྒེ་རྣམ་རྒྱལ་གྱིས་བཀྲོངས་ཡོདཔ་ད་ ཀྲོང་གསར་དཔོན་སློབ་པདྨ་བསྟན་འཛིན་འདི་ སྲས་ཨོ་རྒྱན་དབང་ཕྱུག་གི་ཨ་ཞང་ཨིན་པའི་ཁར་ ཡུམ་གྱི་བཀའ་དང་འབྲེལ་ འདས་ལོ་ ༢༣༥ སྤྱི་ལོ་ ༡༨༨༦ རབ་བྱུང་ ༡༥ པའི་མེ་ཁྱི་ལོ་ལུ་ ཨོ་རྒྱན་དབང་ཕྱུག་གིས་ མགྲོན་གསོཔ་སེངྒེ་རྣམ་རྒྱལ་བཀྲོངས་ཏེ་ དེ་བསྒང་ཨོ་རྒྱན་དབང་ཕྱུག་ཁོ་ར་ ཀྲོང་གསར་དཔོན་སློབ་ཀྱི་གོ་གནས་ཁར་བཞུགས་ནུག།

གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་གིས་རྒྱ་དྲུང་བསྐོ་བཞག།

[ཞུན་དག]

༉ མཐའ་མཇུག་ལུ་ ནང་འཁོད་ཀྱི་རྒྱུན་བརྟན་ཏོག་ཏོ་བཟོ་བའི་ཤུལ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་གིས་ འབྲུག་རྒྱལ་ཁབ་སྒྲིང་སྒྲིང་འགྱུར་ཐབས་ལུ་ ཕྱིའི་རྒྱལ་ཁབ་དང་འབྲེལ་བ་བཟོ་ནིའི་ བརྩོན་ཤུགས་བསྐྱེད་དགོ་པའི་ཐུགས་བཞེད་གནངམ་བཞིན་དུ། དེ་ཡང་ རྒྱལ་རབས་གསལ་བའི་སྒྲོན་མེ་ནང་ ཀ་ལི་ཕུ་ལུ་ཚོང་རྐྱབ་སྡོད་མི་ འབྲས་ལྗོངས་པའི་གོ་གནས་ཀྱི་མིང་ (ཀར་ཛི) ཟེར་སླབ་མི་ ཨྱོན་རྡོ་རྗེ་དེ་ རྒྱུ་དང་ལོངས་སྤྱོད་སྟོབས་ཆེ་བ་ཕུན་སུམ་ཚོགས་ཏོག་ཏོ་ཡོདཔ་མ་ཚད་ དམ་པའི་ཆོས་ལུ་ཡིད་ཆེས་དད་པ་སྐྱེད་མི་ཅིག་ཨིན་མས། དེ་མ་ཚད་ ཞབས་དྲུང་རིན་པོ་ཆེ་མཆོག་གི་ཐུགས་སྤྲུལ་ལྔ་པ་འཇིགས་མེད་ཆོས་རྒྱལ་གྱི་སྐུ་མདུན་ལས་ དབང་བསྐུར་དང་དཔེ་ཁྲིད་ཞུ་བའི་ཡ་མཚན་ཆུ་བའི་གནས་ཚུལ་ལ་སོགས་པ་ཚུ་ ཨོ་རྒྱན་དབང་ཕྱུག་མཆོག་གིས་གསན་པའི་ཤུལ་ བསོད་ནམས་ཕུན་སུམ་ཚོགས་པའི་ སྐད་གྲགས་ཡོངས་སུ་ཁྱབ་པ་དེ་ ག་ཟེར་མི་ཨིན་ན་ གཟིགས་དགོཔ་གལ་ཆེ་ཟེར་སྐུ་མདུན་བཅར་དགོ་པའི་བཀའ་ཤོག་གནངམ་བཞིན་དུ་ ཀར་ཛི་ཨོ་རྒྱན་རྡོ་རྗེ་དེ་ བུམ་ཐང་ལུ་དཔོན་སློབ་ཨོ་རྒྱན་དབང་ཕྱུག་གི་ཕྱག་དབང་ལུ་བཅར་ནུག། དེ་སྐབས་ ཨོ་རྒྱན་དབང་ཕྱུག་མཆོག་གི་སྐོར་ལས་དྲི་བའི་སྐབས། སྤ་གྲོ་བཙན་ཏོ་དང་ ཨ་པ་དུང་དཀར་ཆོས་རྗེ་དཔའ་ལ་རྒྱལ་མཚན་གྱི་བུ་ ཟུར་པ་དང་ལྷག་པར་དུ་ རྗོང་དཔོན་བགྲེསཔ་ཤར་པ་སྤུན་ཅུང་གི་བུ་དང་ ཉེ་ཚན་ཕོགཔ་མ་ཚད་ ཤུལ་ལས་ལྷོ་མཚམས་ཁ་ཐུག་ འབྲུག་གཞུང་གི་སྐུ་ཚབ་ཡང་དག་པ་ཅིག་མེདཔ་བཞིན་དུ་ རྒྱ་འབྲུག་རྒྱལ་ཁབ་གཉིས་གྱི་བར་ན་འཕྲལ་འཕྲལ་ར་འཛིང་འཁྲུག་དང་དམག་འཁྲུག་ལ་སོགས་པ་བྱུང་ཡོདཔ་ལས་ མཐུན་འབྲེལ་ཕུན་སུམ་ཚོགས་ཏོག་ཏོ་མེདཔ་མ་ཚད་ སྐུ་ཚབ་ལེགས་ཤོམ་མེད་པ་ལུ་བརྟེན་ ཨོ་རྒྱན་རྡོ་རྗེ་ རྒྱ་མཚམས་ཁའི་སྐུ་ཚབ་གྱི་གོ་གནས་ལུ་བསྐོ་བཞག་མཛད་གནང་ནུག།
སྤྱི་ལོ་ ༡༨༩༢ ལུ་ཨོ་རྒྱན་རྡོ་རྗེ་གིས་འགོ་འདྲེན་ཐོག་ལས་ སྤ་རོ་དཔོན་སློབ་ཟླ་བ་དཔལ་འབྱོར་དང་ བོད་ཀྱི་སྐུ་ཚབ་གཉིས་ཀྱི་བར་ཞལ་འཛོམས་འཚོགས་ནུག། ཕ་རི་ལུ་ཆིངས་ཡིག་མཚན་་རྟགས་དང་གཅིག་ཁར་ ཨ་ལུ་རྡོ་རྗེ་གིས་ཧཱ་དང་ དགའ་ས་ལུ་ མི་ཚེ་གཅིག་བདག་སྐྱོང་དབང་ཚད་འབད་དགོཔ་ཨིནམ་ད་ ཁོ་གི་བཟའ་ཚང་ཚུ་ འབྲུག་ལུ་སྒེར་གྱི་ས་གཞི་ཉམས་སྲུང་འབད་དགོཔ་ཨིན་མས། ཨ་ལུ་རྡོ་རྗེ་ཆུམ་སྦི་ལུང་པ་ལུ་གཞི་ཆགས་ཏེ་ མཐའ་མ་མཐུན་འགྲིག་མཇུག་བསྡུ་ཞིནམ་ལས་ཚེ་ལས་འདས་སོ་ནུག།
རང་ལུགས་འདས་ལོ་ ༢༤༩ སྤྱི་ལོ་ ༡༩༠༠ རབ་བྱུང་ ༡༥ ལྕགས་བྱི་ཟླ་ ༨ ཚེས་ ༡༥ ལུ་ དཔོན་སློབ་ཨོ་རྒྱན་དབང་ཕྱུག་གིས་གནང་ནུག། གཞུང་གི་བཀའ་ཤོག་ལྟར་ རྒྱ་དྲུང་ཨོ་རྒྱན་རྡོ་རྗེ་ལུ་ལྷོ་མཚམས་ལས་འགོ་བཙུགས་ཏེ་ ཤར་ཕྱོགས་ཨ་མར་ཏ་ལ་ལས་ནུབ་ཕྱོགས་དར་དཀར་ཚུན་གྱི་ བདག་སྐྱོང་འབད་ནིའི་་དབང་ཚད་ཡོདཔ་མ་ཚད་ ཀྲོང་གསར་དཔོན་སློབ་ལུ་འགན་ཁག་ཡོད་མི་ཅིག་ལུ་གྱུར་ནུག། བིརི་ཊིཤ་ཚུ་གིས་དོན་ལུ་ ཨོ་རྒྱན་རྡོ་རྗེ་མཆོག་འབྲུག་གི་ངོ་ཚབ་ཨིནམ་ད་ འབྲུག་གི་མཐུན་འབྲེལ་བདག་འཛིན་འཐབ་ནིའི་འགན་ཁག་ཕོགཔ་ཨིན་མས། དེ་མ་ཚད་ ཀ་པུང་ལུ་བཞུགས་པའི་སྐབས་ཨོ་རྒྱན་རྡོ་རྗེ་མཆོག་གིས་ རྒྱ་གར་གྱི་ཁ་སྐད་མང་རབས་ཅིག་ལྷབ་ནུག།

བིརི་ཊིཤི་གི་ངོས་འཛིན།

[ཞུན་དག]

༉ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ བོད་རྒྱལ་ཁབ་དང་གཅིག་ཁར་ གྲོས་བསྡུར་གྱི་ ཆིངས་ཡིག་བཟོ་བའི་སྐབས་ ཕྱག་འགན་ལྷག་བསམ་དག་པའི་སེམས་བསྐྱེད་ཀྱི་སྒོ་ལས་མཛད་གནངམ་མ་ཚད་ མི་དབང་མཆོག་གིས་ཐབས་ཤེས་མ་འདྲཝ་ སྣ་ཚོགས་བཏོན་ཏེ་ བསམ་པའི་རེ་བ་འགྲུབ་ཚུགས་པའི་ནུས་པ་དང་སེམས་ཤུགས་བསྐྱེདཔ་བཞིན་དུ་ བིརི་ཊི་ཤི་གིས་ངལ་རངས་དང་བཀའ་དྲིན་དགའ་ཚོར་བསྐྱེད་དེ་ རང་ལུགས་འདས་ལོ་ ༢༥༤ སྤྱི་ལོ་ ༡༩༠༥ ཤིང་སྦྲུལ་ལོ་ལུ་ གཟེངས་བསྟོད་ཀྱི་རྟགས་མ་ ཀེ་སི་ཨའི་ཨེ་སི་ཟེར་ གསེར་གྱི་རྟགས་མ་གནང་ནུག།
རྟགས་མ་གནང་ནིའི་དོན་ལུ་ སི་ཀིམ་གྱི་བིརི་ཊིཤི་སྲིད་དོན་འགོ་དཔོན་ཇོན་ཀཱལཝཊ་ཝིཊ་ འབྲུག་ལུ་བཏང་ནུག། གོང་ས་ཨོ་རྒྱན་དབང་ཕྱུག་གིས་ སྲས་ཨོ་རྒྱན་རྡོ་རྗེ་ལུ་ ཕྱག་ལཱ་གི་ཞབས་ཏོག་ཚུ་ངོས་འཛིན་གནངམ་མ་ཚད་ གོ་གནས་ཡར་སེང་གནང་སྟེ་ ཧཱ་དྲུང་པ་གི་གོ་གནས་བསྐོ་བཞག་གནང་ནུག།
ཤུལ་ལས་གོང་ས་ཨོ་རྒྱན་དབང་ཕྱུག་དང་སྲིད་དོན་འགོ་དཔོན་ཇོན་ཀཱལཝཊ་ཝིཊ་གཉིས་ ཆོས་གྲོགས་འཆམ་ཤོས་ཅིག་ལུ་གྱུར་ནུག། སྤྱི་ལོ་ ༡༩༠༥ ལུ་ གོང་ས་ཨོ་རྒྱན་དབང་མཆོག་གི་ཚ་བོ་ བོད་ལྷ་ལུང་ལུ་ པད་གླིང་གསུང་སྤྲུལ་རྟེན་འབྲེལ་བརྩི་སྲུང་མཛད་ས་ལུ་ མི་དབང་མཆོག་དང་ཇོན་ཀཱལཝཊ་ཝིཊ་གཉིས་གཅིག་ཁར་བྱོན་ནུག། རྒྱུ་མཚན་དང་དམིགས་དོན་གཙོ་བོ་ འབྲུག་རྒྱལ་ཁབ་དང་བིརི་ཊིཤི་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་བར་ བརྩེ་གདུང་དང་མཐུན་ལམ་སྒྲིང་སྒྲི་བཟོ་ཐབས་ལུ་ཨིན་ནོ།།

མི་རྗེ་ཨོ་རྒྱན་དབང་ཕྱུག་མཆོག་གི་ བསྟན་སྲིད་ལུ་ཕན་པའི་ཐུགས་བཞེད།

[ཞུན་དག]

༉ ཨོ་རྒྱན་དབང་ཕྱུག་གི་སྐུ་སྤུན་སྦོམ་ཤོས་ སྲས་ཕྲིན་ལས་སྟོབས་རྒྱས་ནི་ བོད་ལྷ་ལུང་གྲྭ་ཚང་ནང་བཞུགས་མི་འདི་་ ཡབ་འཇིགས་མེད་རྣམ་རྒྱལ་ཞབས་ལས་ རང་དོན་ཐར་པ་བསྒྲུབ་ནི་ལས་ གཞན་དོན་ཕྲིན་ལས་རྣམ་བཞིའི་སྒོ་ལས་ དཔལ་ལྡན་འབྲུག་པའི་བསྟན་སྲིད་བཟུང་དགོཔ་ གལ་ཆེ་བའི་ཐུགས་བཞེད་གནང་སྟེ་ འབྲུག་ལུ་འོང་དགོ་པའི་བཀའ་གནང་མི་དང་འཁྲིལ་ཏེ་ འབྲུག་ལུ་བྱོན་ཏེ་ དགེ་སློང་གི་སྡོམ་པ་དེ་ རྟེན་གསུམ་གྱི་སྐུ་མདུན་ལུ་ཕུལ་ཏེ་ དབང་འདུས་ཕོ་བྲང་རྫོང་དཔོན་གྱི་གོ་གནས་ཁར་ རྟེན་འབྲེལ་མཛད་སྒོའི་རིམ་པ་དང་བཅས་ཏེ་ མངའ་གསོལ་ཞུ་ཡོདཔ་དང་གྲལ་ ལོག་ཤུལ་ལས་སྤ་རོ་དཔོན་སློབ་ཀྱི་ཁྲི་ཐོག་གུར་ཡང་བཞུགས་ནུག། དེ་ལས་ སྤྱི་ལོ་ ༡༨༨༣ པའི་ལོར་ ཁོ་ར་སྙིང་ནད་ཀྱིས་ཤི་སོངཔ་ལས་ སྤ་རོ་དཔོན་སློབ་ཀྱི་ཁྲི་ཐོག་གུར་ རྒྱལ་སྲས་ཨོ་རྒྱན་དབང་ཕྱུག་ཁོ་རའི་ སྤུན་ཆ་བཅར་ཤོས་ཟླ་བ་དཔལ་འབྱོར་འདི་ མངའ་གསོལ་ཞུཝ་དང་གཅིག་ཁར་ རྒྱ་གར་དཔོན་སློབ་ཀྱི་ལས་ཁུངས་ཡང་མེདཔ་སྦེ་བཟོ་གནང་ནུག། ད་རུང་ རྒྱལ་སྲས་ཨོ་རྒྱན་དབང་ཕྱུག་ཁོ་རའི་ སྤུན་ཆ་བཅར་ཤོས་ ཀྲོང་གསར་དཔོན་སློབ་ཨ་ཞང་པདྨ་བསྟན་འཛིན་གཤགས་མིའི་སྲས་འཆི་མེད་རྡོ་རྗེ་མཆོག་ནི་ བྱ་དཀར་རྫོང་དཔོན་གི་གོ་གནས་གུར་ མངའ་གསོལ་ཞུ་ནུག།
ཀྲོང་གསར་དཔོན་སློབ་ཨ་ཞང་པདྨ་བསྟན་འཛིན་གཤགས་མིའི་སྲས་འཆི་མེད་རྡོ་རྗེ་མཆོག་དང་ མི་རྗེ་ཁོ་རའི་སྲིངམོ་ ཡོ་ཤེས་ཆོས་སྒྲོན་གཉིས་གཉེན་ལམ་ལེགས་ཤོམ་འགྱོ་ནི་དེ་གིས་ འཆི་མེད་རྡོ་རྗེ་ལུ་བྱ་དཀར་རྫོང་དཔོན་གྱི་གོ་གནས་གནངམ་མ་ཚད་ སྤྱི་ལོ་༡༨༨༤ པའི་ལོར་ཡུམ་པདྨ་ཆོས་སྐྱིད་གཤགས་པའི་ཤུལ་མ་ ཨོ་རྒྱན་དབང་ཕྱུག་མཆོག་གི་ ཁོ་རའི་སྲིངམོ་ ཡེ་ཤེས་ཆོས་སྒྲོན་དང་ཁོད་ཀིན་འཆི་མེད་རྡོ་རྗེ་མཆོག་ལུ་ བུམ་ཐང་དབང་འདུས་ཆོས་གླིང་གི་ཕོ་བྲང་འདི་ ཤུལ་བཞག་དང་གྲལ་གནང་ནུག། བྱ་དཀར་་རྫོང་དཔོན་འཆི་མེད་རྡོ་རྗེའི་སྲིངམོ་ཨ་ཞེ་རིན་ཆེན་དཔལ་མོ་འདི་ བསྟེན་དུ་རུང་བའི་ཨམ་སྲུ་གི་མཚན་ཉིད་དང་ལྡནམ་ལས་ མི་རྗེ་ཨོ་རྒྱན་དབང་ཕྱུག་མཆོག་གིས་ རང་ལུགས་འདས་ལོ་ ༢༣༤ སྤྱི་ལོ་ ༡༨༨༥ པའི་རབ་བྱུང་ ༡༥ པའི་ཤིང་བྱ་ལོར་ དགུང་ལོ་ ༢༤ བཞེས་པའི་སྐབས་ མཚན་ལྟས་མཛད་སྒོའི་རིམ་པ་དང་བཅས་ བཙུན་མོར་ཁབ་ཏུ་བཞེས་ནུག།
དེའི་ཤུལ་ ཨོ་རྒྱན་དབང་ཕྱུག་གི་ཡང་ ཡབ་རྗེ་དམ་པའི་ཞལ་ཆེམ་ལྟར་དུ་ ཁོང་གཉིས་ལུ་སྤུན་ཆའི་འདུ་ཤེས་གནང་སྟེ་ ཤེལ་རྔ་ཕུན་ཚོགས་རྡོ་རྗེ་ལུ་ སྤུངས་ཐང་རྫོང་དཔོན་དང་ ཨ་ལོ་རྡོ་རྗེ་ལུ་ ཐིམ་ཕུག་་རྫོང་དཔོན་གྱི་གོ་གནས་ཁར་ མངའ་གསོལ་ཞུ་ནུག།

མཐའ་མ་ཆམ་ལུ་ཕབ་པའི་དམག་འཐབ་ཀྱི་མཛད་པའི་སྐོར།

[ཞུན་དག]

༉ ཀྲོང་གསར་དཔོན་སློབ་ཀྱི་གོ་གནས་བཞེས་ནི་དེ་གིས་ མི་དབང་ཨོ་རྒྱན་དབང་ཕྱུག་མཆོག་ནི་ ཀྲོང་གསར་རྫོང་ནང་ར་བཞུགས་དགོཔ་སྦེ་ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ཆབ་སྲིད་སྐྱོང་དགོཔ་ལས་བརྟེན་ ཁོང་ར་མཐུན་ཚོགས་ཅན་གྱི་དཔོན་གཡོག་ཚུ་ ཁ་འགྱེས་ཏེ་བཞུགས་དགོཔ་ཐོན་ནུག།
དེའི་བསྒང་ མི་རིང་བ་ཨོ་རྒྱན་དབང་ཕྱུག་ནི་རྒྱལ་ཁབ་སྐྱོང་བའི་དུས་ལུ་ ཁོ་གི་ཕ་སྤུན་རྡོ་རྗེ་ཕུན་ཚོགས་དང་ཨ་ལོ་རྡོ་རྗེ་གཉིས་ཀྱིས་ ཨོ་རྒྱན་དབང་ཕྱུག་མཆོག་ལུ་ག་ནི་ཡང་ འདྲི་བསྟུན་མ་འབད་བར་ ཕྱོགས་གཅིག་གི་སྡེ་སྲིད་ནི་ ཁོང་གཉིས་ཀྱི་ཁ་བསྡོམས་སྟེ་ ཁོང་རའི་མི་ངོ་གཅིག་གདམ་ཁ་རྐྱབ་བཞིན་ སྡེ་སྲིད་ཀྱི་ཁྲི་ཐོག་གུར་མངའ་གསོལ་བཞུགས་ཡོད་མི་འདི་ལུ་གཟིགས་ གནམ་མེད་ས་མེད་ཁོང་ཁྲོ་ལངས་དགོཔ་བྱུང་ནུག། དེ་ལས་ ཕ་སྤུན་རྡོ་རྗེ་ཕུན་ཚོགས་དང་ཨ་ལོ་རྡོ་རྗེ་གཉིས་ཀྱིས་ ཨོ་རྒྱན་དབང་ཕྱུག་རྐུ་གསོད་རྐྱབ་སྟེ་བཀྲོངས་དགོ་པའི་ཡི་གུ་དང་ ནང་གསུག་དངུལ་ཀྲམ་ ༤༠༠ བསྡམས་ཏེ་ ཆོས་རྩེ་མགྲོན་གཉེར་འཆང་ལོང་ལུ་བཏངམ་མ་ཚད་ དེ་དང་གཅིག་ཁར་ དཔོན་སློབ་ལུ་ཡང་ གནད་དོན་གཞན་གྱི་སྐོར་ལས་གསལ་བའི་ཞུ་ཡིག་ཅིག་བསྡམས་སྦེ་ རང་ལུགས་འདས་ལོ་ ༢༣༣ སྤྱི་ལོ་༡༨༨༤ རབ་བྱུང་ ༡༥ ཤིང་སྤྲེལ་ལོ་ལུ་བསྐྱལ་ཡོདཔ་ལས་ ཡི་གུ་གཉིས་པོ་ མགྲོན་གཉེར་གྱི་ལགཔ་ཁར་ལྷོད་དེ་ཡོད་མི་ནང་ དཔོན་སློབ་རྐུ་གསོད་བརྐྱབ་དགོ་པའི་གནད་དོན་འཐོན་ནི་དེ་གིས་ མགྲོན་གཉེར་འཆང་ལོང་དེ་གིས་ དངུལ་ཀྲམ་བཞི་བརྒྱ་དང་སྦྲགས་ཏེ་བཏང་པའི་ཡི་གུ་དེ་ དཔོན་སློབ་ཨོ་རྒྱན་དབང་ཕྱུག་ལུ་འདི་འཕྲོ་ལས་གཟིགས་ཕུལ་ཕུལཝ་ལས་ ཨོ་རྒྱན་དབང་ཕྱུག་ནི་རྣམ་རྟོག་ལངམ་དང་བཅས་ ཁོ་ལུ་གནས་ཚུལ་དེ་བཟུམ་ཨིན་པས་ཟེར་གསུངས་ནུག།
རྒྱུ་མཚན་དེ་ལུ་བརྟེན་ཏེ་ ཁོང་གཉིས་ཀྱིས་ངོ་རྒོལ་རྐྱབ་ནི་ཨིན་པའི་ལོ་རྒྱུས་དེ་ ཧེ་མ་ལས་ཨོ་རྒྱན་དབང་ཕྱུག་གིས་གསན་ཡོད་རུང་ དང་པ་ཡབ་རྗེ་དམ་པའི་ཞལ་ཆེམས་དང་འགལཝ་ཨིནམ་མ་ཚད་ གཉིས་པ་ཐག་རིང་གི་གཏམ་ལུ་བདེན་པ་ཡོད་མེད་ཡང་མི་ཤེས་ཟེར་ གསུམ་པ་ དོན་མེད་ཀྱི་དམག་འཐབ་ཀྱི་བྱ་བ་ལས་བརྟེན་ རང་གཞན་དང་ ཤར་ནུབ་ཀྱི་མི་སེར་ཚུ་ སྡུག་བསྔལ་འབྱུང་འོང་ཟེར་ ཨོ་རྒྱན་དབང་ཕྱུག་མཆོག་གིས་ཐུགས་བཞེད་རྒྱ་ཆེ་ས་ལས་གནང་སྟེ་ ཤར་རཱ་ཛ་འོག་ལུ་འོང་སྟེ་ ཞལ་འཛོམས་གནང་དགོ་པའི་བཀའ་ཤོག་དང་འཁྲིལ་ཏེ་ ཁོང་གཉིས་ཀྱིས་ཡང་ དེ་སྦེ་བཏུབ་པའི་ལན་ཡོད་རུང་ ཁོང་གཉིས་འོང་ནི་ཕར་བཞག་ ཞུ་ལན་དང་སྐུ་ཚབ་ཙམ་ཡང་མ་བཏངམ་ལས་ ཨོ་རྒྱན་དབང་ཕྱུག་མཆོག་ ཐུགས་གདིང་ལས་ཕམ་སྟེ་ ཁོང་གཉིས་ཀྱི་ངོ་རྒོལ་འབདཝ་ཐག་ཆོད་དེ་ ཚར་མ་གཅོད་པར་བཞག་ཐབས་མེད་པའི་ཐུགས་བཞེད་གནང་སྟེ་ ལོག་ཀྲོང་གསར་ལུ་བྱོན་ནུག།
དེ་ལས་ཨོ་རྒྱན་དབང་ཕྱུག་གིས་ དམག་ཚུ་གྲ་སྒྲིག་རྐྱབ་བཞིན་ ཁོ་རའི་སྒར་ལྟོ་ཚུ་དང་སྒར་ལྟོའི་རིགས་ཆ་མཉམ་བཀུག་སྟེ་ དམག་ཚོགས་ཡང་མང་སྡེ་ལུང་པའི་གཞུང་ལམ་ཁར་ཡང་ཤོང་མ་ཤོངམ་ཅིག་སྤུངས་ཡོདཔ་ད་ རང་ལུགས་འདས་ལོ་ ༢༣༤ སྤྱི་ལོ་ ༡༨༨༥ རབ་བྱུང་ ༡༥ ཤིང་བྱ་ལོའི་ཟླ་བ་དང་པའི་ཚེས་ ༡ ལུ་ དམག་མི་གྲངས་འབོར་ ༢༡༤༠ འི་རྩིས་ཀྱི་དཔུང་འཚོགས་ཏེ་ ཉིན་ཞག་གསུམ་གྱི་ནང་ སྤུ་ན་ཁ་རྫོང་ལུ་ཕེབས་བཞུགསཔ་ད་ སྤུངས་ཐང་གྲྭ་ཚང་ནང་དགེ་འདུན་པའི་སྡེ་ཚུ་ཡང་ཐུགས་གདུངས་ཏེ་ཞབས་ས་ཁར་མ་ཆག་པར་ རྗེ་མཁན་ཁྲི་རབས་ཞེ་གཅིག་པ་ རྗེ་ངག་དབང་དོན་ལྡན་གྱིས་དབུ་གཙོས་པའི་དཔོན་སློབ་ཚུ་ གོང་སའི་སྐུ་མདུན་ལུ་ཕེབས་ཏེ་ དམག་གི་སྦྱོར་བ་མ་དགོ་པའི་ཞི་བའི་ཆིངས་འགྲིགས་ཀྱི་གསོལ་བཏབ་ཞུ་བར་བཅར་ལུགས་གསུངས་ཡོད་རུང་ གོང་ས་གི་གསུངས་མི་ནང་ ཁོང་གཉིས་དང་ངེ་གི་བདེན་བརྫུན་ནི་ དཀོན་མཆོག་དཔང་དུ་བཙུགས་ཏེ་དབྱེ་བ་མ་ཕྱེ་བར་ཐབས་མེད་ཐལ་སོངཔ་ལས་ བྱ་བ་འདི་བརྩམ་དགོཔ་བྱུང་ཡོད་པ་ཅིན། ཁོ་ལུ་འཛོལ་བ་ཡོདན་ ཉེས་ཆད་ཁོ་རའི་སྲོག་ཐོག་འབབ་ནི་དང་ ཁོང་ལུ་འཛོལ་བ་ཡོདན་ ཉེས་ཆད་ཁོང་རའི་སྲོག་ཐོག་འབབ་པའི་ཐུགས་སྨོན་གནང་སྟེ་ གྲྭ་ཚང་ནང་ལྷ་མོ་ཞལ་ཧོནམ་ཉིནམ་གསུམ་གནང་དགོ་པའི་གསོལ་འདེབས་ཞུ་ནི་དང་ དེའི་འགྲོ་སོང་ང་ར་གིས་ཕུལ་འོང་ཟེར་གསུངས་ནུག།
དེ་སྐབས་ལུ་ སྡེ་སྲིད་ཁྲི་རབས་ང་གཉིས་པ་དགའ་བ་བཟང་པོ་ ཁྲི་ཐོག་ཁར་བཞུགས་ཡོདཔ་ལས་ ཐིམ་རྫོང་པ་ཨ་ལོ་རྡོ་རྗེ་དང་སྤུངས་རྫོང་པ་ཕུན་ཚོགས་རྡོ་རྗེ་གཉིས་ལུ་ སྡེ་སྲིད་ཀྱི་ཁ་ཐུག་ལས་དམག་གི་རོགས་རམ་ག་ཅི་ཡང་གནང་མ་བཏུབ་ནི་དེ་གིས་ ཁོང་གཉིས་ཀྱིས་དགའ་བ་བཟང་པོ་སྡེ་སྲིད་ལས་ཕབ་སྟེ་ སྡེ་སྲིད་གསརཔ་བཏོན་ནི་སྦེ་ ཞབས་དྲུང་འཇིགས་མེད་ནོར་བུའི་ཡབ་ དཀོན་མཆོག་དབང་འདུས་ལུ་ དངུལ་ཀྲམ་སུམ་སྟོང་དྲུག་བརྒྱ་དང་སྦྲགས་ཏེ་སྡེ་སྲིད་མཛད་དགོ་པའི་ཞུ་བ་ཕུལ་ཡོད་རུང་ ཡབ་དཀོན་མཆོག་དབང་འདུས་ཀྱིས་ཡང་ གོ་གནས་ལུ་དང་འདོད་ཡང་མེད་ཟེར་གསུངས་ཏེ་ཞལ་བཞེས་མ་མཛད་པས།
དེ་ལས་ ཨོ་རྒྱན་དབང་ཕྱུག་གིས་དབུ་གཙོས་པའི་དམག་སྡེ་གཙོ་བོ་མེ་མདའ་སྒང་ལུ་ལྷོད་པའི་བསྒང་ལས་ ཕུན་ཚོགས་རྡོ་རྗེ་དང་ཨ་ལོ་རྡོ་རྗེ་གི་དམག་སྡེ་ཚུ་ཡང་ སྤུངས་ཐང་ཁ་ལས་ཐོན་ཏེ་ ཕོ་ཆུ་བརྒལ་འཛོམས་ཕ་ཁར་དམག་ཐེངས་དང་པ་ཕྱད་པའི་སྐབས་ རྫོང་དཔོན་གཉིས་ཀྱི་ཁ་ཐུག་གི་དམག་མི་གཅིག་བསདཔ་མ་ཚད་ གཅིག་ནདཔ་བཏོན་ཏེ་ དམག་ཡང་མཇུག་བསྡུ་ནུག།
དེ་ལས་ དམག་འཛིང་གཉིས་པ་འདི་ བྱི་ལི་སྒང་ལུ་ ཧེ་མ་བཟུམ་སྦེ་ར་ ཕྱད་དེ་དམག་འཐབ་པའི་སྐབས་ རྫོང་དཔོན་གཉིས་ཀྱི་དམག་མི་བཞི་ དམར་བསད་བཏངམ་ལས་ ཨོ་རྒྱན་དབང་ཕྱུག་གི་དམག་ལུ་མ་ཐུབ་པར་ རྫོང་དཔོན་གཉིས་ཡང་རྒྱབ་བཤུད་རྐྱབ་མ་ཚད་ སྤུངས་ཐང་ཁ་ལས་བཀྲ་ཤིས་ཆོས་རྫོང་ཁ་ཐུག་བྱོག་འགྱོ་དགོཔ་ཐོན་ནུག།
དེ་ལས་ ཨོ་རྒྱན་དབང་ཕྱུག་གི་དམག་མི་ཚུ་གིས་ སྤུངས་ཐང་ཁ་ལས་བྱོག་ཐིམ་ཕུག་སོང་པའི་རྟིང་བདའ་སྟེ་ ཀླུ་གྲོང་སྒང་ལས་མར་ཐོན་པའི་བསྒང་ ཨ་ལོ་རྡོ་རྗེའི་དམག་མི་ཚུ་གིས་ ཚགས་ཁར་མ་ཚུད་པར་ ཐིམ་ཕུག་ཁ་ཐུག་མ་ཐལ་ དེ་གི་ནངས་པ་ར་ རི་མགོ་ལས་མར་སྦེ་སེམས་རྟོགས་ཁའི་རྫོང་ནང་ལྷོད་ ཨོ་རྒྱན་དབང་ཕྱུག་གིས་དམག་མི་ཚུ་འཁྱིད་དེ་ ཧིང་ལི་ལ་བརྒལ་ཏེ་སེམས་རྟོགས་ཁའི་རི་འོག་ལས་མར་འཛུལ་ཏེ་ སེམས་རྟོགས་ཁའི་རྫོང་གཞིས་ནི་ ཨོ་རྒྱན་དབང་ཕྱུག་གི་ཕྱག་ལུ་ཚུད་ནུག།
དེ་ལས་ ཨོ་རྒྱན་དབང་ཕྱུག་གི་དམག་མི་ཚུ་ ལུང་བསྟན་ཕུག་ལུ་འཐབ་སྟེ་ དེའི་བསྒང་གཉའ་རྒོད་གཉིས་ཆ་ར་དུས་གཅིག་ལུ་བསདཔ་ལས་ རྫོང་དཔོན་གཉིས་ཀྱི་དམག་མི་ཚུ་ཡུདཔ་ཐེངས་ཅིག་ལུ་ གར་སོང་ཡང་མེད་པར་ བྱོག་ཡར་སོ་ནུག། དེ་བསྒང་ འབྲུག་རྒྱལ་ཁབ་འདི་ནང་ མི་སེར་ཚུ་ལུ་ བདེ་སྐྱིད་ཟེརཝ་རྩ་ལས་མེད་པར་ སྦུལ་གྱི་ཚང་ནང་ ཞག་ཉལ་ཉལཝ་ལས་སྐྱོཝ་སྦེ་སྡོད་དགོཔ་བྱུང་ཡོད་པའི་ཁར་ རྫོང་དཔོན་ཁྲི་རབས་ཞེ་གཅིག་པ་ངག་དབང་དོན་ལྡན་གྱིས་ མི་མང་སྤྱི་དོན་ལུ་ཐུགས་བཞེད་རྒྱ་ཆེ་ས་ལས་གནང་སྟེ་ ཞི་བའི་ཐོག་ཆིངས་འགྲིགས་དགོ་པའི་ལོ་རྒྱུས་གསུངས་བཞིན་ གསུང་གྲོས་ཀྱི་དོན་ལུ་ཆོས་རྩེ་པའི་སྐུ་ཚབ་ སྤ་རོ་དཔོན་སློབ་ཟླ་བ་དཔལ་འབྱོར་དང་ རྫོང་དཔོན་གཉིས་ཀྱི་ཁ་ཐུག་ལས་སྤུ་ན་ཁ་རྫོང་དཔོན་ཕུན་ཚོགས་རྡོ་རྗེ་གཉིས་ཀྱི་འགོ་ཁྲིད་ཐོག་ཞལ་འཛོམས་གནང་ནི་གུར་ཐག་བཅད་ནུག།
ཁོང་དཔོན་གཡོག་ཚུ་ཞལ་འཛོམས་གནང་སར་ལྷོད་པའི་བསྒང་ ཕྱོགས་གཉིས་ཀྱི་སྐུ་ཚབ་ཚུ་གསུང་གྲོས་འགོ་མ་བཙུགས་པའི་ཧེ་མར་ གསོལ་མཛར་དྲངས་པའི་སྐབས་ དབང་རྫོང་པའི་མགྲོན་གཉེར་ཨོ་རྒྱན་རྡོ་རྗེ་དེ་ དྲངས་བཞག་པའི་གྲལ་སྡོད་དེ་ ཕུན་ཚོགས་རྡོ་རྗེའི་གདོང་ཁར་ལྷོདཔ་ཅིག་བཀབ་ནེ་བུད་རྫུ་བཏབ་སྦེ་ དཔའ་རྟགས་ཀྱི་གཡུ་པ་བཀབ་ནེ་ལུ་རྡུགས་ཏེ་སྡོད་པའི་བར་ན་ རིན་སྤྱི་ཟླ་བ་དཔལ་འབྱོར་གྱིས་དཔའ་རྟགས་གཡུག་ཐེངས་གཅིག་ལུ་ མགོ་གཉིས་བཀག་རྐྱབ་པའི་ལོ་རྒྱུས་བཀོད་ནུག།

དེ་ལས་ཨ་ལོ་རྡོ་རྗེ་དང་ ཁོ་རའི་གནས་ཚང་ཚུ་བོད་པའི་རྒྱལ་ནང་བྱོག་ཡར་སོ་ནི་དེ་གིས་ མི་རྗེ་ཨོ་རྒྱན་རྡོ་རྗེ་གིས་ཐིམ་ཕུག་རྫོང་དཔོན་འདི་ཁོ་རའི་ཨ་ཁུའི་བུ་ ཀུན་བཟང་ཕྲིན་ལས་ལུ་མཇལ་གསོལ་བཞུགས་གནང་ནུག། དེ་ལས་རང་ལུགས་འདས་ལོ་ ༢༣༥ རབ་བྱུང་ ༡༥ མེ་ཁྱི་ཟླ་ ༣ པའི་ནང་ ཐིམ་ཕུའི་རྫོང་དཔོན་གྱི་གོ་གནས་ནི་ལྷུན་རྩེའི་རྫོང་དཔོན་ ཨ་ཁུ་དུང་དཀར་རྒྱལ་མཚན་གྱི་བུ་ ཀུན་བཟང་ཕྲིན་ལས་དེ་ཡང་ ཨ་ལོ་རྡོ་རྗེའི་ཚབ་སྦེ་མངའ་གསོལ་ཞུ་ནུག།
དེ་སྐབས་ལུ་ སྡེ་སྲིད་ཁྲི་རབས་ང་ལྔ་པ་དགའ་བ་བཟང་པོ་ནི་ ཁོ་རའི་ཐུགས་འགན་བཞེས་པའི་ཕྱག་ལཱ་དེ་ ་ལེགས་ཤོམ་སྦེ་མཛད་དེ་ དེའི་ཤུལ་ལས་ར་དབྱངས་པའི་སློབ་དཔོན་མཛད་མི་ སངས་རྒྱས་རྡོ་རྗེ་ སྤྱི་ལོ་༡༨༨༦ རབ་བྱུང་ ༡༥ མེ་ཁྱི་ལུ་མངའ་གསོལ་ཞུ་གནང་ནུག། དེ་ལས་སྤུངས་ཐང་རྫོང་དཔོན་ཚབ་ དབང་ཕྱུག་བསྐོས་གནང་སྟེ། ཨོ་རྒྱན་དབང་ཕྱུག་ཁོ་ར་ཀྲོང་གསར་དཔོན་སློབ་དང་གོང་གཟིམ་སྦྲེལ་ཏེ་ མཛད་ཞིནམ་ལས་ཚུར་ འབྲུག་རྒྱལ་ཁབ་འདི་ནང་ཞི་བདེའི་རྩ་བ་བཙུགས་ཚུགས་ནུག།

མི་དབང་ཨོ་རྒྱན་དབང་ཕྱུག་མཆོག་དགོངས་པ་རྫོགས་པའི་སྐོར།

[ཞུན་དག]

༉ སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བཅུ་བདུན་ (༡༩༡༧) ལུ་ གོང་གཟིམ་ཨོ་རྒྱན་རྡོ་རྗེ་མཆོག་ དགོངས་པ་རྫོགས་པའི་ཤུལ་ལུ་ ཁོ་རའི་སྲས་བསོད་ནམས་སྟོབས་རྒྱས་རྡོ་རྗེ་ ཧཱ་གི་དྲུང་པ་ཕྱག་ཞུ་སྡོད་མི་དེ་ གོང་གཟིམ་གྱི་གོ་གནས་གནང་ནུག། དེ་ལས་ ལོ་གཅིག་གི་ཤུལ་ལས་ སྤ་རོ་དཔོན་སློབ་ཟླ་བ་དཔལ་འབྱོར་འདི་ དགོངས་པ་རྫོགས་པའི་ཤུལ་ལས་ རྒྱ་གར་རྫོང་དཔོན་འཆི་མེད་རྡོ་རྗེ་གིས་ ཚ་བོ་ཚེ་རིང་དཔལ་འབྱོར་གྱི་སྤ་རོ་དཔོན་སློབ་ཀྱི་གོ་གནས་མཛད་ནུག།
དེ་ལས་ བརྒྱུད་འཛིན་རྒྱལ་སྲས་འཇིགས་མེད་དབང་ཕྱུག་མཆོག་ སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བཅུ་མེད་ལྔ་ (༡༩༠༥) ལུ་ སྐུ་འཁྲུངས་ཡོདཔ་དང་ དེ་མ་ཚད་མི་དབང་རྒྱལ་བཙུན་གཉིས་ལུ་ སྲས་དྲག་ཤོས་འགྱུར་མེད་རྡོ་རྗེ་འདི་སྤྱི་ལོ་ ༡༩༡༢ དང་ སྲས་མོ་ཨ་ཞེ་དཀོན་མཆོག་དབང་མོ་འདི་སྤྱི་ལོ་ ༡༩༡༥ དང་ སྲས་དྲག་ཤོས་ཀརྨ་ཕྲིན་ལས་ལྷུན་གྲུབ་འདི་སྤྱི་ལོ་ ༡༩༡༨ ལོར་སྲས་སྲསམོ་གསུམ་འཁྲུངས་ནུག། ལྷག་པར་དུ་མི་དབང་མཆོག་ལུ་བཙུན་མོ་དང་པ་ལས་སྲསམོ་གཉིས་འཁྲུངས་ནུག། དེའི་ཤུལ་ལས་ ཡུམ་ཨ་ཞེ་བརྩོན་འགྲུས་ལྷ་མོ་ཡང་ སྤྱི་ལོ་ ༡༩༢༢ པའི་ལོར་དགོངས་པ་རྫོགས་ནུག།
དེ་ལས་ འབྲུག་རྒྱལ་པོ་མི་དབང་ཨོ་རྒྱན་དབང་ཕྱུག་མཆོག་བུམ་ཐང་ལུ་ སྐུ་མཚམས་ལུ་བཞུགས་ཏེ་ སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ཉེར་དྲུག་(༡༩༢༦) ལུ་ མི་དབང་མཆོག་དགུང་ལོ་ ༦༧ པའི་ལོར་དགོངས་པ་རྫོགས་ནུག། མི་དབང་མཆོག་དགོངས་པ་མ་རྫོགས་པའི་ཧེ་མ་ གོ་ལ་དང་ཏི་རུ་ལ་སོགས་པ་ཚུ་ སྤུ་ན་ཁ་གཞུང་དགེ་འདུན་གྲྭ་ཚང་ལུ་ཕུལ་ཡོདཔ་མ་ཚད་ དེའི་ཤུལ་ལས་དགོངས་པ་རྫོགསཔ་ད་ མེ་སྦྱང་ཡང་སྐུ་རྗེས་ལྷ་ཁང་ནང་ལུ་ཕུལ་ནུག།

ཁུངས་གཏུག།

[ཞུན་དག]
  1. Gyamtsho, T. (1996). A History of Bhutan. Thimphu, Bhutan: Ministry of Health and Education