རྒྱ་ནག་གླང་རྩིས་

Wikipedia ལས།

བོད་ཀྱི་སྐར་རྩིས་རིག་པའི་ནང་གསེས་ཤིག་སྟེ་ལོ་ཐོའི་རྩི་སྟངས་ཞིག། སྐར་ནག་རྩིས་རིག་པའི་གནས་ལ་བརྟེན་ནས་ཉི་ཟླ་གཟའ་སྐར་གྱི་རྒྱུ་འགྲོས་གསལ་རྟོགས་ཀྱིས་ནམ་ཟླ་དུས་བཞིའི་འགྱུར་བའི་ཚུལ་རྣམས་ཚན་རིག་དང་མཐུན་པའི་སྒོ་ནས་མ་འོངས་སྔོན་དཔག་བྱུང་སྟེ་གླང་དང་གླང་རྫིའི་གཟུགས་རིས་བརྒྱུད་ནས་གསལ་སྟོན་བྱེད་པ་ཞིག་གོ། གླང་དང་རྫི་བོའི་གཟུགས་རིས་ལས་ཚན་རིག་དང་མཐུན་པའི་སྒོ་ནས་མ་འོངས་འབྱུང་འགྱུར་སྟོན་པའི་ལུང་དེར་ཟེར་ཞིང་། དེ་ཡང་ཁྱུ་མཆོག་སྟེ་གླང་གི་ཁ་དོག མགོ རྭ། རྣ། སུག་བཞི། ཕོ་བའི་ཁ་དོག སོ་དང་མཚུལ་པའི་ཁ་དོག མཇུག་མ་གཡོབ་ཚུལ། རྫི་བོའི་སྐེད་རགས། ལྟག་སྐྲ། རྫི་བོའི་ལྷམ་གྱོན་མིན། གླང་རྫི་རྒན་བྱིས་དར་གསུམ་དང་དལ་བྲེལ། ལྕག་འབྲས། ས་ལ་གླང་དང་དགུང་སྔོན་གཡུ་འབྲུག་གི་གྲངས་སོགས་ལས་ལོ་འདིར་སྐྱེ་བོ་རྒན་བྱིས་དར་གསུམ་དང་། ཕྱུགས་རིགས་ལ་བཟང་རྩུབ་དང་ལོ་ཏོག་རྩི་ཤིང་ལ་སད་སེར་བཙའ་ཐན་ཆར་ཞོད་ཆེ་ཆུང་སོགས་གང་འདྲ་འབྱུང་མིན་མ་འོངས་ལུང་དུ་བསྟན་པ་དེའོ། གཤམ་དུ་གླང་གི་འོག་གི་ཨང་ཀི་4ནི་གླང་གྲངས་མཚོན་བྱེད་དང་། འབྲུག་གི་འོག་གི་ཨང་ཀི་7ནི་འབྲུག་གི་གྲངས་མཚོན་བྱེད་ཡིན། ས་གླང་བརྟག་པའི་འབྲས་བུ་ལས། གླང་རྫིའི་ན་ཚོད་ནི། སྟག་སྤྲེལ་ཕག་སྦྲུལ་ལོ་ལ་རྒན་པོ་དང་། བྱི་རྟ་བྱ་ཡོས་ལོ་ལ་དར་མ་སྟེ། ཁྱི་འབྲུག་གླང་ལུག་ལོ་ལ་བྱིས་པ་ཡིན། གླང་རྫི་རྒན་བྱིས་དར་གསུམ་རྟོགས་པར་འགྱུར། ། ཞེས་སོ། གླང་གི་ཁ་དོག་ལྗང་ཁུ་ཡིན་ན་རླུང་དང་ལྗོན་ཤིང་དང་། ལོ་མ་ལྗང་ཁུའི་རིགས་རྣམས་རྒྱས་ཤིང་མི་ཕྱུགས་དལ་ལ་རླུང་ནད་འབྱུང་པའི་ངོའོ། གླང་གི་ཁ་དོག་དམར་པོ་ཡིན་ཡིན་ན་བཙའ་ཐན་ཚད་ཀྱི་ངོ་དང་འབྲུ་བོངས་ཆུང་། གློ་བུར་སེར་རྒོད་འབེབས་ཤིང་གློག་ཀྱང་འཁྱུག ། གླང་གི་ཁ་དོག་དཀར་པོ་ཡིན་ན་སད་སེར་བཀྲེས་དབུལ་དང་། ཤི་ཆད་གཉན་སྐྲངས་ལྷོག་རྒོད་འབྱུང་། གླང་གི་ཁ་དོག་ནག་པོ་ཡིན་ན་ཆར་རྒྱུན་བཟང་ཞིང་། སྔོ་ལྡུམ་མེ་ཏོག་བཀྲག་མདངས་ཆེ། བད་ཀླུང་གྲང་བའི་ནད་ལྡང་ངོ་། གླང་གི་ཁ་དོག་སེར་པོ་ཡིན་ན། མེ་ཏོག་རྩི་ཤིང་རྒྱས་པ་དང་། འབྲུ་འཕེལ་ཞིང་སྐྱེ་བོ་རྣམས་དགའ་བདེར་སྤྱོད་པ་ཡིན། འོན་ཀྱང་འདུས་པའི་ནད་ཀྱི་ཅུང་ཟད་ཉེན་ནོ། གླང་རྫི་རྒན་པོ་ཡིན་ན་ལོ་དེར་རྒན་པོ་བདེ་ཞིང་གཞོན་ལ་རྩུབ་པ་དང་། བྱིས་པར་ཤིན་ཏུ་རྩུབ། གླང་རྫི་དར་མ་ཡིན་ན་ལོ་དེར་ན་གཞོན་བདེ་ཞིང་བྱིས་པར་རྩུབ། རྒན་པོ་དག་ལ་ལྷག་པར་རྩུབ། བྱིས་པ་ཡིན་ན་ལོ་དེར་བྱིས་པ་བདེ་ལ་རྒན་པོར་ནད་མང་། དར་མ་ངན། གཞན་ཡང་སོ་སོར་ནད་སོགས་གང་གིས་གནོད་མིན་ནི་རྫི་བོའི་ཁ་དོག་ལས་ཤེས་པ་ཡིན། རྫི་བོའི་སྐྲ་གཙུག་ཏུ་བཅིངས་ན་མཆོག་ཏུ་དགེ་ཞིང་རྒྱལ་ཁམས་ལྷ་ཡི་དཔལ་ལ་བསྙེགས་པ་ལྟར་ལེགས་པ། ལྟག་སྐྲ་གཉིས་ཀ་སྔོན་དུ་འཕྱང་ནའང་བཟང་པ། གླང་རྫིས་འཁྱེར་བའི་ལྕག་འབྲས་སོ་མ་ར་ཙ་ཡིན་ན་རྒྱལ་པོའི་ཆད་པ་དང་དམག་ཇག་རྒོད། རས་སྐུད་དང་རྩྭ་ཐག་ཡིན་ན་བློན་དབང་ཆེ། དར་སྐུད་ཡིན་ན་འབངས་ཀྱིས་རྒྱལ་ལ་རྒོལ་ཡང་སྲིད། རྐང་རྗེན་ཡིན་ན་སྐྱེ་རྒུའི་བདེ་སྐྱིད་དལ་བ། རྫི་བོས་ལྷམ་གྱོན་ཡོན་ན་ཆར་ཆུ་ཆེ་སྐྱེ་རྒུ་བྲེལ་བ་ཚ། རྐང་པ་གཡས་པར་ལྷམ་གྱོན་ཡོད་ན་ཕོ་བྲེལ་བ་ཚ་བ་དང་བུད་མེད་དལ་བ། གཡོན་གྱོན་གཡས་ཕུད་པ་ན་བུད་མེད་བྲེལ་བ་ཚ་ལ་ཕོ་དལ་བ་ཡིན་ཟེར། གླང་གི་སོ་མཚུལ་ནི་ཕོ་ལོར་ཁ་གདངས་མཇུག་མ་གཡོན་ཕྱོགས་སུ་འཁྱིལ་བ་དང་། དེ་བཞིན་མོ་ལོར་ཁ་བཙུམ་སྟེ་མཇུག་མ་གཡས་སུ་དཀྲིས་པར་བཤད། གླང་གི་མཇུག་མ་གཡས་གཡོབ་ན་མི་ལ་བཟང་བ་དང་། ཕྱུགས་ལ་རྩུབ་པ། གཡོན་ན་གཡོབ་ན་དེ་ལས་ལྡོག་པ། ཁ་གདངས་ན་བཞོན་དང་ཕྲུ་གུ་འཕེལ་བ། བཙུམ་ན་དེ་ལས་ལྡོག་པ། གླང་ནི་ས་ཡི་གསོས་ཡིན་པས་གླང་གི་གྲངས་ཇི་ཙམ་མང་བ་ཡོད་ན་སོས་འཕར་སྔ་བ་དང་། ས་བཅུད་འཕེལ་ཞིང་དགེ སྟོན་མཇུག་རིང་ལ་འབྱོར་བ་རྒྱས། གླང་གྲངས་བརྒྱད་ཡན་ཡོད་ན་རབ་ལ་བརྩི་བ་དང་། བཞི་མན་ཡོད་ན་ཐ་མ་ཡིན། འབྲུག་གི་གྲངས་ནི་ཇི་ཙམ་མང་ན་ཆར་འབེབས་ཀྱང་ས་བཅུད་མཁའ་ལ་ཁུར་བས་ངན། འབྲུག་བརྒྱད་ཡན་ཡོད་ན་སེར་བས་འཇིག་པའི་ཉེན་ཁ་ཡོད་པ། ལྔ་ཚུན་ཡོད་ན་ཆར་པ་དཀོན་པ། དྲུག་གམ་བདུན་ཡོན་ན་བཏང་སྙོམས་ཡིན་པ་སོགས་ཀྱི་རྗོགས་སོ།

"https://dz.wikipedia.org/w/index.php?title=རྒྱ་ནག་གླང་རྩིས་&oldid=24775" ལས་ སླར་འདྲེན་འབད་ཡོདཔ།