རྗེ་བཙུན་མི་ལའི་སྨོན་ལམ།
༄༅། །རྗེ་མི་ལའི་སྨོན་ལམ་བཞུགས་སོ།།
༄༅། །རྗེ་ནཱ་རོའི་བུ་བརྒྱུད་ཐར་པའི་ལམ། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །བདུད་འཇིག་རྟེན་གྱི་གཡེང་བས་མི་གཡེང་བར། །སྒོམ་མཉམ་བཞག་གི་བསམ་གཏན་འཕེལ་བར་ཤོག། །ཞི་གནས་ཀྱི་རྫིང་ལ་མི་ཞེན་པར། །ལྷག་མཐོང་གི་མེ་ཏོག་འཁྲུངས་པར་ཤོག། །སྤྲོས་བཅས་གྱི་ཙབ་ཙུབ་མི་ལྡང་པར། །སྤྲོས་མེད་ཀྱི་ལོ་འདབ་རྒྱས་པར་ཤོག། །སྒྲུབ་ཁང་དུ་ཡིད་གཉིས་མི་སྐྱེ་བར། །ཉམས་རྟོགས་ཀྱི་འབྲས་བུ་སྨིན་པར་ཤོག། །བདུད་རིགས་ཀྱིས་བར་གཅོད་མི་ནུས་པར། །རང་སེམས་ལ་ངེས་ཤེས་འདྲོངས་བར་ཤོག། །ཐབས་ལམ་ལ་ཐེ་ཚོམ་མི་སྐྱེ་བར། །ཕ་རྗེས་བུ་ཡིས་ཟིན་བར་ཤོག།
༈་ །རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཕ་སྨོན་ལམ་མཐར་ཕྱིན་འགྲོ་བའི་མགོན། །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །འདིར་ཚོགས་གསན་ཅིག་བུ་སློབ་ཀུན། །ཁྱེད་རྣམས་བདག་ལ་བཀའ་དྲིན་ཆེ། །བདག་ཀྱང་ཁྱེད་ལ་བཀའ་དྲིན་ཆེ། །བཀའ་དྲིན་ཆེ་མཉམ་དཔོན་སློབ་རྣམས། །མངོན་དགའི་ཞིང་དུ་མཇལ་བར་ཤོག། འདིར་ཚོགས་ཡོན་བདག་ཐམས་ཅད་ཀྱང་། །ཚེ་རིང་ནད་མེད་བདེ་བར་ཤོག། །བསམ་པ་ལོག་པར་མི་སྐྱེ་ཞིང་། །ཆོས་མཐུན་བསམ་པ་འགྲུབ་པར་ཤོག། །ཡུལ་ཕྱོགས་འདི་ཡང་བཀྲ་ཤིས་ཤིང་། །མི་ནད་འཁྲུག་པ་ཞི་བ་དང་། །ལོ་ལེགས་འབྲུ་འཕེལ་བདེ་སྐྱིད་དང་། །ཀུན་ཀྱང་ཆོས་ལ་སྤྱོད་པར་ཤོག། བདག་གི་ཞལ་མཐོང་གསུང་ཐོས་དང་། །རྣམ་ཐར་ཡིད་ལ་དྲན་པ་དང་། །མཚན་ནམ་རྣམ་ཐར་ཐོས་ཚད་རྣམས། །མངོན་དགའི་ཞིང་དུ་མཇལ་བར་ཤོག །གང་ཞིག་བླ་མའི་རྣམ་ཐར་ལ། །སྤྱོད་ཅིང་སྒྲུབ་པ་བྱེད་པ་དང་། །འབྲི་ཞིང་འཆད་ཉན་བྱེད་པ་དང་། །ཀློག་དང་ཕྱག་མཆོད་འབུལ་བ་དང་། །རྣམ་ཐར་ཚུལ་བཞིན་སྐྱོང་བ་རྣམས། །མངོན་དགའི་ཞིང་དུ་མཇལ་བར་ཤོག། མ་འོངས་གང་ཟག་ཐམས་ཅད་ཀྱིས། །གལ་ཏེ་བསྒོམ་པ་ནུས་སྲིད་ན། །མི་ཁོ་བོས་དཀའ་བ་སྤྱད་སྤྱད་ནས། །གེགས་དང་གོལ་ས་མེད་པར་ཤོག། །ཆོས་ཕྱིར་དཀའ་ཐུབ་སྤྱོད་པ་ལ། །བསོད་ནམས་དཔག་ཏུ་མེད་པ་ཡོད། །དེ་ལ་འཇུག་ཅིང་བསྐུལ་བ་ལ། །བཀའ་དྲིན་དཔག་ཏུ་མེད་པ་ཡོད། །མི་ཁོ་བོའི་རྣམ་ཐར་ཐོས་པ་ལ། །བྱིན་རླབས་དཔག་ཏུ་མེད་པ་ཡོད། །དཔག་མེད་གསུམ་གྱི་བྱིན་རླབས་ཀྱིས། །ཐོས་པ་ཙམ་གྱིས་གྲོལ་གྱུར་ནས། །བསམ་པ་ཙམ་གྱིས་འགྲུབ་པར་ཤོག། །བདག་གི་གནས་དང་གནས་མལ་དང་། །དངོས་པོ་མཆིས་པ་ཐམས་ཅད་ཀྱིས། །གར་སོང་ཡུལ་དུ་བདེ་སྐྱིད་ཤོག། །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་འབྱུང་བས་གར་ཁྱབ་པ། །དེ་བཞིན་བདག་གིས་ཁྱབ་པར་ཤོག། །ལྷ་ཀླུ་ལ་སོགས་སྡེ་བརྒྱད་དང་། །དེ་བཞིན་གཞི་བདག་འབྱུང་པོའི་ཚོགས། །གནོད་པ་སྐད་ཅིག་མི་འབྱུང་ཞིང་། །བསམ་པ་ཆོས་འཁོར་བར་མི་ལྟུང་ཞིང་། །མ་ལུས་བདག་གིས་འདྲེན་པར་ཤོག། །།