Jump to content

འབྲུག་རྒྱང་བསྒྲགས་ལས་འཛིན།

Wikipedia ལས།

༉ འབྲུག་རྒྱང་བསྒྲགས་ལས་འཛིན་དེ་ གཞུང་གིས་དབང་བའི་ལས་སྡེ་ཅིག་དང་ རྒྱང་བསྒྲགས་དང་རྒྱང་མཐོང་གི་འཕྲུལ་ཁང་ཅིག་ཨིན། འབྲུག་ལུ་རྒྱང་བསྒྲགས་ཀྱི་ཞབས་ཏོག་སྤྲོད་མི་འདི་ གཞན་ལས་སྡེ་ལེ་ཤ་ཅིག་ཡོད་རུང་ རྒྱང་མཐོང་གི་ཞབས་ཏོག་སྤྲོད་མི་དེ་ འབྲུག་རྒྱང་བསྒྲགས་ལས་འཛིན་རྐྱངམ་གཅིག་མ་གཏོགས་གཞན་མེད། འབྲུག་ལུ་རྒྱང་འཕྲིན་ལག་ལེན་གྱི་རང་དབང་འདི་ བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་ཀྱི་བཅའ་ཁྲིམས་ ༢༠༠༦ ཅན་མ་བསྟུན་ཡོདཔ་ཨིན། འབྲུག་ལུ་ལོ་ངོ་མང་རབས་ཅིག་གི་རིང་ དེང་སང་རྒྱང་འཕྲིན་གྱི་རིམ་ལུགས་མ་ལྷོདཔ་ལས་ བརྡ་བརྒྱུད་ཀྱི་ཞབས་ཏོག་སྤྲོད་མི་མེད་པར་ གནག་གདུང་གི་མུན་པའི་ནང་སྡོད་ཡོདཔ་ཨིན་རུང་ སྤྱི་ལོ་ ༡༩༧༣ ལུ་ འབྲུག་རྒྱལ་ཡོངས་ན་གཞོན་ཚོགས་པ་གིས་ རྒྱང་བསྒྲགས་ཀྱི་རིམ་ལུགས་ཅིག་འགོ་བཙུགས་ནུག། (Karma Puntsho, 2013, p594)
འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ ཡོངས་འབྲེལ་འཆར་སྒོ་དང་འཁྲིལ་བ་ཅིན་ དེའི་རིམ་ལུགས་ལག་ལེན་ཐོག་ལས་ རེས་གཟའ་ཟླཝ་ཨ་རྟག་ར་འབྲུག་པའི་མི་སེར་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་ནིའི་དམིགས་པ་ཐོག་ གནས་ཚུལ་དང་ཐུགས་སྤྲོའི་གླུ་གཞས་ཚུ་ དུས་ཡུན་སྐར་མ་ ༣༠ དེ་ཅིག་གི་རིང་ལུ་ འབྲུག་རྒྱང་བསྒྲགས་འབད་སྲོལ་འདུག། རྒྱང་བསྒྲགས་སྤེལ་འཕྲུལ་འདི་ཡང་ ཐིམ་ཕུག་ལུ་ཡོད་པའི་ ལྕགས་འཕྲིན་གཏོང་ལེན་ཡིག་ཚང་གཅིག་ལས་ གླ་ཁར་ལེན་ཡོདཔ་ཨིན་མས། ཤུལ་ལས་ སྤྱི་ལོ་ ༡༩༧༩ ནང་ འབྲུག་རྒྱལ་ཡོངས་ན་གཞོན་ཚོགས་པའི་རྒྱང་བསྒྲགས་རིམ་ལུགས་དེ་ གཞུང་གིས་དབང་བའི་ལས་འཛིན་ཅིག་སྦེ་ངོས་འཛིན་འབད་དེ་ སྤྱི་ལོ་ ༡༩༨༦ ལུ་ མིང་ཡང་འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་བསྒྱུར་བཅོས་མཛད་གནང་ནུག།
Lily Wangchuk (2017) ཤོག་གྲངས་ ༧༢ ལྟར་དུ་འབད་བ་ཅིན་ སྤྱི་ལོ་ ༡༩༨༦ ལུ་ འབྲུག་ལུ་རྒྱང་བསྒྲགས་འཕྲུལ་ཁང་གཅིག་ལས་མ་སྡོད་པའི་ཁར་ རྒྱང་མཐོང་ཟེར་བའི་མིང་ཙམ་ཡང་མ་གོ་བར་སྡོད་པའི་བར་ན་ རྒྱང་བསྒྲགས་ལས་འཛིན་གྱི་རིམ་ལུགས་གསརཔ་དེ་བཟུམ་འབག་འོང་སྟེ་ མི་སེར་ཚུ་ཡང་ག་ཅི་དེ་སེམས་དགའ་སྟེ་སྡོད་ནུག། དེའི་ཤུལ་ལུ་ སྤྱི་ལོ་ ༡༩༩༩ ལུ་ འབྲུག་རྒྱལ་ཁབ་ནང་ རྒྱང་མཐོང་དང་རྒྱང་བསྒྲགས་ཀྱི་རྒྱུན་ལམ་སྦེ་ འབྲུག་རྒྱང་བསྒྲགས་ལས་འཛིན་ཟེར་བཙུགས་མི་དེ་གིས་ འབྲུག་མི་གེ་ར་ལུ་ གནམ་མེད་ས་མེད་ཕན་པ་བྱུང་ནུག། དེ་སྦེ་བཙུགས་ཚུགས་ནིའི་དོན་ལུ་ སྤྱི་ལོ་ ༡༩༩༡ ནང་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ ལས་འཆར་བརྩམ་ནི་དང་ དེང་སང་རྒྱང་བསྒྲགས་ཀྱི་མཐུན་རྐྱེན་ཚུ་ མཁོ་སྒྲུབ་འབད་ནི་འདི་ཡང་འགོ་བཙུགས་ནུག། དུས་ཡུན་མང་རབས་ཅིག་གི་རིང་ལུ་ འབྲུག་རྒྱལ་ཁབ་ནང་རྒྱང་མཐོང་གི་རིམ་ལུགས་དེ་ བཀག་དམ་འབད་བཞག་ཡོདཔ་ཨིན་རུང་ ཡུན་མ་རིངམ་ཅིག་ཁར་ ཞབས་ཏོག་དེ་དུས་ཚོད་ཁར་ལྷོད་དེ་ འབྲུག་མི་གེ་ར་ལུ་ཕན་སྦོམ་སྦེ་ར་ཐོགས་ཡོདཔ་མ་ཚད་ མཐུན་རྐྱེན་དེ་བཟུམ་སྤྱོད་ནིའི་གོ་སྐབས་འཐོབ་ནི་དེ་གིས་སེམས་དགའ་སྟེ་སྡོད་ནུག།
འབྲུག་ལུ་རྒྱང་བསྒྲགས་ཀྱི་རིམ་ལུགས་ རྒྱལ་ཁབ་ཀྱི་རྫོང་ཁག་ཉི་ཤུ་གེ་ར་ནང་ ཁྱབ་ཚུགས་མི་དེ་ཡང་ སྤྱི་ལོ་ ༢༠༠༠ སྤྱི་ཟླ་ ༦ པའི་ནང་ རྒྱང་བསྒྲགས་འཕྲུལ་ཁང་གསརཔ་གཅིག་ ལྷོ་ཕྱོགས་དང་ནུབ་ཕྱོགས་ དེ་མ་ཚད་སྤྱི་ལོ་ ༢༠༠༡ སྤྱི་ཟླ་དང་པ་དེ་ཅིག་ཁར་ རྒྱལ་ཁབ་ཀྱི་སྦུག་ལུ་ཆགས་ཡོད་པའི་ས་གོ་ཚུ་ནང་ཡང་ ཡིག་ཚང་ཆུང་ཀུ་རེ་སོ་སོ་སྦེ་ཕྱེ་མི་དེ་ལས་བརྟེན་ སྤྱི་ལོ་ ༢༠༠༥ མཇུག་བསྡུ་ཁམས་ཅིག་ཁར་ འབྲུག་རྒྱལ་ཁབ་མཐའ་དབུས་མེད་པའི་ས་ཕྱོགས་ གེ་ར་ནང་ཁྱབ་ཚུགསཔ་བཟོ་ཚུགས་ནུག། སྤྱི་ལོ་ ༢༠༠༩ སྤྱི་ཟླ་ ༡༡ ལས་འགོ་བཟུང་ རྒྱང་བསྒྲགས་ཀྱི་ལས་རིམ་ཚུ་ ཉིན་བསྟར་བཞིན་ཆུ་ཚོད་ ༢༤ གི་རིང་སྤྱོད་ཚུགསཔ་བཟོ་ཡོདཔ་ཨིན་མས། དེ་ཡང་ ཆུ་ཚོད་ ༡༤ དང་ སྐར་མ་ ༤༥ དེ་རྫོང་ཁ་ ཁ་སྐད་ནང་ ཆུ་ཚོད་ ༣ དང་ སྐར་མ་ ༤༥ དེ་ཅིག་ཨིང་སྐད་ཁ་སྐད་ནང་ དེ་ལས་ཆུ་ཚོད་ ༢ དང་ སྐར་མ་ ༥༣ དེ་ཅིག་ ཚངས་ལ་ཁ་སྐད་ནང་ དེ་ལས་ཆུ་ཚོད་ ༡ དང་སྐར་མ་ ༥༨ དེ་ཅིག་ལྷོ་ཚམས་ཁ་སྐད་ནང་སྦེ་ རྒྱང་བསྒྲགས་འབད་དེ་ འབྲུག་མི་གེ་རའི་དོན་ལུ་ ཐུགས་སྤྲོའི་ཡུལ་ཅིག་ལུ་གྱུར་ནུག། ལྷག་པར་དུ་ ནུབ་མོ་ཆུ་ཚོད་ ༢ ལས་འགོ་བཙུགས་ དྲོ་པའི་ཆུ་ཚོད་ ༦ ཚུན་ ཉིན་མའི་བསྐྱར་ཞུ་ཚུ་ རྒྱང་བསྒྲགས་སྦེ་བཞག་སྟེ་ འབྲུག་མི་ཚུ་དུས་ཡུན་ཐུང་ཀུ་ཅིག་ཡང་ ཐུགས་སུན་མ་བཅུག་པར་བཞག་ནུག།
འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ རྒྱང་བསྒྲགས་འཕྲུལ་ཁང་ནང་ལས་ ད་རེས་ཀྱི་བར་དུ་ཡང་ རྫོང་ཁའི་ལས་རིམ་རྒྱང་བསྒྲགས་འབད་ནིའི་དོན་ལུ་ རྒྱང་བསྒྲགས་གཉིས་པ་ཟེར་འགོ་བཙུགས་མི་དེ་ནང་ ཆུ་ཚོད་ ༢༤ གི་རིང་རྫོང་ཁའི་ཁ་སྐད་ཐོག་ ལས་རིམ་སྣ་ཚོགས་རྒྱང་བསྒྲགས་འབད་སྲོལ་འདུག། ལས་རིམ་ཚུ་ཡང་ མེ་ག་ཧཊས་ ༩༠ དང་ ༩༢ གཉིས་ལས་གསན་ཚུགས་ནི་དང་ དེའི་ནང་ཤེས་རིག་དང་འབྲེལ་བའི་ལས་རིམ་ སེམས་ཁམས་དང་འབྲེལ་བའི་ལས་རིམ་ དེ་མ་ཚད་གཞན་ ལས་རིམ་སྣ་ཚོགས་ བརྒྱུད་འཕྲིན་ཁ་འཐེན་གྱི་ལས་རིམ་ ཐུགས་སྤྲོ་གླུ་གཞས་ཀྱི་ལས་རིམ་ སྔར་སྲོལ་ལམ་ལུགས་བདག་འཛིན་འབད་ནིའི་དོན་ལུ་ བློ་ཟེ་དང་རྩང་མོའི་ལས་རིམ་དང་སྦེ་ མ་འདྲཝ་ལེ་ཤ་ཅིག་རྒྱང་བསྒྲགས་འབད་དོ་ཡོདཔ་ཨིན། རྒྱང་བསྒྲགས་དང་པ་ནང་འབད་བ་ཅིན་ ཚངས་ལ་ཁ་སྐད་ ལྷོ་ཚམས་ཁ་སྐདདང་ ཨིང་སྐད་ཁ་སྐད་ཚུ་ནང་ ལས་རིམ་སྣ་ཚོགས་བཟོ་སྟེ་ རྒྱང་བསྒྲགས་འབད་དོ་ཡོདཔ་ཨིན། ལས་རིམ་དེ་ཚུ་ཡང་ མེ་ག་ཧཊས་ ༨༨.༡ ནང་ལས་ཧིང་སངས་ས་སྦེ་གོ་ཚུགས་དོ་ཡོདཔ་ཨིན།
འབྲུག་ལུ་རྒྱང་མཐོང་ལུ་ཡང་ རྒྱང་བསྒྲགས་རྒྱང་མཐོང་དང་པ་དང་གཉིས་པ་ དེ་མ་ཚད་ད་རེས་ནངས་པའི་དུས་ལུ་རྒྱང་མཐོང་གསུམ་པ་ཡང་ལྷོད་དེ་ཡོདཔ་ཨིན། ཨིན་རུང་སྔོན་མིའི་དུས་ལུ་ རྒྱང་མཐོང་ཟེར་གཅིག་ལས་མེད་མི་ནང་ལས་ གནས་ཚུལ་ དངོས་གསལ་གློག་བརྙན་དང་ཐུགས་སྤྲོའི་ལས་རིམ་གཞན་ལེ་ཤ་ཅིག་ བདུན་ཕྲག་གཅིག་གི་རིང་ཕྱི་རུའི་ཆུ་ཚོད་ ༡ དེ་ཅིག་གི་རིང་ ༧-༨ ཚུན་གྱི་བར་ན་བཏང་ཡོད་རུང་ ཤུལ་ལས་སྤྱི་ལོ་ ༢༠༠༦ སྤྱི་ཟླ་ ༡༢ ལས་ དུས་ཡུན་ཆུ་ཚོད་བཞི་གི་རིང་ གཏང་ནི་སྦེ་ཡར་སེང་འབད་ནུག། དེ་ཡང་ཕྱི་རུའི་ཆུ་ཚོད་ ༦ ལས་ ༡༠ ཚུན་རྒྱང་མཐོང་ནང་སྦེ་ལས་རིམ་ཚུ་ གཏང་ནི་འགོ་བཙུགས་ཡོད་རུང་ ལས་རིམ་ཚུ་འབྲུག་གི་རྒྱལ་ས་ལྟེ་བ་ ཐིམ་ཕུག་ལུ་སྡོད་མི་རྐྱངམ་གཅིག་མ་གཏོགས་ གཞན་རྫོང་ཁག་ཚུ་ནང་ སྤྱི་ལོ་ ༢༠༠༦ སྤྱི་ཟླ་ ༦ ནང་རྐྱངམ་གཅིག་ཁྱབ་ཚུགས་ནུག། ད་རེས་ཀྱི་རྒྱང་བསྒྲགས་འཕྲུལ་ཁང་གིས་ འབྲུག་ལུ་ཡོད་པའི་ རྒྱང་མཐོང་ལྟེ་བ་ ༣༡ དེ་ཅིག་ གཡོག་བཀོལ་ཚུགས་ཏེ་ཡོདཔ་ཨིན།
སྤྱི་ལོ་ ༢༠༠༨ ལུ་ འབྲུག་གི་རྒྱང་བསྒྲགས་ལས་འཛིན་གྱིས་ རྒྱང་མཐོང་གི་ལས་འཆར་རྒྱ་སྦོམ་བཟོ་སྟེ་ ཕྱི་རུའི་ཆུ་ཚོད་ ༦ ལས་ ༡༡ ཚུན་སྦེ་ དུས་ཡུན་ཆུ་ཚོད་ལྔ་ལྷགཔ་ཅིག་ རྒྱང་བསྒྲགས་འབད་ནི་འགོ་བཙུགས་ཡོདཔ་ཨིན། ལས་རིམ་མང་ཤོས་ར་རྫོང་ཁ་ནང་ཡོད་རུང་ སྐབས་འབབ་ཀྱི་ལས་རིམ་གཉིས་དེ་ཅིག་དང་ ཕྱི་རུ་ཨ་རྟག་ར་གནས་ཚུལ་ལས་རིམ་ཚུ་ ཨིང་སྐད་ནང་རྒྱང་བསྒྲགས་འབད་སྲོལ་ཡོདཔ་མ་ཚད་ དྲོ་པ་ཆུ་ཚོད་ ༦ ལས་ ཆུ་ཚོད་ ༡༡ ཚུན་ ཕྱི་རུ་རྒྱང་བསྒྲགས་འབད་ཚར་མི་ཚུ་ བསྐྱར་ཞུ་འབད་སྲོལ་འདུག། བདུན་ཕྲག་ངལ་གསོའི་སྐབས་ ཕྱི་རུའི་ཆུ་ཚོད་ ༣ ལས་ ༦ ཚུན་ ཞབས་ཁྲ་གདམ་ཁ་རྐྱབ་བཅུག་སྟེ་ ཐུགས་སྤྲོའི་ལས་རིམ་ཚུ་ རྒྱང་བསྒྲགས་འབད་དེ་འབྲུག་མི་ཚུ་སྤྲོ་བ་འཐེབ་སྦེ་བྱུང་ནུག།
འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ རྒྱང་མཐོང་གི་རྒྱུན་ལམ་གསུམ་ཡོད་ས་ལས་གཅིག་དེ་ རྒྱང་མཐོང་དང་པ་དེ་ཡང་སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༢ པའི་ སྤྱི་ཚེས་ ༢ ལུ་འགོ་བཙུགས་ནུག། དེ་ནང་ལས་རིམ་ཚུ་ཡང་མང་ཆེ་ཤོས་ཅིག་ གནས་ཚུལ་ སྐབས་འབབ་ཀཡི་ལས་དོན་ཚུ་དང་ ཤེས་རིག་ རྩོད་རིགས་ཀྱི་ལས་རིམ་ དེ་མ་ཚད་ལམ་སྲོལ་དང་འབྲེལ་བའི་ལས་རིམ་ཚུ་ རྒྱང་བསྒྲགས་འབད་མི་ འབྲུག་ལུ་རྒྱང་མཐོང་གི་རྒྱུན་ལམ་དང་པ་ཨིན། རྒྱང་བསྒྲགས་གཉིས་པ་དེ་ སྤྱི་ལོ་ ༢༠༡༢ ལུ་ འབྲུག་མི་ཚུ་ སྤྱིར་བཏང་ཐུགས་སྤྲོའི་རྒྱུན་ལམ་ཅིག་སྦེ་ འགོ་བཙུགས་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༢༡ གི་ ལོའི་ནང་ རྒྱང་བསྒྲགས་ཀྱི་རྒྱུན་ལམ་གསུམ་པ་ཡང་འགོ་བཙུགས་ཏེ་ ཤེས་རིག་དང་འབྲེལ་བའི་ལས་རིམ་རྐྱངམ་གཅིག་ རྒྱང་བསྒྲགས་འབད་ནི་ཨིན་མས།
འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ རྒྱང་བསྒྲགས་དང་རྒྱང་མཐོང་ཐོག་ལས་ ཚོང་བསྒྲགས་དང་ཁྱབ་བསྒྲགས་ལ་སོགས་པ་ཚུ་ འོས་འབབ་ལྡན་པའི་དངུལ་སྤྲོད་ཐོགས་ལས་རྒྱང་བསྒྲགས་འབད་ཚུགས། དེ་མ་ཚད་ལས་རིམ་སྣ་ཚོགས་ཐོག་ལས་ མི་ཚུ་ ཐུགས་བག་ཕེབས་ཏོག་ཏོ་བཟོ་ཡོདཔ་མ་ཚད་ གནས་ཚུལ་ཚུ་རྒྱང་བསྒྲགས་དང་ རྒྱང་མཐོང་ཚུ་ནང་རྐྱངམ་གཅིག་མེན་པར་ མི་སྡེ་བརྡ་བརྒྱུད་དང་ཡོངས་འབྲེལ་འཆར་སྒོ་ལས་ཡང་ འཐོབ་ཚུགསཔ་བཟོ་སྟེ་ཡོད། ལས་སྡེ་དེ་བཟུམ་ལས་བརྟེན་ འབྲུག་པའི་ན་གཞོན་ཚུ་ལུ་ཡང་ ལཱ་གཡོག་གི་གོ་སྐབས་སྤྲོད་ཚུགསཔ་མ་ཚད་ ཡོན་ཏན་ལྷབ་ནིའི་དོན་ལུ་ཡང་ གནམ་མེད་ས་མེད་ཕན་ཐོག་བྱུང་སྟེ་ཡོད། (འབྲུག་རྒྱང་བསྒྲགས་ལས་འཛིན། ༢༠༡༧)

ཁུངས་གཏུག།

[ཞུན་དག]
  1. Phuntsho, K. (2013). History of Bhutan. Random House Publishers India Private Limited.
  2. Wangchuk, L. (2017). Facts about Bhutan the Land of Thunder Dragon. KMT Publishers.
  3. འབྲུག་རྒྱང་བསྒྲགས་ལས་འཛིན། ཡོངས་འབྲེལ་འཆར་སྒོ། retrieved from: bbs.bt/news/
  4. Retrieved from: https://en.m.wekipedia.org/wiki/Bhutan_Broadcasting_Service