Jump to content

ཡུ་གཱན་ཌ།

Wikipedia ལས།

ངོ་སྤྲོད།

ཡུ་གཱན་ཌ་གི་རྒྱལ་དར།

ཡུ་གཱན་ཌ་འདི་ ཤར་ཕྱོགས་ཨཕ་རི་ཀ་ལུ་ ཡོད་པའི་རྒྱལ་ཁབ་ཅིག་ཨིན། དེ་ཡང་ ཀེན་ཡ། ལྷོ་སུ་དཱན། དམང་གཙོའི་གཞུང་ལྡན་གྱི་ཀོང་གོ། རུ་ཝན་ཌ། ཏཱན་ཟ་ནི་ཡ་གིས་ ས་བཅད་དེ་ཡོདཔ་ཨིན། འདི་གི་རྒྱ་ཚད་ ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་ ༢༤༡,༠༣༨ ཁྱབ་སྟེ་ཡོདཔ་དང་ དེ་ནང་ རྒྱ་ཆེ་བའི་ཆུ་ དཔེ་འབདན་ ཨཕ་རི་ཀ་གི་མཚོ་སྦོམ་ཤོས་ ཝིག་ཀྲོ་རི་ཡའི་མཚོ་ཡང་ཡོདཔ་ཨིན།

རྒྱལ་ས་ལྟེ་བ་དང་ཁྲོམ་སྡེ།

རྒྱལ་ས་ལྟེ་བ་འདི་ མཚོ་ཝིག་ཊོ་རི་ཡ་གི་མཐའ་མར་ཆགས་ཡོད་པའི་ ཀམ་པ་ལ་འདི་ཨིན། འདི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ ལམ་སྲོལ་ དེ་ལས་ སྲིད་དོན་ལྟེ་བ་ཨིན། གལ་གནད་ཆེ་བའི་ཁྲོམ་སྡེ་གཞན་ཚུ་ཡང་ རྒྱལ་སྤྱིའི་གནམ་གྲུ་ཐང་ཡོད་པའི་ ཨེན་ཊི་བི་ཁྲོམ་སྡེ་དང་ ནའིལ་གཙང་ཆུའི་རྐ་གི་ཉེ་འདབས་ལུ་ཡོད་པའི་ཇིན་ཇ་ཁྲོམ་སྡེ་ དེ་ལས་ བྱང་ཕྱོགས་ཁ་ཐུག་ལུ་ཡོད་པའི་གོ་ལུ་ཁྲོམ་སྡེ་འདི་ ཚོང་འབྲེལ་གྱི་ལྟེ་བ་ཨིན་མས།

མི་རློབས།

ཡུ་གཱན་ཌ་གི་ས་ཁྲ།

སྤྱི་ལོ་ ༢༠༢༥ ཚུན་ཚོད་ ཡུ་གཱན་ཌ་ལུ་མི་རློབས་ས་ཡ་ ༤༨ དེམ་ཅིག་ཡོད། འདི་འཛམ་གླིང་ནང་མི་རློབས་ཆུང་ཤོས་ཅིག་ཨིནམ་དང་ སྐྱེས་ལོ་བར་མའི་དཔྱ་སྙོམས་འདི་ ལོ་༡༧ འོག་རྒྱུ་ཨིན་པས། སྐྱེ་ཚད་མཐོ་དྲགས་དང་ འཕྲོད་བསྟེན་ཡར་དྲག་འགྱོ་མི་འདི་གིས་ མི་རློབས་ཡར་སེང་མགྱོགས་དྲགས་འགྱོ་མི་འདི་ ཁྱད་ཆོས་གཙོ་བོ་ཅིག་ཨིན་མས།

མི་རིགས།

ཡུ་གཱན་ཌ་འདི་ མི་རིགས་སྡེ་ཚན་ ༥༠ ལྷག་ཙམ་ཡོད་མི་ མི་རིགས་སྣ་ཚོགས་ཡོདཔ་ཨིན་པས། སྡེ་ཚན་གཙོ་བོ་ཚུ་ནང་ བ་གཱན་ཌ།(Baganda) བཱ་ནན་ཀོ་ལི།(Banyankole) བཱ་སོ་ག།(Basoga) བཱ་ཀི་ག།(Bakiga) ཨ་ཅོ་ལི་(Acholi)ཚུ་ཚུདཔ་ཨིན། མི་རློབས་འདི་ གཙོ་བོ་ར་ ཨཕ་རི་ཀཱན་གི་ཨིནམ་དང་ ལམ་སྲོལ་དང་ ས་གནས་གཞུང་སྐྱོང་གི་ལཱ་ནང་ལུ་ ཕྱག་ཞུ་ཡོདཔ་ཨིན་པས།

ཁ་སྐད།

ཨིང་ལིཤ་འདི་ གཞུང་འབྲེལ་གྱི་ཁ་སྐད་ཨིནམ་དང་ གཞུང་དང་ཤེས་རིག་ནང་ ལག་ལེན་འཐབ་ཨིན། སུ་ཧི་ལི་ཁ་སྐད་འདི་ཡང་ གཞུང་འབྲེལ་གྱི་ཁ་སྐད་ཨིནམ་དང་ ཚོང་འབྲེལ་དང་དམག་སྡེ་ནང་ལུ་ རྒྱ་ཆེ་དྲགས་སྦེ་ ལག་ལེན་འཐབ་ཨིན་པས། རྒྱལ་ཁབ་ཀྱི་ཁ་སྐད་གཞན་ ལུ་གཱན་ད་(Luganda)དང་ རུན་ཡཱན་ཀོ་ལི་(Runyankole) དེ་ལས་ ཨ་ཅོ་ལི་(Acholi)ཚུ་ ལུང་ཕྱོགས་སོ་སོའི་ནང་ སྤྱིར་བཏང་སྦེ་སླབ་ཨིན་པས།

རྒྱལ་རབས།

ཡུ་གཱན་ཌ་འདི་ ༡༨༩༤ ལུ་ བིརི་ཊིཤ་གི་ སྲུང་སྐྱོབ་མངའ་ཁོངས་ལུ་གྱུར་ཏེ་ ༡༩༦༢ ལུ་ རང་དབང་རང་བཙན་ཐོབ་ནུག། རང་དབང་རང་བཙན་ཐོབ་པའི་ ཤུལ་མའི་རྒྱལ་རབས་ནང་ལུ་ ཨིཌི་ཨ་མིན་གྱི་ དབང་བཙོང་གི་གཞུང་ལུགས་དང་ མི་སེར་གྱི་འཐབ་འཛིང་ཚུ་ ཚུད་དེ་ཡོདཔ་དང་ དེ་གི་ཤུལ་ལས་ སྤྱི་ལོ་ ༡༩༨༦ ལས་ཚུར་ སྲིད་འཛིན་ཡོ་ཝེ་རི་ མུ་སེ་ཝེན་ནེ་(Yoweri Museveni) གི་སྐབས་ལུ་ གཞུང་སྐྱོང་འདི་ལེགས་ཤོམ་སྦེ་ འགྱོ་ཡོདཔ་ཨིན་པས།

ཆོས་ལུགས།

ཡེ་ཤུ་པ་ཚུ་ ཆོས་ལུགས་ཁྱབ་ཆེཝ་སྦེ་ཡོད་མི་འདི་ ཡུ་གཱན་ཌ་གི་མི་ བརྒྱ་ཆ་༨༠ ལྷགཔ་ཅིག་གིས་ ཀེ་ཐོ་ལིག་ ཡང་ན་ ཨེང་ལི་ཀེན་གྱི་གྲངས་སུ་ཨིནམ་སྦེ་ ངོས་འཛིན་འབདཝ་ཨིན་མས། ཁ་ཆེའི་ཆོས་ལུགས་འདི་ཡང་ མི་རློབས་ཧ་ལམ་ཅིག་གིས་ ལག་ལེན་འཐབ་ཨིན་མས།

ཁྲོམ་སྡེ་གོང་འཕེལ།

ཁྲོམ་ཚོགས་ཡར་རྒྱས་འགྱོ་མི་འདི་ དམིགས་བསལ་གྱིས་ ཀམ་པཱ་ལ་ཁྲོམ་ཚོགས་དང་ ཉེ་འདབས་ཀྱི་ཁྲོམ་ མུ་ཀོ་ནོ་ཁྲོམ་ཚོགས་དང་ ཝ་ཀི་སོ་ཁྲོམ་ཚོགས་ཚུ་ནང་ ཡར་རྒྱས་འགྱོཝ་ཨིན་མས། ཁྲོམ་སྡེ་ཚུ་ ཚོང་འབྲེལ་ ཤེས་ཡོན་དང་འཕྲོད་བསྟེན་གྱི་ལྟེ་བ་ཨིན་རུང་ གཞི་རྟེན་ཚུ་འཕྲལ་འཕྲལ་ར་ མི་རློབས་ཡར་སེང་ལས་བརྟེན་ མ་ལང་པར་ལུས་དོ་ཡོདཔ་ཨིན་པས། ཁྲོམ་ནང་གནས་སྤོ་ནི་འདི་ ལཱ་གཡོག་དང་ ཞབས་ཏོག་འཚོལ་མི་གིས་ྶབེ་ འོང་དོ་ཡོདཔ་ཨིན་པས།

གནམ་གཤིས།

ཡུ་གཱན་ཌ་ལུ་ ས་དྲོད་ཡོད་བའི་ས་གཤིས་ཡོདཔ་དང་ ཆར་འབབ་འདི་ ལུང་ཕྱོགས་ཀྱི་བར་ན་ ཁྱད་པར་ཡོད་དེ་འབད་རུང་ ཆར་འབབ་ཀྱི་དུས་ཚོད་གཉིས་ཡོདཔ་ཨིན་པས། ལྷོ་ནུབ་ཀྱི་ས་ཁ་མཐོ་ས་ཚུ་ བསིལ་ཏོང་ཏོ་དང་ རློནམ་སྦེ་ཡོདཔ་ད་ བྱང་ཤར་འདི་ གནམ་མེད་ས་མེད་སྐམ་ཀྲོག་ཀྲོ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་ས་བཅུད་ཅན་དང་ ས་གཤིས་གནས་སྟངས་སྒྲིང་སྒྲིང་ཡོད་མི་གིས་ དཔལ་འབྱོར་གྱི་གཞི་རྟེན་གཙོ་བོ་ཅིག་ཨིན་མི་ སོ་ནམ་ལུ་རྒྱབ་སྐྱོར་འབདཝ་ཨིན་མས།

གཞུང་སྐྱོང་།

ཡུ་གཱན་ཌ་འདི་ སྲིད་འཛིན་གྱི་ མི་སེར་རྒྱལ་ཁབ་ཨིནམ་དང་ སྲིད་དོན་ཚོགས་པ་ལེ་ཤ་ཡོད་པའི་ སྲིད་དོན་རིམ་ལུགས་ཡོདཔ་ཨིན། སྲིད་འཛིན་འདི་ རྒྱལ་ཁབ་དང་གཞུང་གཉིས་ཆ་ར་གི་ འགོ་འཛིན་ཨིན། དམངས་གཙོའི་གཙུག་སྡེ་ཚུ་ གནས་ཏེ་ཡོད་རུང་ སྲིད་དོན་གྱི་རང་དབང་དང་ གནས་ཚུལ་གྱི་དབང་ཆ་ཚུ་ འཕྲལ་འཕྲལ་ར་ བཀག་དམ་འབད་དེ་ཡོདཔ་ཨིན། བཙག་འཐུ་འདི་ རྩོད་རྙོག་ཅན་ཅིག་སྦེ་སྡོད་ཡོདཔ་ལས་ ལེགས་སྒྱུར་འབད་དགོ་པའི་ལོ་རྒྱུས་ ཧེ་མ་ལས་འཐོན་ཡོདཔ་ཨིན་པས།

ས་ཆ།

ཡུ་གཱན་ཌ་གིས་ མཚོ། གཙང་ཆུ། གངས་རི། སཱ་བཱ་ནཱ་ཚུ་བརྩིས་ཏེ་ ས་ཆ་རིག་པ་སྣ་ཚོགས་སྟོནམ་ཨིན། ས་རྟགས་གཙོ་བོ་ཚུ་ ཝིག་ཀྲོ་རི་ཡ་མཚོ། ནའིལ་གཙང་ཆུ། རོའན་ཟོ་རི་གངས་རི། ནང་ན་འཛུལ་མ་ཚུགས་པའི་ནགས་ཚལ་བུའིན་ཌི་ཚུ་ཨིན་པས། རྒྱལ་ཁབ་ཀྱི་སྐྱེ་ལྡན་རིགས་སྣ་གིས་ ཉམས་སྲུང་དང་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་གྱི་དོན་ལུ་ ས་ཁོངས་དགའ་ཤོས་ཅིག་ཨིན་པས།

དཔལ་འབྱོར།

ཡུ་གཱན་ཌ་གི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ ཌོར་ལར་ཐེར་འབུམ་ ༥༠ དེ་ཅིག་ལུ་ སྔོན་རྩིས་བཏོན་ནུག། དཔལ་འབྱོར་འདི་ གཙོ་བོ་ར་སོ་ནམ་ཨིནམ་དང་ ཕྱིར་ཚོང་གཙོ་བོ་ར་ཀཱོ་ཕི་དང་ ཇ་ དེ་ལས་ ཉ་ཚུ་ཨིན་པས། ཕྱིར་ཚོང་གཙོ་བོ་གཞན་ཡང་ གསེར་དང་ མེ་ཏོག་ཚུ་ཚུདཔ་ཨིན། ནང་འདྲེན་གྱི་གྲངས་སུ་ ས་སྣུམ་དང་ འཕྲུལ་ཆས་ དེ་ལས་ སྨན་རིགས་ཚུ་ཚུདཔ་ཨིན། རྒྱལ་ཁབ་ཀྱིས་ ས་སྣུམ་འཚོལ་ཞིབ་དང་ གཞི་རྟེན་ནང་ལུ་ མ་རྩ་བཙུགས་དོ་ཡོདཔ་ཨིན་པས།

ལམ་སྲོལ་དང་གྱོན་ཆས།

ཡུ་གཱན་ཌན་གྱི་ལམ་སྲོལ་འདི་ སྔར་སྲོལ་དང་ དེང་སང་གི་ སླ་བསྲེ་རྐྱབ་མི་ཅིག་ཨིན། ལམ་སྲོལ་གྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ སྔར་སྲོལ་གྱི་གོ་ལ་ ཨམ་སྲུ་ཚུ་ལུ་གོ་མི་སི་(gomesi)དང་ ཕོ་སྐྱེས་ཚུ་ལུ་ཀཱན་ཟུ་(kanzu) ཚུ་གྱོན་དགོཔ་ འཐོན་དོ་ཡོདཔ་ཨིན་མས། སྙན་ཆ་དང་ ཞབས་ཁྲ་ དེ་ལས་ སྲུང་ཚུ་ ལམ་སྲོལ་གྱི་རྣམ་འགྱུར་ ཁག་ཆེ་ཏོག་ཏོ་ཅིག་ཨིནམ་དང་ དུས་སྟོན་ཚུ་ནང་ མི་རིགས་ཀྱི་ངོ་རྟགས་མ་འདྲཝ་ཚུ་ བརྩི་སྲུང་འབད་དེ་ཡོདཔ་ཨིན།

ལྟ་བཤལ།

ལྟ་བཤལ་ལས་སྡེ་འདི་ ཡར་རྒྱས་འགྱོ་བའི་བསྒང་ར་ཡོདཔ་དང་ དེ་ཡང་ གངས་རི་མི་རྒོད་རྐང་འགྲུལ་(mountain gorilla trekking)དང་ ས་ཕ་རི་གླིང་ག་ དེ་ལས་ ལམ་སྲོལ་གྱི་ས་གོ་ཚུ་གིས་ རྒྱུད་སྐུལ་འབད་ཡོདཔ་ཨིན་པས། རྒྱལ་ཡོངས་གླིང་ག་ མུར་ཅི་སོན་ཕཱལསི་(Murchison Falls)དང་ རྒྱལ་བཙུན་ཨི་ལི་ཟ་བེཊ་(Queen Elizabeth) དེ་ལས་ ཀི་བཱ་ལི་(Kibale)ཚུ་གིས་ རི་དྭགས་སེམས་ཅན་དང་ རང་བཞིན་གནས་སྟངས་ལུ་ སྤྲོ་བ་ཡོད་མི་ བལྟ་སྐོར་པ་ཚུ་བཀུག་དོ་ཡོདཔ་ཨིན་པས།

རྩེད་རིགས།

རྐང་རྩེད་འདི་ ཡོངས་གྲགས་ཅན་གྱི་རྩེདམོ་ཨིནམ་དང་ འདི་གི་ཤུལ་ལས་ ལུས་རྩལ་དང་ མཛོག་ཁྱད་ དེ་ལས་ དྲྭ་རིལ་རྩེདམོ་ཚུ་ཡོདཔ་ཨིན་པས། ཡུ་གཱན་ཌ་གིས་ ཡུན་རིང་གི་བང་རྒྱུག་དང་ མཛོག་ཁྱད་ཀྱི་རྩེདམོ་ཚུ་ནང་ ཡོངས་གྲགས་ཅན་གྱི་ ལུས་རྩལ་པ་ཚུ་ ཐོན་ཡོདཔ་མ་ཚད་ རྒྱལ་སྤྱིའི་རྩེད་འགྲན་ ཨོ་ལིམ་པིག་དང་ ཀ་མཱན་ཝེལཐ་གི་རྩེད་རིགས་ཚུ་ནང་ བཅའ་མར་གཏོགས་མི་ ཡར་སེང་འགྱོ་དོ་ཡོདཔ་ཨིན་མས།

བཞེས་སྒོ།

ཡུ་གཱན་ཌན་གྱི་བཞེས་སྒོ་འདི་ འབྲུ་རིགས་དང་ ཚོད་བསྲེ་ དེ་ལས་ ཤ་ཚུ་ཨིན་པས། བཞེས་སྒོ་མངམ་སྦེ་ཟ་མི་འདི་ མ་ཊོ་ཀེ་༼ངང་ལག་རླངས་བཙོ་༽། པོ་ཤོ་༼གེ་ཟ་ཐུགཔ་༽། ཀ་ས་ཝ། སྲནམ་ཅུམ་ཚུ་ཚུདཔ་ཨིན། ཁྲོམ་ལམ་གྱི་བཞེས་སྒོ་ རོ་ལེགསི་(rolex) ཟེར་མི་འདི་༼སྒོང་རྡོག་སྒྲིལ་ཏེ་བཙུགས་ཡོད་པའི་ལྟེ་ཟས་༽འདི་ དམིགས་བསལ་གྱིས་ ཁྲོམ་གྱི་ས་གོ་ཚུ་ནང་ རྒྱ་ཆེ་དྲགས་སྦེ་ར་ ལོངས་སྤྱོད་དོ་ཡོདཔ་ཨིན་པས།

ཕྱི་འབྲེལ་མཐུན་ལས།

ཡུ་གཱན་ཌ་འདི་ ལུང་ཕྱོགས་ཀྱི་མཐུན་འབྲེལ་ནང་ ངར་ཡེང་ཡེ་སྦེ་ འབད་དོ་ཡོདཔ་དང་ དམིགས་གསལ་སྦེ་ ཤར་ཕྱོགས་ཨཕ་རི་ཀཱན་གྱི་ཚོགས་པ་ དེ་ལས་ ཨཕ་རི་ཀཱན་གྱི་གཅིག་ཚོགས་ཚུ་ཨིན་པས། རྒྱལ་ཁབ་འདི་ ནུབ་ཕྱོགས་རྒྱལ་ཁབ་དང་ རྒྱ་ནག་ དེ་ལས་ ཁྱིམ་ཚང་རྒྱལ་ཁབ་ཚུ་དང་གཅིག་ཁར་ མཐུན་ལམ་དམ་ཟབ་སྦེ་ བཞགཔ་མ་ཚད་ ཞི་བདེའི་དོན་གཅོད་ལས་སྣ་དང་ ཚོང་འབྲེལ་གྱི་མཐུན་འབྲེལ་ཚུ་ནང་ བཅའ་མར་གཏོགས་ཏེ་ཡོདཔ་ཨིན་པས།

མཇུག་དོན།

ཡུ་གཱན་ཌ་འདི་ ལམ་སྲོལ་དང་ རང་བཞིན་ དེ་ལས་ མི་སྟོབས་ཀྱི་ཕྱུག་པའི་ ཡར་རྒྱས་འགྱོ་བའི་རྒྱལ་ཁབ་ཅིག་ཨིན། གཞུང་སྐྱོང་དང་གོང་འཕེལ་དང་འབྲེལ་བའི་གདོང་ལེན་ཚུ་ འབྱུང་དོ་ཡོདཔ་ཨིན་རུང་ ས་གོ་དེ་ནང་ལུ་ རང་བཞིན་ཐོན་སྐྱེད་དང་ ན་གཞོན་གྱི་མི་རློབས་ཚུ་ལུ་བརྟེན་ ལུང་ཕྱོགས་ཀྱི་གོང་འཕེལ་དང་ དབང་ཤུགས་ཀྱི་གོ་སྐབས་སྦོམ་སྦེ་ར་ ཡོདཔ་ཨིན་པས།

རྒྱབ་རྟེན།

https://en.wikipedia.org/wiki/Uganda

"https://dz.wikipedia.org/w/index.php?title=ཡུ་གཱན་ཌ།&oldid=39224" ལས་ སླར་འདྲེན་འབད་ཡོདཔ།