Jump to content

རྒྱལ་ཡོངས་ཀྱི་བྱ།

Wikipedia ལས།

༉ བྱ་ཨོ་རོག་འདི་ འབྲུག་རྒྱལ་ཡོངས་ཀྱི་བྱ་ཨིན། བྱ་འདི་གི་ཁྱད་ཆོས་མཛེས་ཏོག་ཏོ་ཡོད་པའི་ཁར་ ཆོས་དང་གཅིག་ཁར་ཡང་འབྲེལ་བ་སྦོམ་ཡོད། བྱ་འདི་གིས་འབྲུག་གི་སྲུང་མ་བྱ་རོག་གདོང་ཅན་གྱི་བརྡ་མཚོན་ཡང་སྟོནམ་ཨིན། ཧེ་མ་ཞབས་དྲུང་རིན་པོ་ཆེ་ངག་དབང་རྣམ་རྒྱལ་མཆོག་འབྲུག་ལུ་འབྱོནམ་ད་ ཆོས་སྐྱོང་སྲུང་མ་ མ་ཧཱ་ཀ་ལ་གིས་བྱ་ཨོ་རོག་ལུ་སྤྲུལ་ཏེ་ལམ་སྟོན་མཛད་གནང་ཡི་ཟེར་བཤད་སྲོལ་ཡོད་ཨིན། ང་བཅས་རའི་རྒྱལཔོ་རིམ་བྱོན་རྣམས་ཀྱི་དབུ་ཞྭ་ བྱ་རོག་གདོང་ཅན་གྱི་བཟོ་རྣམ་སྦེ་ཡོད་མི་འདི་ བྱ་འདི་ལུ་ གུས་བཀུར་དང་ འབྲུག་པའི་མི་སེར་ཚུ་ ཆོས་སྐྱོང་སྲུང་མ་ལུ་དད་དམ་གཙང་མ་ཡོད་པའི་རྟགས་ཨིན། བྱ་རོག་གདོང་ཅན་དང་ཡེ་ཤེས་མགོན་པོ་ དེ་ལས་ དཔལ་ལྡན་ལྷ་མོ་གསུམ་གྱིས་འབྲུག་གི་རྒྱལ་པོ་དང་མི་སེར་ཡོངས་སྲུང་སྐྱོབ་འབདཝ་ཨིན།
སྤྱི་ལོ་ ༡༨༨༥ ལུ་ ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་མཆོག་གིས་ ཕྱི་གླིངཔ་(བིརི་་ཊིཤ་ཨིན་ཌི་ཡ) དང་གཅིག་ཁར་ཕྱད་མདའ་རྐྱབ་པའི་སྐབས་ལུ་ བྱ་རོག་གདོང་ཅན་གྱི་དབུ་ཞྭ་བཞེས་གནང་ནུག། དེ་ལས་ འགོ་བཟུང་སྟེ་ དབང་ཕྱུག་བརྒྱུད་འཛིན་གྱི་རྒྱལ་པོ་རྣམས་ཀྱིས་ དབུ་ཞྭ་བྱ་རོག་གདོང་ཅན་གྱི་རྣམ་པ་སྦེ་ཡོད་མི་འདི་བཞེས་གནང་ནུག། བྱ་ཨོ་རོག་གསད་ནི་འདི་ འཁྲིམས་འགལ་གྱི་ལཱ་ཅིག་ཨིནམ་མ་ཚད་འབྲུག་རྒྱལ་ཁབ་ནང་བཟུམ་སྦེ་བྱ་ཨོརོག་གི་ལོ་རྒྱུས་ཆོས་དང་འབྲེལ་བ་ཡོད་ལུགས་ཚུ་ རྒྱལ་ཁབ་གཞན་གྱི་ནང་ལུ་ཡང་ཡིད་ཆེས་བསྐྱེད་དོ་ཡོདཔ་ཨིན། བྱ་ཨོ་རོག་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་མི་ དང་ཕུའི་སྲུང་དང་གཏམ་རྒྱུད་ཚུ་ནང་ཡང་ བཤད་སྲོལ་ཡོདཔ་ཨིན། རྒྱལ་ཁབ་མང་ཤོས་ཀྱིས་བྱ་ཨོ་རོག་འདི་ ལྷོའི་ཕོ་ཉའི་་བརྡ་མཚན་ཨིནམ་སྦེ་བཤད་སྲོལ་ཡོདཔ་དང་ རྒྱ་ནག་གི་ལམ་སྲོལ་ནང་ཆརཔ་དང་རླུང་འཚུབ་འདི་བྱ་ཨོ་རོག་གི་མིག་འཕྲུལ་དང་ ལྷ་ཚུ་ཕར་དང་ཚུར་འགྲོ་འགྲུལ་འབད་བའི་བརྡ་མཚོན་སྦེ་ཆ་བཞགཔ་ཨིན། ལྷོ་ཨ་མི་རི་ཀཱའི་མི་ཚུ་གིས་བྱ་ཨོ་རོག་འདི་ ལྷ་ཨིནམ་སྦེ་ཆ་བཞགཔ་ཨིན་པས།
བྱ་ཨོ་རོག་ལུ་མཚན་རིག་གི་མིང་འདི་ ཀོར་ཝསི་ཀོ་རེཀསི་(Corvus corax) ཟེར་སླབ་ཨིནམ་དང་ བཟོ་རྣམ་འདི་བྱ་ཨོ་ལ་བཟུམ་སྦེ་མཐོངམ་ཨིན། བྱ་ཨོ་རོག་འདི་ ཚོས་གཞི་ནགཔ་སྦེ་དང་ མཆོ་ཏོ་སྦོམ་སྦེ་ཡོད་པའི་ཁར་ སྐད་འདི་སྦོམ་སྦེ་རྐྱབ་ཨིན་པས། སྤྱིར་བཏང་ བྱ་ཨོ་ལ་ཚུ་མཆོ་ཏོག་སྦོམ་སྦེ་བྱ་ཨོ་རོག་དང་འདྲ་སུ་ཅིག་ཡོད་རུང་ བྱ་ཨོ་རོག་གི་གཟུགས་ཀྱི་སྦོམ་ཚད་འདི་ཨིནཅི་ ༢༨ ཡོདཔ་ཨིན་པས། བྱ་ཨོ་རོག་གི་གཤོག་སྒྲོ་འདི་ འོད་ཆེམ་ཆེ་རིངམོ་སྦེ་ཡོད་པའི་ཁར་ བྱ་ཕོ་མོ་གཉིས་ཆ་ར་ ཚོས་གཞི་ཧོནམོ་དང་གནགཔོ་སྦེ་ཡོདཔ་ཨིན།
བྱ་འདི་ཚུ་མང་ཤོས་ར་ས་ཁ་མཐོ་སར་འཁྱམ་དོ་ཡོདཔ་ཨིནམ་དང་ གནམ་དགུན་ལུ་བྱ་འདི་ཚུ་ས་ཁ་དམའ་ས་མཐོ་ཚད་མི་ཊར་ ༢༣༠༠ གི་ས་གནས་ཚུན་ཚོདལྷོད་དོ་ཡོདཔ་ཨིན། བྱ་འདི་འབྲས་ལྗོངས་དང་ལ་དྭགས་ དེ་ལས་ འབྲུག་རྒྱལ་ཁབ་ཚུ་ནང་མཐོང་སྲོལ་ཡོདཔ་ཨིན། འབྲུག་ནུབ་ཕྱོགས་ཀྱི་ས་གནས་ དམ་མཐང་ ལྕེ་རི་ཐང་ བྱ་གོ་བེ་ གླིང་གཞི ལྕི་བི་ས་དང་ དབུས་ཕྱོགས་བུམ་ཐང་ དུར་དང་ པེ་གུ་ལ། དེ་ལས་ འབྲུག་ཤར་ཕྱོགས་སེང་གེ་རྫོང་གི་ཉེ་འདབས་ཀྱི་ས་གནས་ཚུ་ནང་གནས་ཏེ་ཡོདཔ་ཨིན། སྤྱིར་བཏང་ བྱ་ཨོ་རོག་ཚུ་མང་ཤོས་་ར་ཡ་དང་ཆ་སྦེ་མཐོངམ་མ་གཏོགས་ཁྱུ་སྦེ་དེ་ཅིག་མཐོང་ནི་མེད། གནམ་ཁར་ལྡིང་པའི་སྐབས་ལུ་ ཁ་ལྟོར་ཏེ་འཕུར་ནི་ཡོདཔ་དང་ གཤོག་སྒྲོ་འགྲོས་ཀྱིས་སྦེ་གཡབ་ནི་ཡོདཔ་ཨིན། བྱ་འདི་ཚུ་ མང་ཤོས་ར་ཉེ་འདབས་ལུ་ སྤང་གཤོང་དང་ས་གཞི་གོ་ཡང་ཏོང་ཏོ་ཡོད་པའི་ཚལ་མ་ཚུ་ནང་འཁྱམས་ཏེ་སྡོདཔ་ཨིན།
བྱ་ཨོ་རོག་འདི་ ཤ་དང་རྩྭའི་རིགས་གཉིས་ཆ་ར་ཟ་མི་སེམས་ཅན་ཅིག་ཨིན། བྱ་འདི་ཚུ་ མང་ཤོས་ར་བམ་ཤ་དང་སེམས་ཅན་གྱི་རོ་ཚུ་ལུ་ལོངས་སྤྱད་དེ་སྡོད་དོ་ཡོདཔ་ཨིན་པས། དེ་མ་ཚད་ གདོང་སོ་ཅན་གྱི་སྲོག་ཆགས་དཔེར་ན་བྱི་ཙི་ རི་བོང་ལ་སོགས་པ་དང་ བྱའི་སྒོང་རྡོག་ལ་སོགས་པ་ཚུ་ཡང་ཟཝ་ཨིན། གཞན་ཡང་ ཤིང་འབྲས་སྟར་གོ་ལ་སོགས་པ་ཚུ་ཟཝ་ཨིན་པས། བྱ་ཨོ་རོག་གིས་ གཙོ་བོ་ར་ སེམས་ཅན་ཤི་ཤིཝ་གི་རོ་ཚུ་ལུ་ལོངས་སྤྱོདཔ་ལས་ སེམས་ཅན་ཆུང་ཀུ་ཚུ་བསད་དེ་དེམ་ཅིག་མི་ཟ། བྱ་ཆུང་ཀུ་ཚུ་སྡེ་ཚན་བཟོ་སྟེ་གནམ་ནུབ་མོ་གནང་ཁར་འཕུར་ནི་ཡོདཔ་དང་ བྱ་རྒས་ཤོས་ཚུ་མང་ཤོ་ར་ཕོ་མོ་ཟུང་སྦེ་མཐོང་སྲོལ་ཡོདཔ་དང་ས་ཁོངས་བདག་འཛིན་འཐབ་སྟེ་སྡོདཔ་ཨིན་པས།
ཨོ་རོག་གི་ཕོ་མོ་སྦྲག་ནི་འདི་ལཱ་ཁག་ཡོདཔ་ལས་ ཕོ་མོ་ག་འབད་རུང་ལྟོ་འཚོལ་ནི་གི་བློ་རིག་དང་ལྕོགས་གྲུབ་ དེ་ལས་ ཡང་རྩལ་ཚུ་ཡང་ལེགས་ཤོམ་དགོཔ་ཨིནམ་དང་ བྱ་འདི་གིས་མང་ཤོ་ར་ མི་ཚེ་གཅིག་གཅིག་ཁར་སྡོདཔ་ཨིན་པས། བྱ་འདི་གིས་ ཁོང་རའི་ཚང་ཡང་ལོ་ལེ་ཤ་གི་རིང་ལུ་ལག་ལེན་འཐབ་དོ་ཡོདཔ་དང་ བྱ་མོ་ཚུ་གིས་ སྤྱི་ཟླ་ ༢ པ་ལས་ ཤིང་གི་ལྕུག་ཀུ་ཚུ་གིས་སྦེ་ ཚང་བཟོ་ནི་འགོ་བཙུགསཔ་མ་ཚད་ བྱ་ཕོ་ཚུ་གིས་ སྔོ་དྲེག་དང་སྐྱ་ཚུ་འབག་འོངམ་ཨིན་པས། བྱ་ཨོ་རོག་མོ་ཚུ་གིས་སྒོང་རྡོག་ ༣-༦ གི་བར་ན་ འབུད་དོ་ཡོདཔ་དང་ སྒོང་རྡོག་ཚུ་ཁུག་ནི་གི་དུས་ཚོད་འདི་ ཉིན་ཞག་ ༡༨-༢༡ ཚུན་ཚོད་འགོར་དོ་ཡོདཔ་ཨིན། བྱི་ཅུང་ཚུ་ཞག་ ༣༥-༤༢ ཀྱི་བར་ན་གཤོག་སྒྲོ་སྐྱེས་ཚརཝ་ཨིན་རུང་ དེའི་ཤུལ་ལས་ཁོ་རའི་ཕམ་གིས་ ཟླཝ་ ༦ ཚུན་གྱི་རིང་ བདག་འཛིན་འཐབ་དོ་ཡོདཔ་ཨིན་པས།

ཁུངས་གཏུག།

[ཞུན་དག]
  1. Retrieved from National Bird - Bhutan Peaceful Tours & Treks
  2. Retrieved from National symbols of Bhutan, Flag, Emblem, Animal, Bird, Flower, Tree – Little Bhutan
  3. Retrieved from Common Raven: National Bird of Bhutan | Interesting Facts (vdio.com)
  4. Retrieved from National Bird of Bhutan - Raven national Bird Bhutann (himalaya2000.com)