རྒྱལ་སྲུང་།

Wikipedia ལས།

༉ འབྲུག་གི་རྒྱལ་ཡོངས་དུས་ཆེན་ཐེངས་ ༡༡༢ པའི་སྐབས་ མི་དབང་མངའ་བདག་རིན་པོ་མཆོག་གིས་ རྒྱལ་ཡོངས་ལུ་གསུང་བཤད་གནང་པའི་སྐབས་ རྒྱལ་སྲུང་སྦྱོང་བརྡར་འདི་འགོ་བཙུགས་ནི་ཟེར་གསུངས་གནང་ཡི།

དང་པ་ར་ རྒྱལ་སྲུང་ཟེར་མི་འདི་དམིགས་ཡུལ་ག་ཅི་ལུ་གཟིགས་ཏེ་ གཞི་བཙུགས་འབད་འབདཝ་ཨིན་ན།

དྲགོས་བསོད་ནམས་ཀུན་དགའ་གིས་འབད་བ་ཅིན་ རྒྱལ་སྲུང་ཟེར་མི་འདི་ ང་བཅས་རའི་འབྲུག་རྒྱལ་ཁབ་ཀྱི་རང་དབང་སྲུང་སྐྱོབ། རྩ་བ་གསུམ་དང་ རྒྱལ་བའི་བསྟན་པ་སྲུང་ནིའི་རྟེན་འབྲེལ་ལུ་ མིང་ཡང་རྒྱལ་སྲུང་ཟེར་བཞག་ཡོདཔ་སྦེ་ཨིན་པས། འདི་ ཡང་དག་ཅིག་ཨིན་མི་འདི་ མི་དབང་མངའ་བདག་རིན་པོ་ཆེ་གིས་ ལོ་མང་རབས་ཀྱི་རིང་ལུ་ ཐུགས་བཞེད་རྒྱ་ཆེ་ས་ལས་གནང་སྟེ་ གཞི་བཙུགས་གནང་དགོ་པའི་ཁུངས་རྒྱལ་ཡོངས་དུས་ཆེན་གྱི་སྐབས་ལུ་ གསུངས་དོ་བཟུམ་ཅིག་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ མི་དབང་མངའ་བདག་རིམ་བྱོན་ཚུ་གི་སྐུ་དང་གྲིབ་མ་ལས་ ང་བཅས་རའི་རྒྱལ་ཁབ་ནང་ལུ་མི་སྡེ་དཔལ་འབྱོར་གོང་འཕེལ་འགྱོ། རང་ལུགས་ལམ་སྲོལ་དང་སངས་རྒྱས་ཀྱི་བསྟན་པ་ཚུ་དར་ཞིང་རྒྱས་ཏེ་ ག་ར་ལེགས་ཤོམ་སྦེ་གནས་ཏེ་ཡོདཔ་ཨིན། ད་ ནཱ་ལས་ཕར་གྱི་མདུན་ལམ་འདི་འབད་བ་ཅིན་འགོ་དོག་དྲགས་ འགན་ཁུར་འབག་ཐངས་འདི་འབད་བ་ཅིན་ ལྗིད་ལྕིད་དྲགས་སྦེ་ འོང་ནི་ཨིན་མས། འ་ནཱི་ལམ་དོག་དྲགས་ལས་ཕར་འགྱོ་དགོ་མི་འདི་ ང་བཅས་རའི་ན་གཞོན་ཚུ་ཨིནམ་ལས་བརྟེན་ ན་གཞོན་ཚུ་གིས་ རང་སོའི་འགན་ཁུར་འབག་ཚུགསཔ་ རྒྱལ་ཁབ་ལུ་ཤ་ཚ་ཡོདཔ་ ཐ་དམ་ཚིག་དཔང་ལུ་བཙུགས་ཏེ་ ལཱ་འབད་ཚུགས་ནིའི་དོན་ལུ་ ཁྱད་འཕགས་དང་ལྡན་པའི་ཡོན་ཏན་དང་རིག་རྩལ་སྤྱོད་ཐབས་ལུ་དམིགས་ཏེ་ གཞི་བཙུགས་མཛད་གནང་གནངམ་ཅིག་ཨིན།

མ་གཞི་ཤེས་རིག་གི་ཁ་ཐོག་ལས་ཡང་སློབ་ཕྲུག་ཚུ་ལུ་ བསླབ་བྱ་བསླབ་སྟོན་ཚུ་གནང་སྟེ་ར་ཡོད་རུང་ དམིགས་བསལ་དེ་སྦེ་ ཐུགས་བཞེད་གནང་དགོ་པའི་གཞི་རྩ་ངོ་མ་ག་ཅི་ཨིན་ན་ཟེར་བ་ཅིན་ ཤེས་རིག་གི་ཁ་ཐུག་ལས་སློབ་དཔོན་དང་ རང་སོའི་ཕམ་ཚུ་གིས་ བསླབ་བྱ་འདི་གནང་སྟེ་ཡོད་རུང་ རྒྱལ་སྲུང་འདི་དམིགས་བསལ་གྱིས་ ལོ་གཅིག་གི་སྦྱོང་བརྡར་ཨིན་མས། དང་པ་ར་ ན་གཞོན་ཚུ་ལུ་དམག་སྦྱོང་ཚུ་བྱིན་ནི་དང་ རྒྱལ་ཡོངས་ཀྱི་ཤེས་ཡོན་རྒྱལ་ཁབ་ཀྱི་རྒྱལ་རབས་ཀྱི་སྐོར། དེ་ལས་ཕྱི་འབྲེལ་མཐུན་ལམ་ལ་སོགས་པའི་སྐོར་ལས་ ཡོན་ཏན་སྤྲོད་དེ་ རྒྱལ་ཁབ་ཀྱི་རང་དབང་སྲུང་སྐྱོབ་ལུ་ ཕན་ཐོགས་ཚུགསཔ་བཟོ་ནི། གཉིས་པ་ལུ་ ན་གཞོན་ཚུ་གི་རྒྱུད་ལུ་དམག་སྦྱོང་འདི་སྤྲོད་དེ་ ལག་རྩལ་དང་རིག་རྩལ་ཚུ་མངམ་སྦེ་ སྟོན་ནིའི་ལས་རིམ་ཚུ་བསྒྲིགས་ཏེ་ཡོདཔ་ཨིན།

རྒྱལ་སྲུང་ཟེར་བའི་སྐབས་ལུ་ ང་བཅས་ར་འབྲུག་རྒྱལ་ཁབ་ཀྱི་རྒྱལ་སྲུང་དང་ ཕྱི་རྒྱལ་ཁབ་ལུ་ཡོད་པའི་རྒྱལ་སྲུང་གཉིས་སོ་སོ་ཨིན། དེ་ཡང་ རོགས་རྒྱལ་ཁབ་ནང་འབད་བ་ཅིན་ རྒྱལ་སྲུང་འདི་ཐད་རི་བ་རི་འབད་ར་ རྒྱལ་ཁབ་ཀྱི་རང་དབང་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་ཐོནམ་ད་ གཞི་བཙུགས་འབད་འབདཝ་ཅིག་ཨིནམ་ལས་ མང་ཤོས་ར་དམག་གི་སྦྱོང་བརྡར་བྱིནམ་ཨིནམ་མས། ཨིན་རུང་ང་བཅས་རའི་རྒྱལ་ཁབ་ནང་ལུ་འབད་བ་ཅིན་ རྒྱལ་ཁབ་ཀྱི་ཞི་བདེ་ལུ་གནསཔ་ད་གཞི་བཙུགས་འབད་ཡོདཔ་ལས་ དམག་གི་སྦྱོང་བརྡར་ལས་ལྷག་སྟེ་མང་ཤོས་ར་རིག་རྩལ་གྱི་ ཤེས་ཡོན་སྤྲོད་ནིའི་ལས་རིམ་ཡོདཔ་ཨིན།

རྒྱལ་སྲུང་གི་ལས་རིམ་འདི་ སྤྱི་ལོ་ ༢༠༢༢ ལས་འགོ་བཙུགས་ནི་ཨིནམ་དང་རྒྱལ་སྲུང་གི་སྦྱོང་བརྡར་འདི་ཡང་ ན་གཞོན་བུཚ་དང་བུམ་གཉིས་ཆ་ར་ལུ་ གོ་སྐབས་འདྲན་འདྲ་སྦེ་བྱིན་ནི་ཨིན། དེ་ཡང་སྤྱི་ལོ་ ༢༠༢༡ གི་ལོ་ནང་ལུ་ སློབ་རིམ་ ༡༢ པ་མཐར་འཁྱོལ་མི་ འདི་ནང་ལས་སྐྱེས་ལོ་ ༡༨ ལངས་མི་ཚུ་གིས་བཅའ་མར་གཏོགས་ནི་ཨིན། གལ་སྲིད་སློབ་རིམ་བཅུ་གཉིས་པ་ མཐར་འཁྱོལ་རུང་སྐྱེས་ལོ་ ༡༨ མ་ལངས་པ་ཡོད་པ་ཅིན་ ཕམ་ཚུ་གིས་ཉོགས་མེད་ཡི་གུ་བྱིན་པ་ཅིན་ གོ་སྐབས་དེ་སྤྲོད་ནི་ཨིན་པས། དཔེ་ཆ་བལྟ་འཕྲོར་ རང་ལུ་རྐྱེན་དང་བར་ཆད་ལས་བརྟེན་ སྟབས་མ་བདེ་བར་འཐོན་སྡོད་དགོཔ་བྱུང་བའི་ ན་གཞོན་སྤྱི་ལོ་ ༢༠༢༢ ཀྱི་ལོ་ནང་སྐྱེས་ལོ་ ༡༨ ལངས་མི་ཚུ་ལུ་གོ་སྐབས་སྤྲོད་ནི་ཨིན་པས། སློབ་རིམ་བཅུ་གཉིས་པ་མཐར་འཁྱོལ་ཏེ་ ལོ་ངོ་གཅིག་གི་རིང་ལུ་སྦྱོང་བརྡར་འདི་འབད་ཞིནམ་ལས་རྐྱངམ་གཅིག་ མཐོ་རིམ་སློབ་གྲྭ་ནང་ལུ་གཏང་ནི་ཨིན་མས། རྒྱལ་སྲུང་ལས་རིམ་ནང་ལུ་ སློབ་རིམ་བཅུ་གཉིས་པ་མཐར་འཁྱོལ་མི་ ག་ར་གིས་བཅའ་མར་གཏོགས་དགོཔ་ཨིན། གལ་སྲིད་དེ་ནང་ལུ་བཅའ་མར་མ་གཏོགས་པ་ཅིན་ དེ་དང་འཁྲིལ་བའི་ཉེས་ཁྲིམས་བརྩམས་པའི་བསྒང་ཡོདཔ་ཨིན་པས། (Dasho Sonam Kinga). སྦྱོང་བརྡར་དུས་ཡུན་ལོ་གཅིག་འབད་བའི་སྐབས་ སྦྱོང་བརྡར་པ་ཚུ་གིས་ ཟླཝ་གསུམ་གྱི་རིང་ གཞི་རྟེན་དམག་གི་སྦྱོང་བརྡར་(Basic military Training)  དེ་ལས་ཟླཝ་དགུ་གི་རིང་ལུ་ སྦྱོང་བརྡར་དབྱེ་ཁག་རྣམ་པ་སྣ་ཚོགས་སྦེ་ཡོདཔ་ཨིན་པས། འདི་ཡང་བཟོ་སྐྲུན་གྱི་སྦྱོང་བརྡར་། འཕྲུལ་རིག་སྦྱོང་བརྡར་། གློག་རིག་སྦྱོང་བརྡར་། དེ་ལས་ཚོང་འབྲེལ་གྱི་སྦྱོང་བརྡར་དང་ བསོད་ནམས་ཞིང་ལཱ་འབད་ནིའི་ནང་ རིག་རྩལ་ཡར་རྒྱས་བཏང་ནི་ཚུ་ཨིན། (Gyalsung)

རྒྱལ་སྲུང་གི་དམིགས་དོན།

༡༽ རྒྱལ་བསྲུང་གིས་ན་གཞོན་ཚུ་ལུ་ མ་འོངས་པ་ལུ་རང་གི་མི་ཚེ་ནང་ ག་ཅི་ར་འབད་དགོཔ་ཨིན་ན་གི་ལམ་སྟོན་འབད་ནི། ན་གཞོན་ཚུ་ག་ཅི་ར་འབད་རུང་ འབད་ཚུགས་ནིའི་དོན་ལུ་ སེམས་ཤུགས་བསྐྱེད་ཚུགཔ་བཟོ་ནི། དེ་ལས་ག་ཅི་འབད་རུང་ རང་དབང་ཐོག་ལས་མནོ་བསམ་བཏང་ཏེ་རྒྱལ་ཁབ་ལུ་ཕྱག་ཞུ་མི་ ལྕོགས་གྲུབ་ཅན་བཟོ་ནི།

༢༽ རྒྱལ་སྲུང་སྦྱོང་བརྡར་འདི་གིས་ འབྲུག་རྒྱལ་ཁབ་ཀྱི་ན་གཞོན་ཚུ་ ཉམས་མྱོང་གཅིག་མཚུངས་དང་ ན་གཞོན་ཚུ་འོང་འབབ་དང་ལྡནམ་ དེ་ལས་ལུང་ཕྱོགས་རྒྱབ་ཁུངས་ཚུ་ ཁྱད་པར་གཅིག་མཐུན་བཟོ་ནི།

༣༽ རྒྱལ་སྲུང་སྦྱོང་བརྡར་འདི་གིས་ ན་གཞོན་ཚུ་དུས་རབས་ ༢༡ པའི་ནང་དགོ་མི་ ཁྱད་རིག་ལྡན་པའི་རིག་རྩལ་ཡོདཔ། འོང་འབབ་ལྡནམ། ག་ར་སྒྲིག་ཁྲིམས་ཡོདཔ་ དེ་ལས་རྒྱལ་ཁབ་རང་དབང་བཙན་བཟོ་ནིའི་ནང་ ཕན་ཐོག་ཚུགས་པའི་ན་གཞོན་བཟོ་ནི་ཨིན།

སྐབས་བབས་ཀྱི་ཕོ་ཚད་དང་བསྟུནམ་ད་ ལོ་རེ་ནང་ན་གཞོན་  ༡༣༠༠༠ རེ་སྦྱོང་བརྡར་འབད་ཚུགས་ནི་ཨིན་མས། སྦྱོང་བརྡར་བྱིན་ནིའི་དོན་ལུ་རྒྱལ་ཁབ་ནང་ སྦྱོང་བརྡར་ལྟེ་བ་ 5 བཟོ་ནི་ཨིན་མས། སྦྱོང་བརྡར་ལྟེ་བ་ཚུ་ཡང་ རྒྱ་མཚོ་གླིང་  བསམ་རྩེ། སྟ་རེ་ཐང་ གསར་སྤང་། པདྨ་ཐང་  བསམ་གྲུབ་ལྗོངས་མཁར། མཁོ་ཐང་ཁ་ དབང་འདུས་ཕོ་བྲང་། བོན་བདེ་མ་ མོང་སྒར། ཚུ་ཨིན། ལྟེ་བ་ཚུ་ནང་སྦྱོང་བརྡར་པ་ ༢༦༠༠ དང་འགོ་དཔོན་ ༢༠ གོ་གནས་ཆུང་བའི་འགོ་དཔོན་ ༣༠༠ (NOCs non-commissioned officer) ཤོང་ནི་ཨིན་པས། (Gyalsung Infra). རྒྱལ་བསྲུང་སྦྱོང་བརྡར་ལྟེ་བ་ཚུ་ཡང་ སྤྱི་ཟླ་ ༣ པའི་སྤྱི་ཚེས ༢ མི་དབང་ཞིང་གཤེགས་འབྲུག་རྒྱལ་གསུམ་པའི་འཁྲུངས་སྐར་གྱི་ཉིནམ་ལུ་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་དང་ རྒྱལ་སྲུང་བཟོ་སྐྲུན་ལས་ཁུངས་གཉིས་ མཉམ་འབྲེལ་འབད་དེ་ རྐྱབ་ནི་འགོ་བཙུགས་ནུག། ལྟེ་བ་ཚུ་ནང་བདེ་སྲུང་ ༡༠༥ རེ་བགོ་བཀྲམ་འབད་དེ་བཏང་ནུག། (BBS 2022).

རྒྱབ་རྟེན།

Gyalsung Infra- About Gyalsung. (2020, september). Retrieved from Gyalsung: https://www.gyalsunginfra.bt/

Inauguration of De-suung National Service at Gyalsung Infra Projects. (2022, May 2). Retrieved from BBS: https://www.bbs.bt

Kinga, D. S. (2019, December 25). Gyalsung (National Service). (C. Wangchuk, Interviewer) Retrieved from https://youtube.com

"https://dz.wikipedia.org/w/index.php?title=རྒྱལ་སྲུང་།&oldid=29814" ལས་ སླར་འདྲེན་འབད་ཡོདཔ།