རྡོ་བཟོ།

Wikipedia ལས།

༉ ང་བཅས་རའི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ལུ་ དུས་རབས་ ༧ པའི་ནང་ གཙུག་ལག་ཁང་འགོ་དང་པ་ བུམ་ཐང་བྱམས་པ་ལྷ་ཁང་དང་ སྤ་རོ་སྐྱིད་ཆུ་ལྷ་ཁང་གཉིས་བཞེངས་གནང་པའི་སྐབས་ ལྷ་ཁང་གི་འོག་གི་རྨང་གཞི་ལས་འགོ་བཟུང་སྟེ་ཐོག་གཡབ་ཚུན་ རྡོ་རྩིག་ལུ་གཙོ་བོར་བཟུང་སྟེ་བཞེངས་ཡོདཔ་ལས་ རྡོ་བཟོ་རིག་པ་འདི་ དེ་བསྒང་ལས་རང་བྱུང་སྟེ་ཡོདཔ་ཨིན་པས། དེ་མ་ཚད་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ ལྷའི་ཞལ་ཡས་ཁང་དང་རྒྱལ་པོའི་ཕོ་བྲང་། ཐུགས་རྟེན་མཆོད་རྟེན། ཕྱིའི་ལྕགས་རི་དང་ནང་གི་རྡོ་གཅལ། འཇིག་རྟེན་ཕལ་པའི་ཁྱིམ་དང་ ཐ་ན་ས་ཞིང་གི་རཝ་ཅིག་ལས་འགོ་བཟུང་སྟེ་ རྡོ་བཟོ་རིག་པ་ལུ་བརྟེན་ཏེ་བཟོ་སྲོལ་ཡོདཔ་ལས་ རྡོ་བཟོ་རིག་པ་འདི་ ང་བཅས་ཚུ་ལུ་ ཉེ་བར་མཁོ་བའི་རིག་པ་ཅིག་ཨིན། དེ་ལས་ དུས་རབས་ ༩ པའི་ནང་ ལྷ་སྲས་གཙང་མ་འབྲུག་ལུ་བྱོན་པའི་བསྒང་འབྲུག་པའི་རྡོ་བཟོ་བོ་ཚུ་གིས་ཕོ་བྲང་ག་ར་ རྡོའི་མཁར་བརྩིགས་ཏེ་བཟོ་ཡོདཔ་ལས་ ལྷ་སྲས་གཙང་མའི་མཁར་ཟེར་བྱུང་ནུག། དེ་བཟུམ་སྦེ་ དུས་རབས་ ༡༡ པའི་ནང་ ལྷུན་རྩེ་རྫོང་ཁག་ ས་གནས་ཨུམ་གླིང་བང་སོ་ཟེར་སར་ བང་སོ་ཆོས་རྗེའི་ཕོ་བྲང་གི་ ཕྱི་ནང་དང་ཐོག་ཕུབ་ག་ར་ རྡོ་ལས་གྲུབ་སྟེ་ཡོད་མི་ དཔེར་ན་ ཅོག་ཙེ་དང་གདན་ཁྲི། ཉལ་ཁྲི་དང་སྣོད་གཞོང་ཚུ་ ད་ལྟོའི་བར་ན་ཡང་ སའི་འོག་ལུ་གནོད་སྐྱོན་ག་ནི་ཡང་མེད་པར་མཐོང་ནི་ཡོདཔ་ལས་ འབྲུག་ལུ་རྡོ་བཟོ་མཁས་པ་ཚུ་ དེ་བསྒང་ལས་ར་ཡོདཔ་ཨིནམ་ཤེས་ཚུགས་པས།
དེ་ལས་ དུས་རབས་ ༡༣ པའི་ནང་ རྒྱལ་བ་ལྷ་སྣང་པ་གིས་ ཐིམ་ཕུག་རྡོ་སྔོན་རྫོང་འདི་ཡང་ ནང་གི་ཕོ་བྲང་དང་ཕྱིའི་ལྕགས་རི་ཚུ་ག་ར་ རྡོ་རྩིག་ལས་གྲུབ་གྲུབ་ཨིནམ་མ་ཚད་ རྡོ་རྩིག་དེ་ཡང་ ཧེ་མ་དུས་ ༧ པའི་ནང་གི་རྡོ་རྩིག་ཚུ་དང་ཕྱདཔ་ད་ ཟུར་རྡོ་ཚུ་ཕྲང་ཏང་ཏ་ཡོད་པའི་ཁར་ རྡོ་ཟུར་གཉིས་ཀྱི་མཐུད་མཚམས་ཡང སྔར་བ་དྲགཔ་སྦེ་ཡོདཔ་ཨིན་པས། ད་རུང་ དུས་རབས་ ༡༤ པའི་ནང་ ཕ་ཇོ་འབྲུག་སྒོམ་ཞིག་པོའི་སྲས་ཉི་མ་གི་གདན་ས་ ལྕང་སྒང་ཁའི་ནང་ན་གི་འདུ་ཁང་འདི་ཡང་ ལོ་ངོ་ ༧༠༠ དེ་ཅིག་སོང་བའི་ རྡོ་རྩིག་ངོ་མ་ཨིནམ་དང་ དུས་རབས་ ༡༥ པའི་ནང་ གཏེར་སྟོན་པདྨ་གླིང་པའི་གདན་ས་བུམ་ཐང་ཀུན་བཟང་བྲག་གི་དགོན་པ་ཡང་ རྡོ་རྩིག་ཨིན་རུང་ དུས་རབས་ ༢༠ དེ་ཅིག་གི་ནང་ལས་འབད་བ་ཅིན་ ཟུར་རྡོ་ཡང་སྲ་ཀྲག་ཀྲ་དང་ དམིགས་གསལ་གྱི་ཟུར་རྡོ་བཏོན་ནིའི་དོན་ལུ་ སྟ་ཅུང་གིས་གཞོགས་ཏེ་ ཟུར་རྡོ་ལེགས་ཤོམ་བཟོ་བསྒྲུབ་འབད་ནི་འགོ་བཙུགས་ནུག། དེ་ཚུ་ལུ་བལྟ་བ་ཅིན་ རྡོ་བཟོ་རིག་པ་འདི་ ང་བཅས་རའི་རྒྱལ་ཁབ་ནང་ སྔོན་བྱོན་རྒྱལ་བ་གོང་མའི་སྐབས་ལས་ར་དར་ཡོད་རུང་ དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ མིའི་རིག་པ་ཡང་གོང་དུ་འཕེལ་ཏེ་ བཟོ་བཀོད་འདི་ཚུ་ཡང་ ལེགས་བཅོས་འབད་ཡི་ར་ དར་ཁྱབ་བྱུང་སྟེ་ཡོད་པའི་བཟོ་རིག་ཅིག་ཨིན།
ལྷ་ཁང་དང་དགོན་སྡེ། རྫོང་གཞིས་དང་འཇིག་རྟེན་པའི་ཁང་ཁྱིམ། རཝ་དང་ལྕགས་རི་ཚུ་ ཆེ་ཆུང་ག་ཅི་བཟུམ་བརྩིགས་རུང་ རྡོའི་དབྱེ་བ་མ་འདྲཝ་ལེ་ཤ་ཡོདཔ་ཨིན། དཔེར་ན་ ཁྱིམ་གྱི་གཞི་འགྱམ་བརྟན་ཏོག་ཏོ་འོང་ནིའི་དོན་ལུ་ རྡོ་སྲ་ཀྲག་ཚུ་ལུ་ རྨང་རྡོ། རྨང་རྡོའི་ཐོག་ཁ་ལས་ རྡོ་ལེགས་ཤོམ་གྱིས་རྩིགཔ་ངོ་མ་འཐུ་མི་ལུ་ རྩིག་རྡོ། ཁྱིམ་གྱི་ཟུར་བཞི་བརྩིག་ནིའི་དོན་ལུ་ རྡོ་གྲུ་བཞི་ཟུར་དང་ལྡན་པ་འདི་ལུ་ ཟུར་རྡོ། རྩིག་བཟོ་ཕྲང་ནིའི་དོན་ལུ་དང་ རྩིགཔ་ཕྱི་ནང་རིམ་པ་གཉིས་ཀྱི་བར་ན་ ས་སྟོང་བསུབ་ནིའི་དོན་ལུ་ རྡོ་ཆུང་། ཁྱིམ་དང་ལྷ་ཁང་། རྫོང་གཞིས་ཚུ་གི་གདོང་ཁར་ཐང་དང་ བར་ཁྱམས་མཐའ་སྐོར་ཚུ་ནང་ རྡོ་ལེབ་གཤིབ་མི་དེ་ལུ་ གཅལ་རྡོ་དང་ ཧེ་མའི་དུས་ལུ་འབད་བ་ཅིན་ ཁྱིམ་ཐོག་བཀབ་ནིའི་དོན་ལུ་ རྡོ་ལེབ་ལ་སོགས་པའི་ལྷམ་པ་མ་འདྲཝ་ལེ་ཤ་ཡོདཔ་ཨིན། རྡོ་རྩིག་ཚུ་ཡང་ མིག་ཁར་མཛེས་ནི་དང་ ཕྲང་ཏང་ཏ་འོང་ནིའི་དོན་ལུ་ རྩིག་བཟོའི་རྩིག་ཐིག་ལུ་བརྟེན་ཏེ་ ག་ནི་བ་མཛེས་ཏོག་ཏོ་སྦེ་རྐྱབ་སྲོལ་ཡོདཔ་ཨིན། གཞན་ཡང་ རྡོ་བཟོཔ་ཚུ་གིས་ རྡོ་རང་འབྱུང་ལས་ ཆུམ་བརྡུང་ནི་གི་རྡོའི་ལྷིའུ་དང་ ཕྱེ་དང་ཁ་རང་ཚུ་འཐག་ནིའི་རང་འཐག་དང་ཆུ་འཐག་ལ་སོགས་པའི་ཉེ་བར་མཁོ་བའི་ཅ་ཆས་ དང་ཕུའི་དུས་ལུ་ཁྱབ་ཆེ་ཏོག་ཏོ་སྦེ་ལག་ལེན་འཐབ་ཡོད་པའི་ཁར་ ད་རེས་ནངས་པར་ཡང་ མཐའ་ཟུར་གྱི་གཡུས་སྒོ་ཚུ་ནང་ མཐོང་ནི་ཡོད་མི་ཚུ་ག་ར་ རྡོ་བཟོ་མཁས་པ་ཚུ་གིས་བཟོ་བཟོཝ་གི་ཤུལ་བཞག་ཨིན་མས།
མདོར་བསྡུ་བ་ཅིན་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ རྫོང་གཞིས་དང་ ལྷ་ཁང་། དགོན་སྡེ་དང་འཇིག་རྟེན་པའི་ཁང་ཁྱིམ། གཞན་ཡང་ ཐུགས་རྟེན་མཆོད་རྟེན་དང་ སྔོན་གྱི་དུས་ལུ་ འཕྲུལ་རིགས་ཀྱི་གོང་འཕེལ་མ་འགྱོ་བའི་སྐབས་ཉེ་བར་མཁོ་བའི་རང་འཐག་དང་ཆུ་འཐག། རྡོ་གཞོང་དང་རྡོའི་ལྷིའུ་ལག་ལེན་འཐབ་ཡོད་མི་ཚུ་ ས་གནས་ལ་ལུ་ཅིག་ནང་ ད་རེས་ནངས་པར་མཐོང་སྲོལ་ཡོད་མི་འདི་ རྡོ་བཟོ་རིག་པ་ལས་བརྟེན་ཏེ་ བྱུང་བྱུངམ་ཨིན་མས། དེ་མ་ཚད་ ང་བཅས་རའི་དཔལ་ལྡན་འབྲུག་པའི་རྫོང་གཞིས་དང་ལྷ་ཁང་ཚུ་ དེང་སང་གི་འཛམ་གླིང་ནང་གི་ཁྱིམ་གྱི་བཟོ་བཀོད་དང་ཅ་ཆས་ཚུ་ རྩ་ལས་ལག་ལེན་མ་འཐབ་པར་ རྡོ་དང་ཤིང་གིས་བསྒྲུབས་ཏེ་ཡོད་མི་ཚུ་ དང་ཕུ་ལས་དར་ཏེ་ཡོད་པའི་ དཔལ་ལྡན་འབྲུག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཟང་པོ་ཅིག་ཨིན་ནོ།

ཁུངས་གཏུག།[ཞུན་དག།]

  1. ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་། (༢༠༠༤) ལྷོའི་ཆོས་འབྱུང་འཇམ་མགོན་སྨོན་མཐའི་ཕྲེང་བ། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
  2. མཁན་པོ་ཕུན་ཚོགས་བཀྲ་ཤིས། (༢༠༠༣) འབྲུག་གི་བཟོ་རིགས་བཅུ་གསུམ་གྱི་བཤད་པ་མཁས་པའི་དགའ་སྟོན། ཐིམ་ཕུག། སྐལ་བཟང་གཞན་ཕན།
"https://dz.wikipedia.org/w/index.php?title=རྡོ་བཟོ།&oldid=29393" ལས་ སླར་འདྲེན་འབད་ཡོདཔ།