རི་བོ་བསངས་མཆོད།
༄༅། །རི་བོ་བསངས་མཆོད་བཞུགས་སོ།།
༄༅། །ཐོག་མར་སྐྱབས་འགྲོ་ནི། ཨོཾ་ཨཱ༔ཧཱུྃ༔ མཁའ་མཉམ་སྲིད་ཞིའི་སྐྱབས་ཀུན་སྙིང་པོའི་བཅུད༔ དབང་དྲག་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ ཁྱོད་སྐུར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རྫོགས༔ འགྲོ་ཀུན་སྲིད་ལས་བསྒྲལ་ཕྱིར་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་ནི། བསངས་མཆོག་འོད་གསལ་ཡེ་ཤེས་ཐིག་ལེའི་གཞིར༔ འགྲོ་ཀུན་སྒྲིབ་གསུམ་དག་ནས་སྐུ་དང་གསུང༔ ཐུགས་ཀྱི་ཐིག་ལེ་ལྷུན་གྲུབ་སྣང་བཞིའི་ངང༔ གཞོན་ནུ་བུམ་སྐུར་གྲོལ་བར་སེམས་བསྐྱེད་དོ༔ ལན་གསུམ། ཡན་ལག་བདུན་པ་ནི། གཤིས་རིག་མ་བཅོས་གཉུག་མར་ཕྱག་འཚལ་ཞིང་༔ གཏིང་མཐའ་བྲལ་བའི་འོད་གསལ་མཆོད་པ་འབུལ༔ འཁོར་བ་མྱང་འདས་མཉམ་ཉིད་ཀློང་དུ་བཤགས༔ བློ་བྲལ་ཆོས་ཟད་ཆེན་པོར་རྗེས་ཡི་རང་༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར༔ འཁོར་བ་དོང་ནས་སྤྲུགས་པར་གསོལ་བ་འདེབས༔ འཁོར་གསུམ་དམིགས་མཐའ་བྲལ་བའི་ཕ་མཐར་བསྔོ༔ བདག་བསྐྱེད་ནི། ཀ་དག་ཆོས་སྐུའི་དབྱིངས་ལས་འགགས་མེད་རྩལཿ པདྨ་ཐོད་ཕྲེང་དཀར་དམར་གཞོན་ཚུལ་མཛེས༔ མཚན་དཔེའི་གཟི་འབར་རྡོ་རྗེ་ཐོད་པ་བསྣམས༔ མཛེས་བརྗིད་རྒྱན་དང་ཆ་བྱད་ཡོངས་སུ་རྫོགས༔ དམ་ཡེ་གཉིས་མེད་རྒྱལ་ཀུན་འདུས་པའི་གཟུགས༔ འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བརྒྱ་རྩ་ཙམ་བཟླ། དེ་ནས་བསང་རྫས་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བསང་རྫས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་མཁའ་ཁྱབ་ཏུ་འཕྲོ་བར་གྱུར། །འབྲུ་གསུམ་དང་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་སོགས་ཀྱི་བྱིན་གྱིས་བརླབ་ལ། ཨོ་ཨཱ༔ཧཱུྃ༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷོབི་ཤྭ་མུ་ཁེ་བྷཿསརྦ་ཐཱ་ཁཾ་ཨུཏྟཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཧཱུྃ༔ རིན་ཆེན་སྣ་ཚོགས་དང་མའི་སྣོད་ཡངས་སུ༔ འཇིག་རྟེན་སྲིད་པའི་འདོད་དགུ་དམ་ཚིག་རྫས༔ འབྲུ་གསུམ་ཡེ་ཤེས་བདུད་རྩིར་བྱིན་བརླབས་པའི༔ སྣང་སྲིད་མཆོད་པའི་འདོད་དགུར་འཁྲིགས་པ་འདི༔ བླ་མ་ཡི་དམ་ཌཱ་ཀི་ཆོས་སྲུང་དང་༔ ཕྱོགས་བཅུ་རྒྱལ་བའི་དཀྱིལ་འཁོར་ཇི་སྙེད་དང་༔ འཛམ་གླིང་གཞི་བདག་རིགས་དྲུག་ལན་ཆགས་མགྲོན༔ ཁྱད་པར་བདག་གི་ཚེ་འཕྲོག་སྲོག་བརྐུ་ཞིང་༔ ནད་གཏོང་བར་ཆད་རྩོམ་པའི་འབྱུང་པོ་དང་༔ རྨི་ལམ་རྟགས་མཚན་ངན་དང་ལྟས་ངན་རིགས༔ སྡེ་བརྒྱད་མ་རུངས་ཆོ་འཕྲུལ་བདག་པོ་དང་༔ ཟས་དང་གནས་དང་ནོར་གྱི་ལན་ཆགས་ཅན༔ གྲིབ་བདག་སྨྱོ་འདྲེ་ཕོ་གཤིན་མོ་གཤིན་དང་༔ གྲི་བོ་ཐེའུ་རང་གྲོང་སྲིན་འདྲེ་མོ་རྣམས༔ ལན་ཆགས་དམར་པོའི་མེ་ལ་འཇལཏེ་བསྲེགས༔ རང་རང་ཡིད་ལ་གང་འདོད་འདོད་དགུའི་ཆར༔ ཇི་སྲིད་ནམ་མཁའ་གནས་ཀྱི་བར་ཉིད་དུ༔ འདོད་པའི་ཡོན་ཏན་ཟད་པ་མེད་པར་བསྔོ༔ བདག་གིས་དུས་གསུམ་བསགས་པའི་སྡིག་སྒྲིབ་དང་༔ དཀོན་མཆོག་དད་གཤིན་དཀོར་ལ་སྤྱད་པ་རྣམས༔ སྦྱིན་སྲེག་མེ་མཆོད་འདི་ཡིས་དག་གྱུར་ཅིག༔ མེ་ལྕེ་སྣང་སྲིད་གང་བའི་རྡུལ་ཕྲན་རེས༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་མི་ཟད་པ༔ རྒྱལ་བའི་ཞིང་ཁམས་ཡོངས་ལ་ཁྱབ་གྱུར་ཅིག༔ མེ་ལྕེ་ཡེ་ཤེས་འོད་ལྔའི་མཆོད་སྦྱིན་ཟེར༔ རིགས་དྲུག་མནར་མེད་གནས་སུ་ཁྱབ་གྱུར་ནས༔ ཁམས་གསུམ་འཁོར་བ་འཇའ་ལུས་འོད་སྐུར་གྲོལ༔ འགྲོ་ཀུན་བྱང་ཆུབ་སྙིང་པོར་སངས་རྒྱས་ཤོག༔ ཨོཾ་ཨཧཱུྃ༔ ཞེས་འབྲུ་གསུམ་བརྒྱ་སྟོང་སོགས་གང་འགྲུབ་མཐར། སྐུ་གསུམ་དག་པ་སྣོད་ཀྱི་གཞལ་ཡས་སུ༔ ཆོས་ལོངས་སྤྲུལ་གསུམ་སྣང་སྲིད་གཟུགས་ཕུང་རྣམས༔ བདུད་རྩིར་ཞུ་བའི་འཇའ་འོད་བར་སྣང་གང་༔ འཁོར་བ་མྱང་འདས་ཟག་མེད་བདུད་རྩིའི་བཅུད༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ སྣང་སྲིད་མགྲོན་དུ་གྱུར་པ་ཡོངས་ལ་བསྔོ༔ ས་ལམ་འབྲས་བུའི་ཡོན་ཏན་མཐར་ཕྱིན་ཅིང་༔ ལྟ་སྒོམ་སྤྱོད་པའི་བར་ཆད་ཀུན་བསལ་ནས༔ རྨད་བྱུང་ཀུན་བཟང་ཐུགས་ཀྱི་མཁའ་དབྱིངས་སུ༔ གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོག༔ འཁོར་བའི་རྒྱ་མཚོ་ཆེན་པོ་སྟོངས་པའི་མཐར༔ འོག་མིན་པདྨ་དྲྭ་བར་འཚང་རྒྱ་ཤོག༔ ཕུང་ཁམས་སྲེག་རྫས་བཀྲག་མདངས་གཟི་བརྗིད་འབར༔ དཀར་དམར་བྱང་སེམས་སྲེག་རྫས་བདེ་སྟོང་འབར༔ སྟོང་ཉིད་སྙིང་རྗེའི་སྲེག་རྫས་ཆོས་དབྱིངས་གང་༔ སྣང་སྲིད་འཁོར་འདས་རྡོ་རྗེ་འོད་ལྔའི་གཞིར༔ ལྷུན་གྲུབ་རྫོགས་སངས་རྒྱས་ཀྱི་སྲེག་རྫས་འབུལ༔ སྔོན་གྱི་ལན་ཆགས་ཐམས་ཅད་བྱང་གྱུར་ཅིག༔ ད་ལྟ་རྒྱུད་ལ་མི་གནས་མཐོལ་ལོ་བཤགས༔ མ་འོངས་སྒྲིབ་པའི་འཁོར་ལོར་མ་གྱུར་ཅིག༔ སོ་ཐར་བྱང་སེམས་རིག་པ་འཛིན་པ་ཡི་སྡོམ་བཅས་བསླབ་པ་གསང་སྔགས་དམ་ཚིག་རིགསཿ ཚོར་དང་མ་ཚོར་ཉམས་པ་མཐོལ་ལོ་བཤགས༔ ནད་གདོན་གྲིབ་དང་མི་གཙང་དག་གྱུར་ཅིག༔ ནད་མུག་མཚོན་གྱི་བསྐལ་པ་ཞི་གྱུར་ཅིག༔ མཐའ་མི་དབུས་སུ་འོང་བའི་བསུན་མ་བཟློག ཆོས་མཛད་བླ་མ་གདན་འདྲེན་བར་ཆད་བཟློག༔ ལྗོངས་འདིར་བཀྲ་མི་ཤིས་པའི་ལྟས་ངན་བཟློག༔ གཟའ་ཀླུ་རྒྱལ་པོས་སྲོག་དབུགས་སྡུད་པ་བཟློག༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་བཟློག༔ བདག་ཅག་གར་གནས་བཀྲ་མི་ཤིས་པ་བཟློག༔ དམ་སྲི་འགོང་པོའི་མཐུ་སྟོབས་ནུས་པ་བཟློག༔ ས་མ་ཡ༔ གྲངས་གསོག་ཚེ་སླར་ཡང་། བྷྲུཾ༔ རིན་ཆེན་སྣ་ཚོགས་ནས། འབྲུ་གསུམ་གང་མང་དང་། སྐུ་གསུམ་སོགས་ཅི་རིགས་མཐར། རྗེས་ནི། །སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བའི་ནང་ན་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་གྲོལ་བའི། །སྐྱེ་བའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་བརླབ་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་བརླབ་དང་། །དགེ་འདུན་མི་ཕྱེད་འདུས་པའི་བྱིན་བརླབ་ཀྱིས། །ཇི་ལྟར་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག། །།