རྒྱལ་གཞུང་འབྲུག་གི་འགག་སྡེ།

Wikipedia ལས།

༉ རྒྱལ་གཞུང་འབྲུག་གི་འགག་སྡེ་འདི་ འབྲུག་རྒྱལ་ཁབ་ནང་དཔལ་ལྡན་འབྲུག་པའི་ཁྲིམས་ལུགས་སྲུང་མི་དམག་སྡེ་ཅིག་ཨིན། རྒྱལ་གཞུང་འབྲུག་གིས་འགག་སྡེ་དེ་ཡབ་རྗེ་དམ་པ་མི་དབང་འབྲུག་རྒྱལ་གསུམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ རྒྱལ་ཁབ་དང་མི་སེར་གྱི་ཉེན་སྲུང་གི་མཐའ་དོན་ལུ་དགོངས་ཏེ། སྤྱི་ལོ་༡༩༦༥ སྤྱི་ཟླ་༩ པའི་སྤྱི་ཚེས་༠༡ ལུ་ འབྲུག་གི་བསྟན་སྲུང་དམག་སྡེ་ལས་དམག་མི་༥༥༥ འཐུ་སྟེ་ཁྲིམས་སྲུང་འགག་པ་སྦེ་བཙུགས་ཐོག་ལས་ ཁྲིམས་སྲུང་འགག་སྡེ་གཞི་འཛུགས་མཛད་གནང་ནུག།  རྒྱལ་གཞུང་འབྲུག་གིས་འགག་སྡེ་གཞི་བཙུགས་འབད་དགོ་མི་དེ་ཡང་ སླབ་སྲོལ་ལས་བདེ་སྐྱིད་ཀྱི་རྩ་བ་ཁྲིམས་ཟེར་སླབ་དོ་བཟུམ་སྦེ་ རྒྱལ་ཁབ་དགའ་སྐྱིད་ངང་ལུ་གནས་དགོ་པ་ཅིན་ཁྲིམས་དེ་ངེས་པར་དུ་དགོཔ་ཨིན་པས། དེ་གིས་སྦེ་དཔལ་ལྡན་འབྲུག་པའིརྒྱལ་ཁབ་འདི་ནང་ལུ་ ངན་པ་ཚར་བཅད་ཞིནམ་ལས་བཟང་པོའི་ཁྱུན་བཏོན་ཏེ་ སྒྲིག་ཁྲིམས་རྒྱུན་སྐྱོང་འབད་ནི་དང་ཁྲིམས་འགལ་དང་བྱ་ངན་གྱི་ལཱ་འབད་ནི་ལས་བཀག་ནི་དོན་ལུ་གཞི་བཙུགས་མཛད་མཛདཔ་ཨིན་མས།

གཞི་བཙུགས་འབད་བའི་ལོ་དག་པ་ཅིག་གི་རིང་ལུ་ འབྲུག་གི་ཁྲིམས་སྲུང་འགག་སྡེ་གི་སྦྱོང་བརྡར་ཚུ་ཡང་ རྒྱ་གར་གྱི་ཁྲིམས་སྲུང་འགག་པའི་སྦྱོང་བརྡར་སྡེབ་ཚན་གྱིས་འགོ་འདྲེན་འཐབ་སྟེ་བྱིན་སྡོད་་ནུག། དེ་གི་ཤུལ་ལས་སྤྱི་ལོ་༡༩༧༤ ལས་ འབྲུག་གི་ཁྲིམས་སྲུང་འགག་སྡེ་གིས་ ཁྲིམས་སྲུང་འགག་པའི་སྦྱོང་བརྡར་དེ་ རྒྱ་གར་གྱི་ཁྲིམས་སྲུང་འགག་སྡེ་སྦྱོང་བརྡར་སྡེབ་ཚན་ལས་རྩིས་ལེན་ཏེ་ རྒྱལ་ས་ལྟེ་བ་ཐིམ་ཕུག་ཟིལ་གནོན་རྣམ་རྒྱལ་གླིང་ལུ་སྦེ་སྦྱོང་བརྡར་བྱིན་ནི་འགོ་བཙུགས་ཚུགས་ནུག། ད་རེས་ནངས་པ་ཁྲིམས་སྲུང་སྦྱོང་བརྡར་ལྟེ་བ་ཁག་གཉིས་ཡོད་མི་ཚུ་ཡང་ ཆུ་ཁ་རྫོང་ཁག་ནང་ལུ་ བཀྲིས་དགའ་ཚལ་སྦྱོང་བརྡར་ལྟེ་བ་དང་གསར་སྤང་རྫོང་ཁག་ནང་ལུ་ འཇིགས་མེད་གླིང་སྦྱོང་བརྡར་ལྟེ་བ་ཚུ་ཨིན། ཁྲིམས་སྲུང་འགག་པ་དེ་ཚུ་ཁྲིམས་སྲུང་བརྟག་དཔྱད་རིག་པ། རྒྱུན་འགྲུལ་བཀག་འཛིན་དང་གཞན་དམིགས་བསལ་དམག་སྦྱོང་ཚུ་ཡར་ཐོན་ཅན་གྱི་སྦྱོང་བརྡར་འབད་བར་རྒྱ་གར་དང་གཞན་རྒྱལ་ཁབ་ཚུ་ནང་གཏངམ་ཨིན་པས།

རྒྱལ་གཞུང་འབྲུག་གི་འགག་སྡེའི་སྤྱིར་བཏང་ལཱ་འགན།

༡༽ ཁྲིམས་བསྟར་སྤྱོད་དང་མི་མང་གི་སྒྲིག་ཁྲིམས་ཚུལ་མཐུན་རྒྱུན་སྐྱོང་འཐབ་ནི།

༢༽ ཁྲིམས་དང་མ་མཐུན་པའི་བྱ་ངན་ཚུ་སྔོན་འགོག་དང་སྔ་གོང་ལས་ཤེས་རྟོགས་འབད་ནི།

༣༽ ཁྲིམས་འགལ་གྱི་བྱེལཝ་ཚུ་བརྟག་ཞིབ་འབད་ནི།

༤༽ ཁྲིམས་ཀྱི་བཀའ་རྒྱ་ཚུ་ལག་ལེན་འཐབ་ནི།

༥༽ མི་སེར་གྱི་རྒྱུ་དངོས་དང་ཚེ་སྲོག་སྲུང་སྐྱོབ་འབད་ནི།

༦༽ སྐུ་ཆེནམོ་ཚུ་ལུ་ཉེན་སྲུང་གི་ཞབས་ཏོག་ཕུལ་ནི།

༧༽ བཙོན་ཁང་ཚུ་བདག་སྐྱོང་དང་འཛིན་སྐྱོང་འཐབ་ནི།

༨༽  སྣུམ་འཁོར་བརྡ་སྟོན་ཉེན་སྲུང་གི་ཁྲིམས་ལུགས་འཛིན་སྐྱོང་འཐབ་ནི།

༩༽  མེ་བསད་ཀྱི་ཞབས་ཏོག་བྱིན་ནི།

ཁྲིམས་བསྲུང་འགག་པའི་སྒྲིག་གོ།

ཁྲིམས་སྲུང་འགག་པའི་སྒྲིག་གོ་དེ་ཚོས་གཞི་ཧོནམ་ཨིན། ཁྲིམས་སྲུང་འགག་པའི་ཕྱག་ལྟག་གཡས་གཡོན་གཉིས་ལུ་ལྕགས་དངུལ་ལས་གྲུབ་པའི་ཨིང་སྐད་ནང་འབྲི་མི་(RBP)ཟེར་མི་དེ་བཀལ་ཏེ་ཡོད། ཁྲིམས་སྲུང་འགག་པ་ཚུ་གནམ་བྱཱར་དང་དགུན་གྱི་སྒྲིག་གོ་སོ་སོ་སྦེ་གྱོན་དགོཔ་དང་སྒྲིག་གོ་ཚུ་ཡང་ལོ་རེ་ནང་ཚར་རེ་གསརཔོ་འཐོབ་དོ་ཡོདཔ་ཨིན་པས།

དྲག་ཁག་གསུམ་གྱི་དམག་སྡེའི་འགོ་དཔོན་མཐོ་ཤོས་དེ་འབྲུག་མངའ་བདག་རྒྱལཔོ་ཨིན། ད་རེས་ནངས་པ་རྒྱལ་གཞུང་འབྲུག་གི་འགག་སྡེའི་གཙོ་འཛིན་དེ་ དམག་སྤྱི་ལིང་དཔོན་འཆི་མེད་རྡོ་རྗེ་ཨིན། མི་དབང་མཆོག་གིས་མདོ་འཛིན་(brigadier)འཆི་མེད་རྡོ་རྗེ་དེ་ སྤྱི་ལོ་༢༠༡༦ ལུ་དམག་སྤྱི་ལིང་དཔོན་(Major General)ལུ་གོ་གནས་ཡར་སེང་འབད་དེ་འགག་པའི་གཙོ་འཛིན་སྦེ་བཀལ་ནུག། ལིང་དཔོན་འཆི་མེད་རྡོ་རྗེ་དེ་ཁྲིམས་སྲུང་འགག་པ་ནང་སྤྱི་ལོ་ ༡༩༨༥ ལུ་འཛུལ་ནུག། ལིང་དཔོན་འཆི་མེད་རྡོ་རྗེ་གིས་སྤྱི་ལོ་ ༢༠༡༣ ལུ་མི་དབང་མཆོག་ལས་དྲག་པོའི་ནོར་བུ་འོད་གསལ་གྱི་རྟགས་མ་ཞུ་ནུག།

རྒྱལ་གཞུང་འབྲུག་གི་འགག་སྡེའི་བཅའ་ཁྲིམ་ ༢༠༠༩ ཅན་མའི་ནང་ལུ་འཁོད་ཡོད་པའི་རྒྱལ་གཞུང་འབྲུག་གི་འགག་སྡེ་གི་གོ་ས་དང་གོ་གནས་དང་དེང་སང་ལག་ལེན་འཐབ་བཞིན་དུ་ཡོད་པའི་གོ་ས་གོ་གནས་ཀྱི་མིང་ཚིག་འོག་ལུ་བཀོད་དོ་བཟུམ་སྦེ་ཨིན་པས།

འགག་སྡེའི་གོ་ས། ལཱ་འགན་གྱི་གོ་གནས། ད་རེས་ནངས་པ་གི་ལག་ལེན།
ཀ  འགག་དཔོན། འགག་སྡེའི་གཙོ་འཛིན། འགག་སྡེའི་གཙོ་འཛིན།
ཁ  ཁྲིམས་བདག་སྤྱི་ཁྱབ། འགག་སྡེའི་ལྷན་ཐབས་གཙོ་འཛིན།/ འགག་སྡེའི་ལྷན་ཐབས་གཙོ་འཛིན།(ACP)
ག  ཁྲིམས་བདག་གོངམ། འགག་སྡེའི་ལྷན་ཐབས་གཙོ་འཛིན་འོགམ།

འགག་སྡེའི་འགོ་བདག་གོང་མ།

འགག་སྡེའི་ལྷན་ཐབས་གཙོ་འཛིན་འོགམ།(DCP)

འགོ་བདག་གོངམ།(Sr. SP)

ང   ཁྲིམས་བདག་འོག་མ། འགག་སྡེའི་འགོ་བདག། འགོ་བདག།(SP)
ཅ   དྲུང་བདག། འགག་སྡེའི་ལྷན་ཐབས་འགོ་བདག། ལྷན་ཐབས་འགོ་བདག།(ASP)
ཆ   ཡོངས་འཛིན། བཀོད་ཁྱབ་འགོ་དཔོན། བཀོད་ཁྱབ་འགོ་དཔོན།(OC)
ཇ   སྡེ་ཁྱབ། བཀོད་ཁྱབ་འགོ་དཔོན། བཀོད་ཁྱབ་འགོ་དཔོན་འོགམ།(2IC)
ཉ  འགོ་དཔོན་སློབ་སྦྱོང་པ། འོས་བརྟག་ཐོག་ཡོད་པའི་འགོ་དཔོན།
ཏ  རྒྱུག་དཔོན་གོང་མ། འགོ་འཛིན་འགོ་དཔོན།/འགོ་འཛིན།
ཐ  རྒྱུག་དཔོན། འགོ་འཛིན་འགོ་དཔོན།/འགོ་འཛིན།
ད  རྒྱུག་དཔོན་འོགམ། འགོ་འཛིན་འགོ་དཔོན།/འགོ་འཛིན།
ན  རྒྱུག་སློབ་གོང་མ། འགོ་འཛིན། དྲིམ་དཔོན་གོངམ།
པ  རྒྱུག་སློབ། འགོ་འཛིན། སྡེ་ཁག་དྲིམ་དཔོན།/སྡེ་དྲིམ།
ཕ  སྐུལ་སློབ་གོང་མ། དྲིམ་དཔོན།
བ  སྐུལ་སློབ། སྤེལ་དཔོན།
མ དྲན་སྐུལ། སྤེལ་རྒྱབ།
ཙ འགོ་པ། འགོ་པ།
ཚ   འགག་པ། དཀྱུས་མ།

རྒྱབ་རྟེན།

Chief of police . (2020, march 5). Retrieved from Royal Bhutan Police: https://www.rbp.gov.bt

History of Royal Bhutan Police. (2011, december). Retrieved from Royal Bhutan Police: https://en.m.wikipedia.org

The Royal Bhutan Police Act, 1980. (2010, september). Retrieved from Office of Attorney General: http://oag.gov.bt