Jump to content

ཡཱ་རེན།

Wikipedia ལས།

ཡཱ་རེན་ལུ་ཧེ་མ་ མག་ཝ་དང་མོ་ཀུ་ཝ་ཟེར་ཡང་སློབ་དོ་ཡོདཔ་ཨིནམ་ད་ ས་གནས་འདི་ ནཱཝ་རུ་རྒྱལ་ཁབ་ཀྱི་རྫོང་ཁག་ཅིག་ཨིན། མག་ཝ་དང་མོ་ཀུ་ཝ་ཟེར་བའི་གོ་དོན་འདི་ཡང་ མོ་ཀུ་ཝ་གི་ཆུ་དོང་ཟེར་བའི་དོན་ཨིན་པས། དེ་ཡང་ སའི་འོག་ལུ་མཚོ་ཡོདཔ་དང་ ཆུ་འདི་ནཱཝ་རུའི་མི་ཚུ་གིས་ འཐུང་ནིའི་དོན་ལུ་ ལག་ལེན་འཐབ་ཨིན་པས། ནཱཝ་རུའི་རྒྱལ་ས་ལྟེ་བ་གཞུང་འབྲེལ་དུ་ ཡཱ་རེན་མེན་རུང་ བདག་སྐྱོང་གི་ལྟེ་བ་ཅིག་ཨིནམ་མ་ཚད་ ཚོང་འབྲེལ་གྱི་ལྟེ་བ་ཅིག་ཡང་ཨིན་པས། ཨིན་རུང་ ཡཱ་རེན་འདི་ ཡིག་ཐོག་ལུ་ རྒྱལ་ས་ལྟེ་བའི་གྲངས་སུ་སྦེ་བཞག་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་ཡིག་ཚང་དང་ལྷན་ཁག་ཚུ་ཡང་ས་གནས་དེ་ཁར་ཡོདཔ་ཨིན། འཛམ་གླིང་སྤྱི་ཚོགས་ཀྱི་ ཡཱ་རེན་འདི་རྫོང་ཁག་གཙོ་བོ་ཅིག་སྦེ་ངོས་འཛིན་དང་ཆ་འཇོག་འབད་ཡོདཔ་ཨིན། []ཡཱ་རེན་འདི་འཛམ་གླིང་ནང་གི་རྒྱལ་ཁབ་ཀྱི་རྒྱལ་ས་ལྟེ་བ་ཚུ་གི་གྲས་ལས་ མི་རློབས་ཉུང་ཤོས་ཡོད་པི་རྒྱལ་ས་ལྟེ་བ་ ཨང་བཞི་པའི་གྲངས་སུ་ཚུདཔ་ཨིན་པས། []རྫོང་ཁག་འདི་སྤྱི་ལོ་ ༡༩༦༨ ལུ་གཞི་བཙུགས་འབད་ཡོདཔ་ཡོདཔ་ཨིན་པས། རྒྱལ་ཁབ་ཀྱི་མཐའམ་བཞིཔོ་ཆ་ར་་ པེ་སི་ཕིག་རྒྱ་མཚོ་གིས་བསྐོར་ཏེ་ཡོདཔ་ཨིན། ས་གནས་འདི་མཚོ་གླིང་རྒྱལ་ཁབ་ཀྱི་ བྱང་ཕྱོགས་ལུ་ཆགས་ཡོདཔ་ཨིན། སའི་རྒྱ་ཁྱོན་ ཀི་ལོ་མི་ཊར་གྲུ་བཞི་གཅིག་དང་ཚག་ལྔ་(༡.༥) དང་ཡང་ཅིག་མའིལ་  ༠.༥༨ གྲུ་བཞི་སྦེ་ཡོདཔ་ཨིན། ས་གནས་འདི་རྒྱ་མཚོའི་ཚད་ལས་ མཐོ་ཚད་ མི་ཊར་ ༢༥ དང་ཕིཊ་ ༨༢ གི་ས་ཁར་ཆགས་ཡོདཔ་ཨིན། ཡཱ་རེན་གྱི་བྱང་ཁ་ཐུག་ལུ་ བུ་ཝ་ད་ཡོདཔ་དང་ ཤར་ཁ་ཐུག་ལུ་ མེ་ནེང་ དེ་ལས་ནུབ་ཁ་ཐུག་ལུ་ བོས་ཡོདཔ་ཨིན། []  

ཡཱ་རེན་གྱི་གནམ་གཤིས་འདི་ རྒྱ་མཚོའི་རྩ་བར་ཡོད་ནི་དེ་གི་ ཚ་དྲོད་ལྡན་ཏོག་ཏ་ཡོད་པའི་ཁར་ རློན་ཆ་ཡང་ཡོདཔ་ཨིན། []སྤྱི་ཟླ་བཅུ་གཅིག་པ་ལས་ གཉིས་པ་ཚུན་ཚོད་ ཆརཔ་འབོལ་བའི་དུས་ཚོད་ཨིནམ་ལས་ གནམ་གཤིས་རློན་སུ་ཅིག་སྦེ་སྡོད་དོ་ཡོདཔ་ཨིན་པས། དེ་ལས་སྤྱི་ཟླ་གསུམ་པ་ལས་བཅུ་པ་ཚུན་ལུ་ གནམ་གཤིས་འདི་སྐམ་ཀྲོག་ཀྲོ་ཚམ་ཅིག་ ཚརཔ་སྐབས་སྐབས་རྐྱངམ་རྐྱབ་དོ་ཡོདཔ་ཨིན། རྫོང་ཁག་དེའི་ དྲོད་ཤུགས་ཡང་ ཌིག་རི་སེལ་ཤིཡསི་༢༥་དང་༢༩་བར་ན་གནས་དོ་ཡོདཔ་ཨིན།[]

རྒྱལ་ཁབ་ཀྱི་མི་སེར་ཚུ་གི་ཁ་སྐད་ ཨིང་ལིཤ་དང་ནཱཝ་རུ་ཝཱན་གཉིས་ཨིནམ་བཞིན་དུ་ ཡཱ་རེན་ལུ་ཡོད་མི་ཚུ་གིས་ཡང་ ཁ་སྐམ་འདི་ཚུ་ནང་འབྲེལ་བ་འཐབ་དོ་ཡོདཔ་ཨིན་། [] རྫོང་ཁག་དེ་ཁར་ སྤྱི་ལོ་ ༡༩༩༢ ལུ་གཞི་བཙུགས་མཛད་ཡོད་པའི་ སྤྱི་ཚོགས་ཀྱི་ཚོགས་ཁང་ བདག་སྐྱོང་གི་ཡིག་ཚང་དང་ཁྲིམས་སྲུང་འགག་སྡེའི་ཡིག་ཚང་ཚུ་ཡང་དེ་ཁར་ཡོདཔ་ཨིན། []དེ་བཟུམ་སྦེ་ཨོསི་ཊེ་ལི་ཡ་གི་ལྷན་ཚོགས་མཐོ་ཤོས་ཡོད་པའི་ཁར་ ཊཱའི་ཝཱན་གཞུང་ཚབ་ཡིག་ཚང་ཡང་ཡོད། []

ཡཱ་རེན་འདི་རྫོང་ཁག་གཅིག་ཨིནམ་མ་ཚད་ སྲིད་དོན་གྱི་དོན་ལུ་ འདེམས་ཁོངས་གཅིག་ཡང་ཨིན། འདེམས་ཁོངས་དེ་ལས་ འཐུས་མི་གཉིས་བཙག་འཐུ་འགྲུབ་ཨིན་པས། [] ཡཱ་རེན་ལུ་ཡོད་པའི་ནཱ་བོ་ཝེ་རོ་འགྲོམས་སྟོན་ཁང་འདི་ རྒྱལ་ཡོངས་འགྲེམས་སྟོན་ཁང་སྦེ་རྩིཝ་ཨིན།

ནཱཝ་རུ་རྒྱལ་ཁབ་ནང་ སློབ་རིམ་དང་པ་ལས་གསུམ་པ་ཚུན་ སློབ་ཕྲུག་ཚུ་ཡཱ་རེན་སློབ་གྲྭ་ཆུང་བ་ནང་ལུ་ལྷབ་དོ་ཡོདཔ་ད་ བཞི་པ་ལས་དྲུག་པ་ཚུན་ མེ་ནང་རྫོང་ཁག་ནང་ཡོད་པའི་ནཱཝ་རུ་སློབ་གྲྭ་ཆུང་བ་ནང་ལུ་ལྷབ་སྦྱང་འབད་དོ་ཡོདཔ་ཨིན། དེ་ལས་ སློབ་རིམ་བདུན་པ་ལས་དགུ་པ་ཚུན་ ཌེ་ནི་གོ་མོ་ཌུ་རྫོང་ཁག་ནང་ ནཱཝ་རུ་མཐོ་རིམ་སློབ་གྲྭ་ སྦྱང་དོ་ཡོདཔ་ཨིན། དེ་བཟུམ་སྦེ་ སློབ་རིམ་བཅུ་པ་དང་བཅུ་གཉིས་པ་ཚུན་དཔེ་ཆ་བལྟ་ནིའི་དོན་ལུ་ ཡཱ་རེན་རྫོང་ཁག་ནང་ཡོད་པའི་འབྲིང་རིམ་སློབ་གྲྭ་ཚུ་ནང་ལས་སློབ་སྦྱོང་འབད་ དོ་ཡོདཔ་ཨིན། ནྭཝ་རུ་ལུ་ ལྷོ་པེ་སི་ཕིག་གི་གཙུག་ལག་སློབ་སྡེ་དང་ ནཱཝ་རུ་འཕྲུལ་རིག་དང་ལག་གཡོག་སྦྱོང་བརྡར་ལྟེ་བ་དང་ འབྲིང་རིམ་སློབ་གྲྭ་གཞན་ཚུ་ཡང་ ས་གནས་དེ་ཁར་ཡོདཔ་ཨིན། []

ཡཱ་རེན་འདི་རྒྱལ་ཁབ་ཀྱི་མི་རློབས་མཐོ་ཤོས་ཡོད་པའི་རྫོང་ཁག་ཅིག་ཨིན། སྤྱི་ལོ ༢༠༠༣ ལུ་ ཡཱ་རེན་ལུ་སྡོད་མི་ མིའི་གྱངས་ཁ་ཡོངས་བསྡོམས་ ༡༡༠༠ ་ཡོདཔ་སྦེ་ཐོ་བཀོད་འདུག། དེ་ནང་སྡོད་མི་ཚུ་ ཧེ་མའི་ནྭཝ་རུ་གི་མི་ཚུ་ཨིནམ་དང་ པེ་སི་ཕིག་མཚོ་གླིང་ཨོསི་ཊེ་ལི་ཡང་དང་ནཱིཝ་ཛི་ལེནཌ་དང་ཕི་ལི་པིནས་ལས་འོང་མི་དང་ ལཱ་འབད་བར་འོང་མི་ཚུ་ཡོདཔ་ཨིན། ས་གནས་དེ་ཁར་ ཨིང་ལིཤ་དང་ནཱཝ་རུ་ཝཱན་ཁ་སྐད་གཉིས་ཆ་ར་ཁྱབ་ཆེཝ་སྦེ་ལག་ལེན་འཐོད་དོ་ཡོདཔ་ཨིན། དེ་ནང་གི་ལམ་སྲོལ་ཚུ་ཡང་ མཚོ་གླིང་གི་ལམ་སྲོལ་ཚུ་དང་འདྲ་དོ་ཡོདཔ་དང་ དང་ཕུའི་སྒྱུ་རྩལ་དང་རིག་རྩལ་ ལག་རྩལ་ཚུ་ཡང་མཐོང་ནི་ཡོདཔ་ཨིན། []

ཡཱ་རེན་གྱི་སྦོ་ལོགས་ཁར་ཡོད་པའི་ ས་གཏེར་ཕོསི་ཕེཏ་ཀྱི་ས་ཁོངས་འདི་ནང་ ལཱ་ཚུ་ལེགས་ཤོམ་སྦེ་འགྱོ་དོ་ཡོདཔ་དང་ རྒྱལ་ཁབ་ཀྱི་འོང་འབབ་ཀྱི་གཞི་གཙོ་བོ་ཅིག་འདི་ཨིན་པས། ཨིན་རུང་ ས་གཏེར་འདི་ ལོ་གཅིག་ལས་ལོ་གཅིག་ མར་ཉུང་སུ་ཉུང་སུ་ ཟད་འདི་འགྱོ་དོ་ཡོདཔ་ལས་ དེ་ལུ་བརྟེན་སྡོད་ནི་ཡང་ མར་འབབ་སོང་སྟེ་ཡོདཔ་ཨིན། དེ་ལུ་བརྟེན་ གཞུང་གི་གཙུག་སྡེ་དང་རྒྱལ་སྤྱི་གནམ་གྲུ་ཐང་ལས་བརྟེན་པའི་ དཔལ་འབྱོར་གྱི་ལས་སྣ་ཁག་མ་འདྲཝ་ཚུ་འབད་དགོཔ་ཐོན་ཏེ་ཡོདཔ་ཨིན། དེ་གི་མ་དོ་བར་ སིལ་ཚོང་དང་མགྲོན་སྐྱོང་ སྐྱེལ་འདྲེན་ཞབས་ཏོག་གི་ལས་སྡེ་ཚུ་གིས་ དཔལ་འབྱོར་ཡར་སེང་གི་དོན་ལུ་ གཞུང་ཁ་ཐུག་ལས་གཙོ་རིམ་བཟུང་དོ་ཡོདཔ་ཨིན། དེ་བཟུམ་སྦེ་ ཕྱི་རྒྱལ་ཀྱི་གནང་སྦྱིན་དང་གྲོགས་རམ་ མ་རྩ་གཞི་བཙུགས་ཚུ་ལས་ཡང་དཔལ་འབྱོར་ལུ་ཕན་ཐོགས་འབྱུང་དོ་ཡོདཔ་ཨིན་པས། []

ལོ་ངོ་མང་རབས་ཅིག་གི་རིང་ ཡཱ་རེན་ལུ་དཔལ་འབྱོར་སྣ་མང་གོང་འཕེལ་གཏང་ནིའི་དོན་ལུ་ ཉ་གསོ་སྐྱོང་ སོ་ནམ་དང་ ལྟ་བཤལ་ཚུ་ལུ་གཙོ་བོར་བཟུང་སྟེ་ཡོདཔ་ཨིན། ཨིན་རུང་ ས་ཆ་ཉུངམ་ལས་བརྟེན་ སོ་ནམ་གྱི་ལཱ་ལས་བརྟེན་དཔལ་འབྱོར་ཡར་དྲག་གཏང་ནི་དེ་ལ་ཁག་སུ་ཅིག་ཡོདཔ་ཨིན་མས། []

ཡཱ་རེན་རྫོང་ཁག་ནང་ལུ་ མི་ཚུ་ངལ་གསོ་འགྱོ་སའི་ས་གནས་ ཧོནམ་སྦོ་ལུ་ཡོད་པའི་ ཨ་ནི་བ་རེ་མཚོ་ཁུག་དེ་ཨིན། མཚོ་ཁུག་འདི་ ལྟ་བཤལཔ་ཚུའི་དོན་ལུ་གལ་ཅན་གྱི་ས་ཁོངས་ཅིག་ཨིན་མ་ཚད་ དེ་ནང་ ཆུ་ལུ་བརྟེན་པའི་ རྩེད་རིགས་ཚུ་རྩེ་ནི་དང་ རྩལ་རྐྱབ་ནི་ དེ་ལས་ མཛར་ཅུམ་ཟ་སར་གྱི་གནས་སྟངས་སྟབས་བདེ་ཏོག་ཏོ་ བསྒྲིགས་བྱིནམ་ཨིན། དེ་བཟུམ་སྦེ་ ཧེ་མ་ འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ དམག་རྐྱབ་ད་ཀྱི་་ཤུལ་ དཔེར་ན་ཀྲོབ་མདའ་དང་ ས་འོག་གི་གཡིབ་གནས་ཚུ་མཐོང་ནི་ཡོདཔ་ཨིན། [] དེ་ཁར་ཡོད་པའི་ མོ་ཀུ་ཝ་ཆུ་དོང་ཡོད་མི་འདི་ རང་བཞིན་གྱི་གཙང་ཏོག་ཏོ་སྦེ་ཡོད་པའི་ཆུ་བཟེད་ས་ཅིག་ཨིནམ་དང་ ཆུ་དོང་དེ་ལས་ ནྭཝ་རུ་རྒྱལ་ཁྱབ་ཀྱི་མི་ཚུ་གི་སྡོད་ཐངས་དང་གནས་སྟངས་ཚུ་ཧ་གོ་ཚུགས་དོ་ཡོདཔ་ཨིན། ནཱཝ་རུ་རྒྱལ་སྤྱི་གནམ་གྲུ་ཐང་གཅིག་ཡོད་མི་དེ་གི་ ཕྱི་མི་ཚུ་ནང་ན་འོང་ས་དང་ ནང་གི་ཚུ་ཕྱི་ཁར་འགྱོ་ས་ དེ་ལས་ གནམ་གྲུ་ཐང་དེ་དང་འབྲེལ་བའི་དང་ཕུའི་འབྱུང་རབས་ཚུ་ཡང་ཤེས་ཚུགས་དོ་ཡོདཔ་ཨིན་པས། རྫོང་ཁག་ནང་ལུ་ མཐའ་རྫིང་བུཝ་ཝ་ཟེར་མི་གཅིག་ཡང་ཡོདཔ་དང་ དེ་གིས་ ས་གནས་ཀྱི་མི་ཚུ་གི་སེམས་ལུ་བདེ་བ་དང་ ངལ་སངས་ནི་ལུ་ཆ་རོགས་འབད་ཚུགས་དོ་ཡོདཔ་ཨིན། ས་གནས་དེ་ཁར་ ནང་འཁོད་ཀྱི་མི་ཚུ་འཛོམས་དོ་ཡོདཔ་ཨིན། ས་གོ་འདི་བྱ་བལྟ་ནིའི་ ཁྱད་རྣམ་ལེགས་ཤོམ་ཅིག་ཡོདཔ་ཨིན། []དེ་བཟུམ་སྦེ་རྫོང་ཁག་དེ་ནང་ ཟ་ཁང་དང་ཉལ་ཁང་ཚུ་ཡོདཔ་ཨིན། བཟའ་འཐུང་ཚུ་ཡང་ ཁོང་རའི་མཚོ་ཁའི་མི་ཚེ་སྐྱོང་ཐངས་དང་འབྲེལ་བའི་བཞེས་སྒོ་དང་ ད་རེས་ནངས་པའི་ བཞེས་སྒོ་ཚུ་ཡང་འཐོབ་ཚུགས་ནི་ཨིན།

རྒྱབ་ཁུངས་དཔེ་དེབ།

[ཞུན་དག]
  1. 1 2 3 4 5 6 7 ཝི་ཀི་པི་ཌི་ཡ། (ལོ་མེད།) ཡཱ་རེན་རྫོང་ཁག།https://en.wikipedia.org/wiki/Yaren_District ནང་ལས་འཐོབ་ཡོདཔ་ཨིན།
  2. 1 2 3 མེ་པར། (ལོ་མེད།) ཡཱ་རེན། https://www.mappr.co/capital-cities/nauru/ ནང་ལས་འཐོབ་ཡོདཔ་ཨིན།
  3. 1 2 3 4 བིརི་ཊ་ནི་ཀ། (༢༠༢༤།) ཡཱ་རེན། https://www.britannica.com/place/Yaren ནང་ལས་འཐོབ་ཡོདཔ་ཨིན།
  4. ཝི་ཀི་པི་ཌི་ཡ། (ལོ་མེད།) ཡཱ་རེན། Simple English https://simple.wikipedia.org/wiki/Yaren ནང་ལས་འཐོབ་ཡོདཔ་ཨིན།
"https://dz.wikipedia.org/w/index.php?title=ཡཱ་རེན།&oldid=38870" ལས་ སླར་འདྲེན་འབད་ཡོདཔ།