རྒྱུན་གཏོར་ཁྲིགས་སུ་བཀོད་པ།
༄༅། །རྒྱུན་གཏོར་ཁྲིགས་སུ་བཀོད་པ་བཞུགས་སོ།།
༄༅། །ན་མོ་གུ་རུ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། །དེའི་ཆེད་དུ་བདག་གིས་གཏོར་ཆོས་ལ་འཇུག་པར་བྱའོ། །རང་ཡི་དམ་དུ་གསལ་བར་བསྒོམས། མདུན་དུ་གཏོར་སྣོད་གཙང་མར་ཆུ་གཙང་མ་བླུག་ལ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག། ཆོས་རྣམས་ལ༴ །ཚོགས་རྣམས་ཀྱི་མཆོག །འཕགས་པའི་དགེ་འདུན་རྣམས་ལ༴ །སངས་རྒྱས་ཆོས་དང་སོགས་སྐྱབས་འགྲོ་ལན་གསུམ་བྱ། སེམས་ཅན་ཐམས་ཅད་བདེ་བ་སོགས་ལན་གསུམ། མདུན་གྱི་ནམ་མཁའ་ལ། རིན་པོ་ཆེ་དང་པད་མ་ཉི་ཟླའི་གདན་བསམ་ལ། སྤྱན་དྲངས་པ་ནི། རང་གི་སྙིང་ཁའི་ས་བོན་ལས་འོད་སྤྲོ་ཞིང་། ངག་ཏུ། ན་མོ། འགྲོ་མགོན་ཐུགས་རྗེའི་སྤྱན་ལྡན་རྣམས།། ཆོས་སྐུ་སྤྲོས་དང་བྲལ་བ་ལས། །གཟུགས་སྐུའི་རྣམ་པར་བཞེངས་ནས་ཀྱང། །འགྲོ་བའི་དོན་ལ་གཤེགསསུ་གསོལ། །ༀ་གུ་རུ་ཨེ་ཧྱ་ཧི་མཧཱ་ཀ་རུ་ཎི་ཀཧོ༔ས་མ་ཡ་སྟྭཾ། ས་མ་ཡ་ཛཱཿབཛྲ་ཨངྒུ་ཤ་ཛཱ༔ མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་བླ་མའི་ངོ་བོར་བྱོན་པར་འགྱུར། །མགོན་པོ་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་གུ་རུ་སརྦ་ཏ་ཐཱ་ག་ཏ་པྲ་བཱ་ར་སད་ཀ་ར། མཧཱ་སད་ཀ་ར། མཧཱ་ཨགྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཅེས་ཞལ་བསིལ་འབུལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དག་པ་ཡིས་ནི་ཁྲུས་གསོལ་ལོ། །ཨོ་སརྦ་ཏ་ཐཱ་ག་ཏ་མཧཱ་པདྱཾ་པྲཏཱི་ཙྪ་སྭཱཧཱ། ཅེས་ཞབས་བསིལ་འབུལ། །བདག་དང་འགྲོ་ལ་ཐུགས་རྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལ་ཡེ་སྟྭཾ། ཅེས་གདན་ལ་བཞུགས་པའོ། །དེ་ནས་བདུན་རྣམ་དག་བྱ་བ་ནི། བླ་མ་དཀོན་མཆོག་ཡི་དམ་མཁའ་འགྲོ་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་སྐྱབས་སུ་མཆིའོ། །བདག་གི་ངག་བྱིན་གྱིས་བརླབ་ཏུ་གསོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་གཞལ་ཡས་ན། །དེ་བཞིན་གཤེགས་རྣམས་བླ་མའི་ཚོགས་སྤྲུལ་ཏེ། །སྐུ་ཡི་བཀོད་པ་གཅིག་དང་མཐའ་ཡས་པ། །ཞི་ཁྲོ་ལ་སོགས་སྐུར་སྟོན་ཕྱག་འཚལ་བསྟོད། །བརྗོད་མེད་ངང་ནས་འཇིག་རྟེན་སྒྲས་བསྡུས་ནས། །ལྷ་དང་ཀླུ་ལ་སོགས་པ་གང་འདུལ་སྐད། །ཚངས་པའི་གསུང་ནི་ཀུན་གྱིས་གོ་བའི་སྒྲ། །ཐེག་པ་སྣ་ཚོགས་སྟོན་ལ་ཕྱག་འཚལ་ལོ། །གཟུགས་སྐུའི་ཚོགས་ལ་རྟོག་པ་མི་མངའ་ཡང་། །སེམས་ཅན་བློ་རིགས་མི་འདྲ་བསམ་ལས་འདས། །ཐུགས་རྗེའི་དབང་གིས་ཕྱི་ནང་ས་ལེ་མཁྱེན།། མཁྱེན་པ་གཉིས་ལྡན་ཁྱེད་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་མཆོད་པ་རྣམ་བཞིའི་ཚོགས། །བློ་ཡིས་བླངས་ནས་སྣོད་ཀྱི་འཇིག་རྟེན་དང་། བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་ཚོགས། །མཛེས་ཤིང་གཙང་མ་ཡིད་འོང་འབུལ་བར་བགྱི། །བདག་དང་ཁམས་གསུམ་སེམས་ཅན་མ་ལུས་པ། །ཐོག་མ་མེད་པའི་དུས་ནས་ད་ལྟའི་བར། །དུག་གསུམ་དབང་གིས་ལས་ངན་ཅི་བསགས་པ། །མངའ་བདག་ཆེན་པོ་ཁྱེད་ཀྱི་སྤྱན་སྔར་བཤགས། །རྒྱལ་དང་རྒྱལ་སྲས་ལམ་དུ་བཞུགས་རྣམས་དང་། །འགྲོ་བ་དྲུག་གི་སེམས་ཅན་མ་ལུས་པ། །ཡར་ལ་མཆོད་དང་མར་ལ་སྐྱོབ་ལ་སོགས། །དགེ་བ་གང་བགྱིས་རྣམས་ལ་རྗེས་ཡི་རང་། །མོས་པའི་བྱེ་བྲག་གདུལ་བྱ་སྣ་ཚོགས་ལ། །གང་ལ་གང་འདུལ་དེ་ཡི་སྐུར་བསྟན་ནས།།ཐེག་པ་སྣ་ཚོགས་ཐབས་ལ་མཁས་པ་ཡི།།ཆོས་ཀྱི་འཁོར་ལོ་རིན་ཆེན་བསྐོར་དུ་གསོལ། །ཆོས་སྐུ་སྤྲོས་པ་མ་ལུས་ཞི་གྱུར་ཀྱང་། །ཐུགས་རྗེ་ཆེན་པོས་གདུལ་བྱའི་སྣང་བ་ལ། །ཇི་སྲིད་འཁོར་བ་མ་སྟོངས་གཟུགས་སྐུའི་ཚོགས། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དགེ་བ་འདི་ཡིས་མཁའ་མཉམ་སེམས་ཅན་གྱི། །སྡིག་དང་སྒྲིབ་པའི་ཚོགས་ཀུན་བྱང་གྱུར་ནས། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་གྱུར་ཏེ། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག། །དེ་ནས་སྭཱབྷཱ་ཝས་སྐྱོན་དང་དྲི་མ་དག་པར་བསམ། བུལ་བ་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་རྒྱ་མཚོ་དྭངས་ཤིང་རྙོགས་པ་མེད་པ་བསམ་གྱིས་མི་ཁྱབ་པར་བསམ་ལ། དབུལ་བ་ནི། མཆོད་ཅིག་རྒྱ་མཚོ་ཆེ་དང་ཆུ་བོ་ཆུ་ཕྲན་དང་། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་མིག་སོགས། །རྙོག་པ་མེད་ཅིང་ཡན་ལག་བརྒྱད་ལྡན་ཆབ། །བཀྲ་ཤིས་སྣ་ཚོགས་འོ་མའི་ཆུ་རྒྱུན་འདི། །རྒྱལ་བའི་ཞལ་ལ་ཞལ་བསིལ་འདི་ཕུལ་བས། །འགྲོ་ཀུན་བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །སྤོས་དང་ཙན་ལྡན་ལ་སོགས་སྦྱར་བ་ཡི། །ལས་ཀུན་བྱེད་པའི་ཆུ་གཙང་དམ་པ་འདི། །རྒྱལ་བའི་ཞབས་ལ་ཞབས་བསིལ་འདི་ཕུལ་བས། །འགྲོ་ཀུན་བློ་བུར་དྲི་མ་དག་གྱུར་ཅིག། །སྔོན་གྱི་དེ་བཞིན་གཤེགས་པ་ལ། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །ཡོན་ཆབ་ཕུལ་བ་དེ་བཞིན་དུ། །བླ་མ་ཡི་དམ་རྒྱལ་བ་སྲས་བཅས་ལ། །མཉེས་པའི་ཡོན་ཆབ་འདི་ཕུལ་བས། །བདག་དང་ཁམས་གསུམ་སེམས་ཅན་སྡིག་སྒྲིབ་དག་གྱུར་ཅིག། སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུྃ་སྭཱཧཱ། ཅེས་སྐུ་ཁྲུས་གསོལ། དེ་ནས་ཁ་ཟས་མི་ཐོབ་པའི་ཡི་དྭགས་རྣམས་ལ་ཆུ་སྦྱིན་པར་བྱ་སྟེ། རང་སྐད་ཅིག་གིས་པད་མ་ཉི་ཟླའི་སྟེང་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁར་ས་པ་ཎི་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཞབས་ཕྱེད་ཀྲུང་ཐུགས་ཀར་དུ་བཞུགས་པ། ཕྱག་གཡས་མཆོད་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་མེ་ཏོག་པདྨའི་ཡུ་བ་ཐུགས་ཀར་བཟུང་བ་སྙན་གཡོན་པའི་ཐད་དུ་ཁ་བྱེ་བ། རིན་པོ་ཆེའི་རྒྱན་དུ་མ་དང་ལྡན་པར་བསྒོམ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱིཿདཀར་པོ་ཚེག་དྲག་དང་ལྡན་པ་ཅིག་བསམ། ཕྱག་གཡས་པའི་མཐིལ་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ། དེ་ཡོངས་སུ་གྱུར་པ་ལས་བདུད་རྩི་འོ་མའི་རྒྱ་མཚོར་བསམ། ཐུགས་ཁའི་ཧྲིལས་འོད་འཕྲོས་པས། ཡི་དྭགས་མ་ལུས་པ་འོད་ཟེར་གྱིས་བཀུག་ནས་རང་གི་མདུན་དུ་སྤུང་གིས་བྱུང་བར་བསམ་ལ། མ་ཎི་བརྒྱ་རྩ་བརྗོད། ངག་ཏུ། ཨོཾ་ཨཱཿཧཱིཧཱུྃ། ཅེས་ཉེར་གཅིག་བརྗོད་ཅིང་ཆུ་རྒྱུན་མ་ཆད་པར་བླུག་ལ། འཕགས་པ་སྤྱན་རས་གཟིགས་ཕྱག་གཡས་ཀྱི་བདུད་རྩིའི་རྒྱ་མཚོ་ནས།བདུད་རྩི་འོ་མ་ལྟ་བུ་སྲིན་ལག་རྩེ་ལ་བབས་ཏེ། ཡི་དྭགས་རྣམས་ཀྱིས་འཐུངས་ཤིང་ཁྲུས་བྱས་པས་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་ཐར་བར་བསམ་མོ། །མགོན་པོ་སྤྱན་རས་གཟིགས་དབང་གི། །ཕྱག་ནས་བབས་པའི་ཆུ་རྒྱུན་འདིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ཏེ། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ཨོཾ་ཛཱ་ལ་མི་ཏ་སརྦ་པྲ་ཏ་བྷ་སཱཧཱ། ཅེས་ལན་བདུན་བརྗོད་ཅིང་། ཆུ་ཐིགས་པ་བདུན་དང་། སེ་གོལ་བདུན་བསྡབས་ལ། ཀོག་ཀོག་མ་ཡི་གཙོ་བྱས་པའི། །ཡི་དྭགས་མ་ལུས་འཁོར་བཅས་ལ། །ཆུ་ཡི་སྦྱིན་པ་འདི་བཏང་བས། །རྐྱེན་དང་བར་གཅོད་ཞི་གྱུར་ནས། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ཅེས་བརྗོད། བར་དོ་ཆུ་སྦྱིན་ནི། ཀཾ་ཀ་ནི་བརྗོད་ཅིང་། སྲིད་པ་བར་དོ་ན་གནས་པའི་སེམས་ཅན་ཐམས་ཅད་བཀྲེས་སྐོམ་གྱི་སྡུག་བསྔལ་དང་བྲལ་ནས། བར་དོར་དཀོན་མཆོག་གསུམ་རྗེས་སུ་དྲན་ཏེ། བར་དོ་གསོད་གཅོད་ཀྱི་སྡུག་བསྔལ་མཐའ་དག་དང་བྲལ་ནས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་གྱུར་ཅིག །རིགས་དྲུག་ཆུ་སྦྱིན་ནི། ཨོཾ་དྷུ་རུ་དྷུ་རུ་ཧཱིཿད་ཛཱ་ལ་ནི་ཧཱུཾ། ཐམས་ཅད་མཁྱེན་པའི་ཞལ་ནས་གསུངས་པ་ཡི། །དམ་ཆོས་བདུད་རྩི་བསལ་བའི་རོ་མཆོག་འདི། །ཉོན་མོངས་འབར་བ་མེ་ཡིས་གདུངས་པ་ལ། །འགྲོ་ཀུན་ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ཅེས་བརྗོད་ལ་གཏོར་མ་ས་གཙང་སར་གཏོར་རོ། །དེ་ནས་ཞལ་ཟས་འབུལ་བར་བྱ་སྟེ། རང་ཡི་དམ་དུ་གསལ་བའི་ངང་ནས། ཞལ་ཟས་དེ་ཉིད་སཱབྷཱ་ཝས་སྐྱོན་དང་དྲི་མ་དག་པར་བསམ་ལ། ཡི་གེ་གསུམ་གྱི་རོ་བརྒྱ་དང་ལྡན་པར་བསམ་ལ། མཆོད་ཅིག་སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །འབྲས་ཆེན་དག་དང་དེ་བཞིན་གཙང་མའི་བཤོས། །སྣ་ཚོགས་གཡོས་ཀྱི་བྱེ་བྲག་དཔག་མེད་པ། །སྦྱར་བའི་ཞལ་ཟས་རོ་མཆོག་ལྡན་པ་ཀུན། །སྐྱེ་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །ཨོ་གུ་རུ་སརྦ་ཏ་ཐཱ་ག་ཏ་ནེ་ཝི་ཏྱཾ་པཱུ་ཙ་མེ་ག་ས་མུ་ཏྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། །རོ་མཆོག་བརྒྱ་དང་ལྡན་པའི་ཞལ་ཟས་མཆོག། ཕུན་ཚོགས་ཐམས་ཅད་འབྱུང་བ་བདུད་རྩིའི་རིགས། །བསམ་གཏན་རང་བཞིན་རྒྱལ་བའི་ལྗགས་ལ་འབུལ། །འགྲོ་ཀུན་ཏིང་འཛིན་ཟས་ཀྱིས་འཚོ་བར་ཤོག །ཅེས་བརྗོད་ལ་འབུལ་ལོ། །བླ་མ་དང་དཀོན་མཆོག་གི་དྲུང་དུ་མཆོད་ཡོན་དང་ཞལ་ཟས་ཕུལ་བ་ལ་བརྟེན་ནས་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་ཚོགས་གཉིས་བསགས་སྒྲིབ་གཉིས་སྦྱངས། འབྲས་བུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །གོང་མའི་ཞལ་རྒྱུན་ལྟར་བྲིས།། །།
༈ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བརྒྱ་རྩ་གཏོང་བར་འདོད་པས། རང་སྐད་ཅིག་གིས་སྟོང་པའི་ངང་ལས། པད་ཟླའི་སྟེང་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཕྱག་གཡས་པ་ས་གནོན། གཡོན་པ་མཉམ་བཞག །དབུའི་གཙུག་ཏོར་མཐོན་མཐིང་སེམས་ཅན་གྱིས་ལྟར་མི་མངོན་པ། སྐུ་ལ་ན་བཟའ་ངུར་སྨྲིག་གི་རྒྱལ་མཚན་གསོལ་བ། སྤྲུལ་པ་སྐུའི་མཚན་ཉིད་དང་ལྡན་པར་བསྒོམས་ལ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མཧཱ་མུ་ནེ་ཡེ་སྭཱཧཱ། ཅེས་མང་དུ་བཟླས། དེ་ནས་གཏོར་མ་སཱབྷཱ་ཝས་སྐྱོན་དང་དྲི་མ་དག །ཡི་གེ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཅེས་བདུན་ནམ་ལྔའམ་གསུམ་དང་། ན་མཿས་པ་རི་ཝ་ར་ཨརྒྷཾ་ལ་སོགས་པ་བརྗོད་ལ། མཆོད་སྦྱིན་གྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད། དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་འབུལ་ལོ། །བདག་སོགས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བྱིན་གྱིས་བརླབས་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་མཛད་དུ་གསོལ། །གཉིས་པ་ནས། བསང་སྦྱངས་བྱིན་རླབས། ཨརྒྷཾ་ལ་སོགས་ཀྱི་མཐར། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་བདེ་མཆོག་འཁོར་ལོ། དགྱེས་པ་རྡོ་རྗེ། མཧཱ་མ་ཡ། རྡོ་རྗེ་གདན་བཞི། རྡོ་རྗེ་གཏུམ་པོ། འཇིགས་བྱེད་ཕུར་པ་ལ་སོགས་པ་གསང་སྔགས་གསར་རྙིང་། ཞི་ཁྲོ་སྤྲུལ་པའི་ལྷ་ཚོགས། བྱ་བའི་ས་དང་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལ་སོགས་པ་རྒྱུད་བཞིའི་ལྷ་ཚོགས་རྣམས་དང་། མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ལ་འབུལ་ལོ། །མཆོག་ཐུན་མོང་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། གསུམ་པ། དཔལ་ཡེ་ཤེས་ཀྱི་མགོན་པོ། སྐུའི་མགོན་པོ། གསུང་གི་མགོན་པོ། ཐུགས་ཀྱི་མགོན་པོ། ཡོན་ཏན་གྱི་མགོན་པོ། འཕྲིན་ལས་ཀྱི་མགོན་པོ། ཞལ་གཅིག་ཕྱག་བཞི་པ། ཡུམ་ཙཎྜི་ནག་མོ། ལས་མགོན་བྱ་རོག་གདོང་ཅན་སྡེ་ལྔ། སྒོ་འཚམས་སྐྱོང་བའི་མཁའ་འགྲོ་སྡེ་བརྒྱད། ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བའི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །སྤྱིར་སངས་རྒྱས་ཀྱི་བསྟན་པ་བསྲུངས། དཀོན་མཆོག་གི་དབུ་འཕངས་བསྟོད། བླ་མའི་སྐུ་ཚེ་བསྲིངས། དགེ་འདུན་གྱི་སྡེ་སྐྱོང་། ཁྱད་པར་དུ་ཡང་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་ཕྱི་ནང་གི་བར་གཅོད་བསྲུང་བའི་འཕྲིན་ལས་མཛད་དུ་གསོལ། བཞི་པ་ནས། བསང་སྦྱངས་བྱིན་གྱིས་བརླབ་པ་སོགས་རིམ་པ་བཞིན་བྱས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ།། གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། སྐུ་འཇམ་ཀླས་ལ་ཕྱག་འཚལ་ལོ། །འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཅེས་བརྗོད་ལ། ལྷན་ཅིག་སྐྱེས་པའི་ལྷས་གཙོ་བྱས་པའི་རི་རབ་ཀྱི་ཁོང་བསེང་དང་རྒྱ་མཚོ་གླིང་བར་ན་གནས་པའི་ལྷ་དང་དྲང་སྲོང་བྲམ་ཟེའི་རིགས་སུ་གྱུར་པ། ཁྲུས་དང་གཙང་སྦྲ་ལ་དགའ་བ་རྣམས་དང་། གཙང་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ། བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ལ་སོགས་པ། དཀར་པོ་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་འབུལ་ལོ། །ཆོས་དང་མཐུན་པའི་སྨོན་ལམ་རྣམ་དག་པ་གདབ་ཏུ་གསོལ། ལྔ་པ། གནས་པོ་ཆེན་པོ་གཞིའི་བདག་པོ། ཇོ་བོ་རྩེའོ། གངས་བ་བཟང་པོ། མི་སྔོན་རྟ་སྔོན། གཉན་ཆེན་ཐང་ལྷ། སྙོང་ཁའི་ཀླུ་བཙན། སྒོ་མོའི་བདུད་ནག །ལས་བྱེད་བཤན་པ་དམར་པོ་ལ་སོགས་པ། ཆོས་རྗེ་ཁུ་དབོན་རྣམས་ཀྱིས་བཀའ་དང་དམ་ལ་བཏགས་པའི་གཏེར་བདག །ཆོས་བདག །གནས་བདག་རྣམས་དང་། ས་ཕྱོགས་ཡུལ་ཕྱོགས་འདི་ཀུན་ན་གནས་པའི་ལྷ་མཐུ་བོ་ཆེ་རྣམས་ལ་འབུལ་ལོ། །གནས་འགྲོན་གྱི་དམ་ཚིག་བསྲུངས། དཔོན་སློབ་ཀྱི་རྟེན་འབྲེལ་བསྒྲིགས། གཞི་ཐམས་ཅད་ཆོས་ལྡན་དུ་སྐྱོང་བའི་འཕྲིན་ལས་མཛད་དུ་གསོལ། དྲུག་པ། བདག་གཞན་ཕ་མ་གཉིས་ཀྱིས་གཙོ་བྱས་པའི། འགྲོ་བ་རིགས་དྲུག། ལམ་རྒྱུད་ལྔ། སྐྱེ་བ་བཞིས་བསྡུས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་བསྔོའོ། །གང་ལ་གང་འདོད་སོགས། བདུན་པ། ཡི་དྭགས་ཀྱི་རྒྱལ་མོ་ཀོག་ཀོག་མས་གཙོ་བྱས་པའི། ཡི་དྭགས་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། སྒོ་ཁུང་གི་སྒྲིབ་པ་ཅན། སྤྱི་མཐུན་གྱི་སྒྲིབ་པ་ཅན་ལ་སོགས་པ་ཐམས་ཅད་ལ་བསྔོའོ། །གང་ལ་གང་འདོད་མཉམ་པོར་ཐོབ་པར་གྱུར་ཅིག །བརྒྱད་པ། ཡི་དྭགས་ཀྱི་རྒྱལ་མོ་གཟི་བརྗིད་མས་གཙོ་བྱས། མཁའ་ལ་རྒྱུ་བ་སྟོབས་ཀྱི་དྲེགས་པ་ཅན། གང་གཱ་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་ཐམས་ཅད་ལ་བསྔོའོ། །གང་ལ་གང་འདོད་ཀྱི་ལོངས་སྤྱོད་ཆར་བཞིན་འབབ་པར་གྱུར་ཅིག །དགུ་པ། ཡི་དྭགས་བྱིངས་ན་གནས་པ། ཁ་ཐོར་ན་གནས་པ། སྲིད་པ་བར་དོ་ན་གནས་པའི་སེམས་ཅན་ཐམས་ཅད་ལ་བསྔོའོ། །གང་ལ་གང་འདོད་ཀྱི་ལོངས་སྤྱོད་ཆར་བཞིན་འབབ་པར་གྱུར་ཅིག །བཅུ་པ། ཡི་དྭགས་ཁས་ཞན་ཅིང་དབང་ཆུང་བ། བློ་བུར་དུ་ལྷགས་པ། ལྷག་མ་དང་བཤལ་ཆུ་ལ་རེ་བ། ཞ་བོས་མ་ཐོབ་ཟེར་བ། ཐེང་པོས་མ་སླེབ་ཟེར་བ། འོན་པས་མ་ཐོས་ཟེར་བ། ལོང་བས་མ་མཐོང་ཟེར་བ། མདོར་ན་མཐོ་སྲིད་པའི་རྩེ་མོ་ནས། དམག་འཇག་མིག་གི་སྲིན་བུ་ཡན་ཅད་ཀྱི་མཉམ་པོར་ཐོབ་པར་གྱུར་ཅིག །བཀྲེས་སྐོམ་གྱི་སྡུག་བསྔལ་མཐའ་དག་དང་བྲལ་ནས། ཐེང་པོ་རྣམས་རྫུ་འཕྲུལ་གྱི་ཞབས་དང་ལྡན་པར་གྱུར་ཅིག །འོན་པ་རྣམས་ཆོས་ཀྱི་སྒྲ་ཐོས་པར་གྱུར་ཅིག །ལོང་བ་རྣམས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་གྱུར་ཅིག །བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་ཅིག །ལྷག་མ་ཆ་བརྒྱད། བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀ །བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག །སྟེང་ལྷའི་གདོན། འོག་ཀླུའི་གདོན། བར་མིའི་གདོན། བྱིས་པའི་གདོན་ཆེན་བཅོ་ལྔ་ལ་སོགས་པ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཐམས་ཅད་ཀྱིས་མཉམ་པོར་ཐོབ་པར་གྱུར་ཅིག །གཞན་ཡང་ལན་ཆགས་སྙོག་པ་ནི། བསད་པས་ཚེ་ཐུང་བའི་ལན་ཆགས། བརྡུངས་པས་ནད་མང་བའི་ལན་ཆགས། སྐུ་འཕྲོག་དབུལ་འཕོངས་ཀྱི་ལན་ཆགས། ཕ་མ་བུ་ཚའི་ལན་ཆགས། མཐོ་བ་མཁར་གྱི། དམའ་བ་ཞིང་གི༴ །འབྲུ་ནོར་བང་མཛོད་ཀྱི༴ །བྱོལ་སོང་བཀོལ་སྤྱད་ཀྱི༴། གོས་བཟང་དར་ཟབ། དབྱིག་གསེར་དངུལ། གྲོགས་དགའ་མཛའ་གཉེན་ཉེ་བ་ལ་སོགས་པའི་ལན་ཆགས་དང་བུ་ལོན་ཐམས་ཅད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་བྱང་ཞིང་དག་པར་གྱུར་ཅིག །བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་དང་། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་འགྱུར་ཤོག །སྨོན་ལམ་གདབ་པ་ནི། ཕྱི་གདོན་གྱི་རིགས་སུ་གྱུར་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །ནང་འབྱུང་བའི་བར་གཅོད་དུ་གྱུར་པ་ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །ཏིང་ངེ་འཛིན་སེམས་ཀྱི་བར་ཆད་དུ་གྱུར་པ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །འཕྲལ་གྱི་རྐྱེན་དུ་གྱུར་པ། རྨི་ལམ་ངན་པ། མཚན་མ་ངན་པ། བལྟས་ངན་པ། ལོ་སྐེག །ཟླ་སྐེག །ཞག་སྐེག །དུས་མ་ཡིན་པར་འཆི་བ་དང་། གཞན་གྱི་བསམ་སྦྱོར་ངན་པ་ལ་སོགས་པ། མི་མཐུན་པའི་ཕྱོགས་རྐྱེན་དང་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག །མཐུན་པའི་ཕྱོགས་སུ་གྱུར་པ། ཚེ་འདི་ལ་ཡང་ཚེ་རིང་བ་དང་། ནད་མེད་པ་དང་འཁོར་ལོངས་སྤྱོད་ཕུན་སུམ་ཚོགས་པ། བསམ་པ་དང་དགོས་འདོད་ཐམས་ཅད་ཆོས་དང་མཐུན་པ་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐོང་གྱུར་ཅིག །འགྲོ་དྲུག་སེམས་ཅན་ཚིམ་གྱུར་ཅིག །ཕ་མ་ལ་སོགས་སེམས་ཅན་ལ། །ཚད་མེད་གཏོར་མ་འདི་བསྔོས་པས། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག། སརྦ་པཱིཏ་བུ་ཙྪ་གཙྪ། སྦྱིན་པ་རྒྱ་ཆེན་སོགས་བསྔོ་སྨོན་བྱའོ། །བརྒྱ་རྩའི་རིམ་པའོ།། །།