Jump to content

རྒྱལ་ཡུམ་ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག།

Wikipedia ལས།

༉ རྒྱལ་ཡུམ་ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་ སྤྱི་ལོ་ ༡༩༥༥ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༡༠ ལུ་ ཡབ་ཨོ་རྒྱན་རྡོ་རྗེ་དང་ཡུམ་ཐུགས་རྗེ་བཟང་མོ་ལས་ སྤུ་ན་ཁ་ནོརབུ་སྒང་ཟེར་ས་ལུ་སྐུ་འཁྲུངས་ནུག། རྒྱལ་ཡུམ་མཆོག་ འབྲུག་པའི་སྤྱི་གཙུག་གི་ཉིན་ཟླ་ མི་དབང་འབྲུག་རྒྱལ་བཞི་པ་ དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གི་བཙུནམོ་སྤུན་ཆ་བཞི་བཞེས་པའི་ནང་ལས་ བཙུནམོ་དང་པ་དང་ སྤུན་ཆ་སྦོམ་ཤོས་ཅིག་ཨིན་མས། རྒྱལ་ཡུམ་མཆོག་གིས་ཕྱག་དཔེ་ཡང་ རྒྱ་གར་རྒྱལ་ཁབ་ ཀུར་སེ་འོང་ སེནཊི་ ཧེ་ལེནསི་སློབ་གྲྭ་ (Kurseong, St. Helen’s School) ནང་སྦྱང་བརྩོན་འབད་དེ་མཐར་འཁྱོལ་ཡོདཔ་ཨིན་མས། དེ་མ་ཚད་ རྒྱལ་ཡུམ་མཆོག་ སྲསམོ་ཨ་ཞེ་བསོད་ནམས་བདེ་ཆེན་དབང་ཕྱུག་དང་སྲས་དྲག་ཤོས་འཇིགས་རྒྱལ་ཨོ་རྒྱན་དབང་ཕྱུག་གཉིས་ཀྱི་ཡུམ་ཡང་ཨིན་མས། (Wikipedia, 2011)
རྒྱལ་ཡུམ་མཆོག་ མཐར་འཁྱོལ་ཅན་གྱི་རྩོམ་སྒྲིགཔ་རྐྱངམ་གཅིག་མེན་པར་ དམིགས་བསལ་དུ་ ན་གཞོན་ཚུ་གི་རྩོམ་རིག་གི་ལཱ་ལུ་ རྒྱབ་སྐྱོར་འབད་ནིའི་ནང་སྤྲོ་བ་སྦོམ་སྦེ་སྐྱེད་མི་ཅིག་ཨིན་མས། དེ་འབདཝ་ལས་ ང་བཅས་རའི་རྒྱལ་ཁབ་དང་འབྲེལ་བའི་འབྲི་རྩོམ་དང་སྙན་རྩོམ་རིག་པའི་དཔེ་དེབ་བཏོན་མི་ཚུ་ རྒྱལ་ཡུམ་མཆོག་གིས་ འགན་ཁག་བསྣམས་ཏེ་ཞུན་དག་མཛད་གནང་ཡོདཔ་ཨིན་མས། རྒྱལ་ཡུམ་མཆོག་གིས་ རེན་བོསི་ ཨེན་ ཀལའུཌསི་ (Rainbows and Clouds) ཟེར་མི་དང་ ཨ་ ཨིསི་ཊོ་རི་ ཨོཕོ་ ཡབ་ཨོ་རྒྱན་རྡོ་རྗེ་ (A story of Yab Ugyen Dorji) ཟེར་བའི་དཔེ་དེབ་གཉིས་འགོ་དང་པ་བརྩམས་གནང་ཡོདཔ་དང་། དེའི་ནང་ལས་ ཨ་ ཨིསི་ཊོ་རི་ ཨོཕོ་ ཡབ་ཨོ་རྒྱན་རྡོ་རྗེ་ནང་ལུ་ བཟང་ཚང་གི་ལོ་རྒྱུས་ཚུ་སྤྲོ་བ་ཆེ་ཏོག་ཏོ་སྦེ་བཙུགས་ཏེ་ཡོདཔ་མ་ཚད་ འབྲུག་རྒྱལ་ཁབ་ཀྱི་བྱུང་རབས་དང་སྤྱི་སྡེ། དེ་ལས་ རྒྱལ་ཁབ་ཀྱི་ལམ་ལུགས་སྲོལ་ཚུ་གསལ་ཏོག་ཏོ་སྦེ་ ཤེས་ཚུགསཔ་ཨིན་མས། དེ་གིས་ཡང་མ་དོ་བར་ རྒྱལ་ཡུམ་མཆོག་གི་དཔེ་དེབ་གཉིས་པ་ ཊེ་ཞརསི་ ཨོཕོ་ ད་ ཐཱན་ཌར་ ཌེ་གཱོན་ - ཨ་ པོ་ཊེཊ་ ཨོཕོ་ བུ་ཊཱན་ (Treasures of the Thunder Dragon- A Portrait of Bhutan) ཟེར་མི་བརྩམས་གནང་ནུག། དཔེ་དེབ་འདི་ནང་ལུ་ སྒེར་དོན་གྱི་ལོ་རྒྱུས་དང་བྱུང་རབས། དང་ཕུའི་གཏམ་རྒྱུད་དང་ལམ་འགྲུལ་གྱི་གཏམ་རྒྱུད་ལ་སོགས་པ་ སླ་བསྲེས་ཏེ་ཡོདཔ་ཨིན་མས། དེ་བཟུམ་སྦེ་ རྒྱལ་ཡུམ་མཆོག་གི་དཔེ་དེབ་གསུམ་པ་དེ་ཡང་ རྡོ་ཀྱོང་ལ་-ཨིསི་པི་རི་ཅུའེལ་ ཨེ་བོཊ་ ཨིན་ བུ་ཊཱན་ (Dochula- Spiritual Abode in Bhutan) ཟེར་མི་གསར་རྩོམ་མཛད་གནང་ཡོདཔ་དང་། དཔེ་དེབ་དེ་ཡང་ འབྲུག་དབང་རྒྱལ་ཁྱིམ་ཚོགས་ནང་ལུ་ཡོད་པའི་རླུང་ཆུ་རྩེ་ལྷ་ཁང་། འབྲུག་དབང་རྒྱལ་གྱི་མཆོད་རྟེན་བརྒྱ་དང་རྩ་བརྒྱད། འབྲུག་དབང་རྒྱལ་ལྷ་ཁང་དང་འབྲུག་དབང་རྒྱལ་ཚེས་བཅུ་ཚུ་གི་སྐོར་ལས་ ཡིག་ཐོག་བཀོད་དེ་ཡོདཔ་ཨིན་མས།
རྒྱལ་ཡུམ་མཆོག་ རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་མིང་གཏམ་ཅན་གྱི་རྩོམ་སྒྲིགཔ་དང་ སྙན་ངག་མཁན་ཚུ་ག་ར་གཅིག་ཁར་འཛོམས་པའི་འབྲུག་རྩོམ་རིག་དུས་སྟོན་
(Moutain Echoes) གྱི་སྐྱབས་འཛིན་ཨིན་མས། དུས་སྟོན་འདི་ཡང་ རྩོམ་རིག་བརྗེ་སོར་འབད་ནི་དང་། ང་བཅས་རའི་རྒྱལ་ཁབ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་ལམ་ལུགས་སྲོལ་ཚུ་གི་ སྒྱུ་རྩལ་གསརཔ་དང་དུས་སྟོན་ཚུ་གི་སྐོར་ལས་ མཐར་འཁྱོལ་ཅན་གྱི་གྲོས་གནས་ཅིག་ཨིན་མས། དེ་བཟུམ་སྦེ་ རྒྱལ་ཡུམ་མཆོག་གི་ ང་བཅས་འབྲུག་རྒྱལ་ཁབ་ཀྱི་མི་སེར་མང་ཆེ་བ་ཅིག་ སོ་ནམ་པ་ཨིནམ་ལས་ ཁོང་མང་ཤོས་ར་ ས་གཤིས་དང་ས་ཆ་རྩུབ་དྲགས་ནང་་ལཱ་འབད་དོ་ཡོདཔ་ལས་ སྤྱི་ལོ་ ༡༩༩༩ ལས་འགོ་བཙུགས་ཏེ་ སོ་ནམ་ལྷན་ཁག་གི་སྐྱབས་འཛིན་ཅིག་སྦེ་ཡང་མཛད་གནངམ་ཨིན་མས། དེ་དང་གཅིག་ཁར་ འབྲུག་པའི་མི་སེར་ཚུ་གི་ མི་ཚེའི་གནས་སྟངས་ཡར་དྲག་གཏང་ནི་དང་ ལྷག་པར་དུ་ ཏཱ་ར་ཡ་ན་གཞི་ཚོགས་གཞི་བཙུགས་གནང་སྟེ་ མཐའ་ཟུར་གྱི་གཡུས་སྒོ་ནང་གི་མི་སེར་ཚུ་གི་ མི་ཚེ་ཡར་དྲག་གཏང་ནི་གི་ལས་རིམ་མ་འདྲཝ་ཚུ་་ རྒྱལ་ཡུམ་མཆོག་གིས་འགོ་ཐོག་བརྩམས་གནང་ཡོདཔ་ཨིན་མས།
དེ་ལས་ རྒྱལ་ཡུམ་མཆོག་རང་བཞིན་གནས་སྟངས་ མི་ཉམས་རྒྱུན་སྐྱོང་མཛད་ནི་ལུ་སྤྲོ་བ་སྦོམ་ཡོདཔ་དང་། དེ་ལུ་བརྟེན་ཏེ་ རང་བཞིན་གནས་སྟངས་སྲུང་སྐྱོབ་འབད་ནིའི་ལས་རིམ་དང་ རྒྱལ་ཡོངས་གླིང་ག་དང་སྐྱེ་ལྡན་རིག་པ་ཚུ་ལུ་ རྒྱབ་སྐྱོར་གནང་དོ་ཡོདཔ་ཨིན་མས། ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་རྒྱབ་སྐྱོར་མཛད་དེ་ རང་བཞིན་གནས་སྟངས་ཉམས་སྲུང་འབད་ནིའི་ལས་འཆར་ག་ར་ བདག་འཛིན་ལེགས་ཤོམ་སྦེ་མཛད་དོ་ཡོདཔ་ཨིན་མས། དེ་མ་ཚད་ རྒྱལ་ཡུམ་མཆོག་རྒྱལ་ཁབ་ནང་གི་མཐོ་རིམ་སློབ་སྦྱོང་གི་གཙུག་སྡེ་རྙིང་ཤོས་དང་ གནམ་མེད་ས་མེད་བརྩི་མཐོང་ཡོད་མི་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་གི་ཆེ་བསྟོད་ཀྱི་སྲིད་འཛིན་ཡང་ཨིན་མས། རྒྱལ་ཡུམ་མཆོག་གིས་ ན་གཞོན་དང་ཕོ་མོའི་དབྱེ་བ་དང་འབྲེལ་བའི་དཀའ་ངལ་འཐོན་མི་ཚུ་གི་མཐའ་དོན་ལུ་ཡང་གཙོ་བོར་བཏོན་དོ་ཡོདཔ་ཨིན་མས།
(JLF Colorado, 2016) དེ་བཟུམ་སྦེ་ རྒྱལ་ཡུམ་མཆོག་ རྒྱལ་ས་ལྟེ་བ་ཐིམ་ཕུག་ལུ་ཡོད་མི་ ཕོལོཀ་ ཧེ་རི་ཊེཆ་ མིའུ་ཟིའམ་ (Folk Heritage Museum) ཟེར་བའི་འགྲེམས་སྟོན་ཁང་ཅིག་ གཞི་བཙུགས་མཛད་གནང་མི་གི་སྐྱབས་འཛིན་ཡང་ཨིན་མས། འགྲེམས་སྟོན་ཁང་དེ་ནང་ལུ་ དང་ཕུའི་མི་ཚུ་གི་ཡོན་ཏན་དང་། ལག་བཟོ་དང་མི་ཚེ་འཚོ་སྐྱོང་འཐབ་ཐངས་ཚུ་སྟོན་དོ་ཡོདཔ་ལས་ འགྲེམས་སྟོན་ཁང་དེ་ ནང་འཁོད་ཀྱི་མི་དང་ཕྱི་རྒྱལ་ལྟ་སྐོརཔ་ཚུ་འོང་སའི་ས་ཁོངས་ཡོངས་གྲགས་ཅན་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན།

ཁུངས་གཏུག།

[ཞུན་དག]
  1. Her Majesty Gyalyum Dorji Wangmo Wangchuck. (2020). Retrieved from Queen Mother of Bhutan: http://www.culturesummit.com
  2. JLF Colorado. (2016). Her Majesty the Royal Queen Mother Ashi Dorji Wangmo Wangchuck. Retrieved from About Ashi Dorji Wangmo Wangchuck: http://www.jlflitfest.org
  3. Wikipedia. (2011, 10). Ashi Dorji Wangmo Wangchuck. Retrieved from Bigraphical Article: https://web.archive.org/web/20130416091500/http://en.m.wikipedia.org/