རྒྱལ་ཆེན་སྡེ་བཞི་

Wikipedia ལས།

འདུལ་བ་ལུང་ལས། སྔོན་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་རྒྱལ་ཆེན་སྡེ་བཞི་འདི་ནམ་མཁའ་ལྡིང་སྒྲ་སྙན་དང་། སྒྲ་ཆུང་དང་། ཀླུ་དབུགས་དང་། དབུགས་ཆེན་དུ་གྱུར་པ་ན་བཞི་ཡིས་སངས་རྒྱས་ཀྱི་ཡོན་ཏན་ཤེས་ཏེ་དད་ནས་བསླབ་པའི་གཞི་བཟུང་། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་འཇིག་རྟེན་སྐྱོང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། ནམ་མཁའ་ལྡིང་གཉིས་མིག་མི་བཟང་དང་། རྣམ་ཐོས་སྲས། ཀླུ་གཉིས་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོར་གྱུར་ཏེ། སྟོན་པ་མངལ་དུ་བཞུགས་པ་ནས་བཟུང་སངས་རྒྱས་པའི་བར་བསྲུངས། རབ་ཏུ་བྱུང་ན་རྡོའི་ལྷུང་བཟེད་ཀྱང་ཕུལ། དམ་པའི་ཆོས་དང་འཁོར་རྣམ་བཞི་སྲུང་བར་དམ་བཅས་ཤིང་། སྟོན་པས་ཀྱང་རྒྱུད་སྡེ་མང་བོའི་ལྷའི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་རྒྱུད་ཀྱང་གཏད། སྟོན་པས་བསྟན་པ་ལྷ་ཁོ་ནར་གཏད་ན་བག་མེད་པའི་རྐྱེན་དང་། མི་ཁོ་ནར་གཏད་ན་ཚེ་ཐུང་བའི་སྐྱོན་ཡོད་པས། གཉིས་ཀར་གཏད་དགོས་དགོངས་པ་ན། ཕྱོགས་བཞི་ནས་རྒྱལ་ཆེན་བཞིས་འཇིག་རྟེན་པའི་ཚུལ་གྱིས་ཐུགས་བསྐྱེད་པ། སྟོན་པས་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་དབུས་པའི་རིགས་ཡིན་པས་དབུས་སྐད་དང་། མིག་མི་བཟང་། རྣམ་ཐོས་སྲས་གཉིས་མཐའ་འཁོབ་པའི་རིགས་ཡིན་པས་མཐའ་འཁོབ་ཀྱི་སྐད་ཀྱིས་ཆོས་གསུངས་པར། དེ་རྣམས་བག་ཆགས་སད་དེ་བདེན་པ་མཐོང་ཞིང་། རང་རང་གིས་བྲོ་བོར་བ་ལྟར་སངས་རྒྱས་ཀྱི་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་སོ།།

丨རྣམ་ཐོས་སྲས། བྱང་ཕྱོགས་སུ་རྒྱལ་བོ་ཆེན་པོ་རྣམ་ཐོས་སྲས་སེར་པོ་ནོར་བུས་མཚན་པའི་བེ་ཅོན་དང་། གཏེར་གྱི་ནེའུ་འཛིན་པ། སྐུ་ལུས་སྦོམ་ཞིང་བཞད་པ། གཡས་གཡོན་ན་གཏེར་གྱི་བུམ་པ་དང་། རིན་པོ་ཆེའི་ཆུ་བོ་འབབ་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། དཔའ་ཞིང་བརྗིད་ལ་བཟོད་པར་དཀའ་བའི་གཟི་འོད་ཅན། སྤྱན་ཟླུམ་པོ་གདངས་པ། རིན་པོ་ཆེའི་ཡ་ལད་གསོལ་བ། ཡིད་བཞིན་ནོར་བུའི་ཅོད་པན་དང་བཅས་པའི་ཟེའུ་ཁ་ལ་སོགས་པ་འཁོར་ལོས་བསྒྱུར་བའི་ཆ་ལུགས་ཡོངས་སུ་རྫོགས་པ། རིན་པོ་ཆེའི་ཁྲི་དང་སེང་གེ་ལ་བཞུགས་པའོ།། དེད་དཔོན་ཆེན་པོ་གསེར་མདོག་ཅན།། བེ་ཅོན་དང་ནི་ནེའུ་ལེ་འཛིན།། གནོད་སྦྱིན་ཚོགས་ལ་དབང་བསྒྱུར་བའི།། རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ།། ཨོ་བེ་སྭཱ་ཧཱ།

丨ཡུལ་འཁོར་སྲུང་། ཤར་དུ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དཀར་ལ་ལྗང་བའི་མདངས་ཅན། པི་ཝང་བརྡུང་ཞིང་ཞི་བའི་ཚུལ་ཅན། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། བཟོད་པར་དཀའ་བའི་གཟི་འོད་ཅན། རིན་པོ་ཆེའི་ཡ་ལད་གསོལ་བ། འཁོར་ལོས་བསྒྱུར་བའི་ཆ་ལུགས་ཡོངས་སུ་རྫོགས་ཤིང་། རིན་པོ་ཆེའི་ཁྲི་དང་གླང་བོའི་གདན་ལ་གནས་པའོ།། རྒྱལ་བོ་ཆེན་པོ་དཔལ་ལྡན་པ།། མརྒད་མདོག་མཚུངས་པི་ཝང་འཛིན།། དྲི་ཟའི་ཚོགས་ལ་དབང་བསྒྱུར་བའི།། ཡུལ་འཁོར་སྲུང་ཕྱག་འཚལ་ལོ།། ཨོ་ངྷྲི་སྭཱ་ཧཱ། 丨འཕགས་སྐྱེས་པོ། ལྷོ་རུ་རྒྱལ་བོ་ཆེན་པོ་འཕགས་སྐྱེས་པོ་སྔོ་བསངས་རལ་གྲི་འབར་བ་འཛིན་དང་། ཞལ་ཅུང་ཟད་ཁྲོ་བའི་ཉམས་དང་ལྡན་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་ཡོངས་སུ་བརྒྱན་པ་དང་། དཔའ་ཞིང་བརྗིད་ལ་བཟོད་པར་དཀའ་བའི་གཟི་འོད་ཅན། རིན་པོ་ཆེའི་ཡ་ལད་གསོལ་ཞིང་། ཡིད་བཞིན་གྱི་ནོར་བུའི་ཅོད་པན་དང་བཅས་པའི་ཟེའུ་ཁ་ལ་སོགས་པ་འཁོར་ལོས་བསྒྱུར་བའི་ཆ་ལུགས་ཡོངས་སུ་རྫོགས་པ་དང་། རིན་པོ་ཆེའི་ཁྲི་དང་མ་ཧེའི་གདན་བཞུགས་པའོ།། དཔའ་བོ་ཆེན་པོ་སྟོབས་པོ་ཆེ།། ཁ་དོག་སྔོན་པོ་རལ་གྲི་འཛིན།། གྲུལ་བུམ་ཚོགས་ལ་དབང་བསྒྱུར་བའི།། འཕགས་སྐྱེས་པོ་ལ་ཕྱག་འཚལ་ལོ།། ཨོ་བི་སྭཱ་ཧཱ།

丨སྤྱན་མི་བཟང་། ནུབ་ཏུ་རྒྱལ་བོ་ཆེན་པོ་མིག་མི་བཟང་དམར་པོ་འཛུལ་པ། ཕྱག་གཡས་པས་སྦྲུལ་ཞགས་འཛིན་པ་དང་། ཕྱག་གཡོན་པས་རིན་པོ་ཆེའི་མཆོད་རྟེན་འཛིན་ཅིང་དེ་ལ་གཟིགས་པ་དང་། སྐྲ་སེར་འབར་བ་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། དཔའ་ཞིང་བརྗིད་ལ་བཟོད་པར་དཀའ་བའི་གཟི་འོད་ཅན། སྤྱན་ཟླུམ་པོ་གདངས་ཤིང་། རིན་པོ་ཆེའི་ཡ་ལད་གསོལ་བ། ཡིད་བཞིན་ནོར་བུའི་ཅོད་པན་དང་བཅས་པའི་ཟེའུ་ཁ་ལ་སོགས་པ་འཁོར་ལོས་བསྒྱུར་བའི་ཆ་ལུགས་ཡོངས་སུ་རྫོགས་ཤིང་། རིན་པོ་ཆེའི་ཁྲི་དང་ཀླུའི་གདན་ལ་བཞུགས་པའོ།། མངའ་བདག་ཆེན་པོ་མཐུ་བོ་ཆེ།། ཁ་དོག་དམར་སེར་སྦྲུལ་ཞགས་འཛིན།། ཀླུ་ཡི་ཚོགས་ལ་མངའ་མཛད་པའི།། མིག་མི་བཟང་ལ་ཕྱག་འཚལ་ལོ།། ཨོ་ཀྴ་སྭཱ་ཧཱ། རྒྱལ་ཆེན་སྡེ་བཞིའི་བཀའ་གཏད་ནི་རྡོ་རྗེ་འཆང་དང་། ཕྱག་ན་རྡོ་རྗེས་བྷ་ཝ་བྷ་དྲ་ལ་གནང་བའི་བརྒྱུད་པ་བེེ་རོ་ཙ་ན་རཀྴི་ཏ་དང་སྟོད་ལུང་བེེ་རོས་ཞང་འཚལ་བ་ལ་གནང་བའི་བརྒྱུད་པ་སྟེ་འདི་དག་འཇིག་རྟེན་པའི་ཚུལ་དུ་གནས་པས་ན་མཆོད་བསྟོད་སོགས་གང་ཐད་ནས་འཇིག་རྟེན་པ་ལྟར་བསྟེན་ན་ལེགས་པའོ།།