འཛམ་གླིང་གཅིག་འགྱུར་ནང་གི་ལམ་སྲོལ་ཉམས་སྲུང་།

Wikipedia ལས།

འཛམ་གླིང་གཅིག་འགྱུར་ནང་གི་ལམ་སྲོལ་ཉམས་སྲུང་།

འཛམ་གླིང་གཅིག་འགྱུར་ཟེར་མི་འདི་ སྤྱིར་བཏང་ལུ་ འཛམ་གླིང་ནང་གི་དཔལ་འབྱོར། ལམ་སྲོལ། མི་སྡེ་དང་སྲིད་དོན་ལ་སོགས་པ་ཚུ་གི་འགྱུར་བགྲོད་ལུ་སླབ་ཨིན་པས། ལམ་སྲོལ་ཟེར་མི་འདི་ སྔོན་དང་ཕུ་ལས་ར་ ཕ་ལས་བུ་བརྒྱུདདེ་འོངས་བའི་ལུགས་སྲོལ་འདི་ལུ་གོཝ་ཨིན། ལམ་ལུགས་སྲོལ་འདི་ རྒྱལ་ཁབ་རང་ར་སོ་སོའི་ནང་ལུ་ ཐུན་མོང་མཡིན་པའི་ཁྱད་ཆོས་ཅིག་ཨིནམ་དང་ རྒྱལ་ཁབ་ཆེ་འབྲིང་ཆུང་གསུམ་ག་ར་གིས་ འཛམ་གླིང་གཅིག་འགྱུར་གྱི་ནང་ལུ་ ལམ་སྲོལ་ཉམས་སྲུང་འབད་ནི་ལུ་ཁག་ཆེ་ཤོས་ཅིག་སྦེ་རྩིཝ་ཨིན་པས། དེ་བཟུམ་སྦེ་ར་ འབྲུག་གི་རྒྱལ་ཁབ་འདི་ ལམ་སྲོལ་གྱིས་ཕྱུག་པའི་རྒྱལ་ཁབ་ཅིག་ཨིནམ་ལས་ ལམ་སྲོལ་འདི་འབྲུག་རྒྱལ་ཁབ་ཀྱི་སྲོག་ཤིང་བཟུམ་ཅིག་ཨིན། དེ་ལས་ རྒྱལ་ཁབ་རང་དབང་རང་བཙན་གྱི་དོན་ལུ་ཡང་གཞི་རྟེན་བཟུམ་ཅིག་ཨིནམ་དང་ རྒྱལ་ཁབ་ཀྱི་ཐུན་མོང་མ་ཡིན་པའི་ངོ་རྟགས་ཅིག་འབདཝ་ལས་ ལམ་སྲོལ་ཉམས་སྲུང་ཟེར་བའི་ལྟ་བ་འདི་ མི་དབང་འབྲུག་རྒྱལ་བཞི་པ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ཐུགས་ཀྱི་དགོངས་གཏེར་ རྒྱལ་ཡོངས་དགའ་སྐྱིད་ད་པལ་འཛོམས་ཀྱི་རྩ་ཚན་ནང་ལུ་ར་ཚུད་དེ་ཡོདཔ་ཨིན། (Importance of culture in Bhutan, n.d)། འཛམ་གླིང་གཅིག་འགྱུར་གྱི་གནད་ཁུངས་གཙོ་བོ་ར་ དཔལ་འབྱོར། སྔར་སྲོལ། ཆོས་དང་འབྲེལ་བ། དེ་ལས་ ཡིད་ཆེས་ཀྱི་ལམ་ལུགས་ཚུ་ཨིན་པས། དེ་བཟུམ་མའི་འཛམ་གླིང་གཅིག་འགྱུར་འདི་ སྔོན་གོང་ལས་ར་ ག་ར་གིས་མྱོངས་ཡོད་རུང་ ད་ལྟོ་འཛམ་གླིང་གཅིག་འགྱུར་འདི་མགྱོགས་དྲགས་སྦེ་འགྱོ་བའི་བསྒང་འབད་ནི་འདི་གིས་ ལམ་སྲོལ་ལུ་ཐོ་སྦོམ་སྦེ་ར་ཕོག་ནིའི་ཉེན་ཁ་འདུག།

འཛམ་གླིང་གཅིག་འགྱུར་གྱི་དུས་སྐབས་ལུ་ མི་སེར་མང་ཤོས་ཅིག་ལུ་ ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ དམིགས་བསལ་དུ་ཁོང་ར་གི་ལམ་སྲོལ་འདི་ཨིན་པས། དེ་ཡང་ ལམ་སྲོལ་དེ་གིས་ རྒྱལ་སྤྱིའི་གནས་ཚད་ནང་ རང་དང་རང་གི་མི་སྡེ་འདི་ རྒྱལ་ཁབ་གཞན་ལས་མ་འདྲཝ་ཅིག་ཨིན་པའི་ཚོར་བ་ཅིག་སྟོནམ་ཨིན་པས། དེ་ལས་ Deng (2005) དང་འཁྲིལ་བ་ཅིན་ ལམ་སྲོལ་གྱི་ངོ་རྟགས་འདི་གིས་ རང་ག་ཨིན་ན། ག་ཏེ་ཨིན་ན། རང་ལུ་ག་ཅི་ཡོད་ག། ཟེར་བའི་ལན་ཚུ་བྱིནམ་ཨིན་པས། དེ་ཡང་ མི་གི་ངོ་རྟགས་འདི་ ལམ་སྲོལ་ཚུ་ལུ་བལྟ་སྟེ་ཤེས་ཚུགས་དོཡོདཔ་ལས་ གོང་གི་དྲི་བ་ཚུ་གི་ལན་འདི་ དངོས་སུ་སྦེ་མ་སླབ་རུང་ ངོ་རྟགས་ལུ་བརྟེན་ཏེ་ཧ་གོ་ཚུགས་པའི་ནུས་པ་འདུག། ཚན་རིག་དང་འཕྲུལ་རིག་གི་གོང་འཕེལ་ ཡང་ན་ དཔལ་འབྱོར་གོང་འཕེལ་ནང་འབད་བ་ཅིན་ འཛམ་གླིང་གཅིག་འགྱུར་འདི་གིས་ གཅིག་འདུས་ཟེར་བའི་རྣམ་གཞག་ཅིག་ཡོདཔ་བཟུམ་མཐོང་རུང་ ངོ་མ་ལུ་འབད་བ་ཅིན་ འཛམ་གླིང་གཅིག་འགྱུར་འདི་གིས་ ལམ་སྲོལ་འདི་ཚུ་ཡར་སེང་རྐྱབ་དོ་ཡོདཔ་ལས་ མི་ཚུ་ག་ར་ ཚ་གྱང་ལང་དགོཔ་འབྱུངམ་ཨིན་པས། དེ་འབདཝ་ལས་ འཛམ་གླིང་གཅིག་འགྱུར་འདི་གིས་ ལམ་སྲོལ་ཚུ་འདྲ་མི་འདྲ་ལུ་བཟོ་གཏང་དོ་ཡོདཔ་དང་ གཅིག་ལས་འབདན་གཅིག་ཁར་བསྡུ་གཏངམ་ཨིན་པས། (Intercultural communication studies, 2007)།

འཛམ་གླིང་གཅིག་འགྱུར་ནང་ལུ་ ལམ་སྲོལ་དང་འབྲེལ་བའི་དཀའ་ངལ་ཚུ་ ཡང་ལས་ཡང་དུ་འཐོནམ་ཨིན་པས། དེ་ཡང་ དཔེར་ན་ འབྲུག་རྒྱལ་ཁབ་བཟུམ་ཅིག་ནང་འབད་བ་ཅིན་ ལྟ་བཤལཔ་ཚུ་གྱངས་ཁ་མ་ཆོདཔ་ཅིག་འོངས་མི་ལུ་བརྟེན་ཏེ་ མི་སྡེའི་འགྱུར་བ་ཚུ་ཡང་འཐོནམ་ཨིན་པས། དེ་ལས་ ཁག་ཆེ་ཤོས་ཅིག་ འབྲུག་རྒྱལ་ཁབ་ཀྱི་ངོ་རྟགས་འདི་ གཞན་དང་མ་འདྲ་བའི་སྒྲིག་ལམ་རྣམ་གཞག་འདི་ཨིནམ་དང་ རྒྱལ་ཁབ་ནང་ལུ་ ག་ར་གིས་ལག་ལེན་འཐབ་དགོ་པའི་ལམ་ལུགས་ཡོད་ན་མེད་ན་ཅིག་ཨིན། ཨིན་རུང་ ད་རེས་ནངས་པ་ འཛམ་གླིང་གཅིག་འགྱུར་ལུ་བརྟེན་ཏེ་ ལྟ་བཤལཔ་གི་གྱངས་ཁ་ཡར་འཕེལ་འགྱོ་བའི་བསྒང་འབདཝ་ལས་ འབྲུག་པའི་སྒྲིག་ལམ་འདི་ཉམས་འགྱོཝ་ཨིན་པས། དེའི་ནང་ལས་ཡང་ ལྟ་བཤལཔ་ཚུ་དང་འབྲེལ་བ་འཐབ་མི་ན་གཞོན་ཚུ་ཨིན་པས། དེ་ལུ་བརྟེན་ཏེ་ རྒྱལ་ཁབ་ཀྱི་ངོ་རྟགས་འདི་འབྱང་དོ་ཡོདཔ་དང་ ཤུལ་ལས་ རང་གི་ངོ་རྟགས་ཨིན་ན་ རོགས་ཀྱི་ཨིན་ན་ར་མ་ཤེས་པར་ བསྐལ་པ་སྟོང་སྦེ་གནས་ཏེ་ཡོད་པའི་རྒྱལ་ཁབ་ཀྱི་རང་དབང་རང་བཙན་ལུ་ཡང་གནོད་ནི་གི་ཉེན་ཁ་སྦོམ་འདུག། (Kaewkhunok, 2018)།

རྒྱུ་མཚན་དེ་ལུ་བརྟེན་ཏེ་ ད་རིས་འཛམ་གླིང་གཅིག་འགྱུར་གྱི་དུས་ལུ་ འགྱུར་བ་ལུ་ཡིད་ཆེས་བསྐྱེད་དེ་སྡོད་ནི་མེན་པར་ ལམ་སྲོལ་ཉམས་སྲུང་ནང་བརྩོན་དགོཔ་འདི་ཡང་ གལ་ཆེ་དྲགས་ཅིག་སྦེ་མཐོངམ་ཨིན་པས། དེ་ཡང་ Nwegbu (2011) དང་འཁྲིལ་བ་ཅིན་ ལམ་སྲོལ་འདི་འགྱུར་ནི་མེད་པའི་ཁྲིམས་ལྡན་གྱི་སྲུང་སྐྱོབ་ཅིག་གཞི་བཙུགས་འབད་དགོཔ་དང་ སྔར་སྲོལ་ལམ་ལུགས་ཚུ་གཞུང་གི་ཁ་ཐུག་ལས་ལོག་སྟེ་ ལག་ལེན་འཐབ་བཅུག་དགོཔ་འདུག་ཟེར་ཨིན་པས། དེ་ལས་ གཞུང་གི་ཁ་ཐུག་ལས་ ལམ་སྲོལ་དང་འབྲེལ་བ་ཡོད་པའི་ཆོས་ཚན་ཚུ་ སློབ་རིམ་ཆུང་བ་ལས་འགོ་བཙུགས་ཏེ་ མཐོ་རིམ་སློབ་གྲྭ་ཚུན་ཚོད་ ཤེས་རིག་གི་ལམ་ལུགས་ནང་ལུ་བཙུགས་དགོཔ་མ་ཚད་ ལམ་སྲོལ་ཉམས་སྲུང་གི་ཁྲིམས་ལུགས་ཚུ་ཡང་ གོང་འཕེལ་གཏང་དགོཔ་འདུག་ཟེར་ཨིན་པས། ད་རུང་ ལམ་སྲོལ་ཉམས་སྲུང་གི་ལམ་ལུགས་འདི་ཚུ་ གློག་རིག་གི་ཐོག་ལས་ ལག་ལེན་འཐབ་ཐངས་ཡང་སྟོན་དགོཔ་དང་ སྔར་སྲོལ་ལམ་ལུགས་དང་འབྲེལ་བའི་དཀའ་ངལ་ཚུ་གི་སྐོར་ལས་ བསྟུན་འགྲོས་འབད་ཞིནམ་ལས་ སེལ་ཐབས་ལུ་དམིགས་ཏེ་ སྔར་སྲོལ་གྱི་སྡེ་ཚན་ཅིག་ཡང་གཞི་བཙུགས་འབད་དགོཔ་འདུག་ཟེར་ཨིན་པས། དེ་གིས་ཡང་མ་དོ་བར་ མི་སྡེ་ནང་ལུ་ རང་སོའི་ཨ་ལུ་ཚུ་འཕྲུལ་རིགས་ཚུ་ལུ་བརྟེན་ཏེ་ གཞན་རྒྱལ་ཁབ་ཀྱི་ལམ་སྲོལ་ལུ་དཔེ་བལྟ་མ་ཆོག་པའི་སྲིད་བྱུས་ཚུ་བཟོ་དགོཔ་འདུག་ཟེར་ཨིན་པས། དེ་བཟུམ་སྦེ་ འཛམ་གླིང་གཅིག་འགྱུར་གྱི་དུས་ལུ་ ལམ་སྲོལ་ཉམས་སྲུང་ནང་ལུ་བརྩོན་པ་ཅིན་ རང་སོའི་ངོ་རྟགས་འདི་མ་ཡལ་བར་ བསྐལ་བརྒྱར་བརྟན་ཏེ་རྒྱལ་ཁབ་དགའ་སྐྱིད་ཀྱི་ངང་ལུ་གནས་ཚུགས་པའི་འོས་འབབ་སྦོམ་འདུག།

རྒྱབ་རྟེན་དཔེ་ཆ།

Deng,N.(2005).On the national literature’s tactics in the globalization’s language environment. Journal of Human institute of Humanities,   science and technology, 1, 39-41.

Importance of Culture in Bhutan,(n.d). Retrieved from https://www.ipl.org

Kaewkhunok, S.(2018). Bhutan’s Tourism in Blobalization context.             Doi:10.14456/tureview,2018.8

Nwegbu, U. M.,(2011).Globalization of cultural Heritage: issues, Impacts, and Inevitable Challenges for Nigeria. Retrieved from             https://unllip.unl.edu/lpp/