ལ་ཡག་པའི་ཨའུ་ལེགས། Highlanders harvest tribute

Wikipedia ལས།
(ལ་ཡག་པའི་ཨའུ་ལེགས། ལས་ ལོག་བཏང་ཡོདཔ་)

མགར་ས་རྫོང་ཁག་གི་ཆ་འོག་ལུ་ཡོད་མི་ ལ་ཡག་གཡུས་ཚན་ནང་ལུ་ ཨའུ་ལེགས་ཟེར་བའི་ལུགས་སྲོལ་ཅིག་བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན་མས། དེ་ཡང་ མི་སེར་སོ་ནམ་པ་ཚུ་གིས་  ཁོང་རའི་ཞིང་ནང་ལས་ཐོན་པའི་ལོ་ཐོག་གི་ཕུད་འདི་ ཨོམ་ཆུ་བཀྲ་ཤིས་ལྷ་ཁང་ནང་ལུ་ ཞབས་དྲུང་རིན་པོ་ཆེའི་སྐུ་མདུན་ལུ་ཕུལ་ཏེ་འགོ་བཙུགསཔ་ཨིན་མས། དེ་ཡང་ དཔལ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ འབྲུག་ལུ་ཡ་མཚན་ཅན་གྱི་མཛད་བྱ་བཟང་པོ་ཚུ་ ཁ་བཤད་ཀྱི་སྒོ་ལས་སྦེ་བསྟོད་པ་ཕུལཝ་ཨིན།

དེ་སྦེ་འབད་དགོ་མི་འདི་ཡང་ ཧེ་མ་སྤྱི་ལོ་ ༡༦༡༦ གི་ལོ་ལུ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་རིན་པོ་ཆེ་མཆོག་ ཆིབས་ཁ་ལྷོ་ལུ་བསྒྱུར་བའི་བའི་སྐབས་ འབྱོན་ལམ་རྫ་རོང་དང་ཁ་བའི་ནང་ལུ་ དཀའ་ངལ་སྦོམ་གྱི་སྒོ་ལས་འབྱོན་དགོཔ་ཐོན་ནུག། དེ་ལས་ ལ་ཡག་ལུ་ཕེབས་ཏེ་ ལ་ཡགཔ་ཅོང་ར་ལྷག་པ་ཚེ་རིང་གི་ཁྱིམ་ནང་ཕེབས་ཏེ་བཞུགསཔ་ད་ ལྷ་སྲིན་སྡེ་བརྒྱད་ཚུ་གིས་ མི་ལུ་གནོད་རྐྱེན་སྦོམ་སྦེ་ར་རྐྱབ་དོ་ཡོདཔ་ལས་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ ལྷ་འདྲེ་ཚུ་བཏུལ་ནིའི་དོན་ལུ་ ད་རེས་ནངས་པ་ ལ་ཡག་ལུ་རྐྱབ་སྲོལ་ཡོད་པའི་ལ་ཡག་པའི་ཨའུ་ལེགས་ཟེར་བའི་གླུ་ དུས་དང་ཕུ་བསྐལ་པའི་ཡར་ཚེ་ན།། ཟེར་མི་འདི་ཞབས་དྲུང་རིན་པོ་ཆེ་མཆོག་གིས་གསུངས་གནང་གནངམ་ཨིན་མས།

དེ་ཡང་ ཞབས་དྲུང་རིན་པོ་ཆེ་གིས་ ཧེ་མ་བསྐལ་ཆགས་པའི་བསྒང་གི་ལོ་རྒྱུས་ཚུ་ག་ར་ བརྩམས་བཞག་སྟེ་ཡོདཔ་ཨིན་མས། དེ་ནང་ ཁྱིམ་ནང་འཛུལ་ནའི་ཨེ་ཁུག། སྒོ། འཐིང་གཞི། ཐབ། འབྱོག་པའི་གནས་སྟངས་ ཞབས་དྲུང་རིན་པོཆེ་ བྱོན་པའི་སྐོར་ལས་ འབྲུག་པའི་འདལ་ཤོག་བཟོ་ཐངས། འཛམ་གླིང་ཆགས་ཚུལ། རྫོང་བཞེངས་པའི་ལོ་རྒྱས། བྱའི་བཤདཔ། དེ་ལས་ ལྷ་ཆོས་སྐྱོང་སྲུང་མ་ཚུ་ལུ་ གསོལ་འདེབས་ཕུལ་བའི་སྒོ་ལས་མཇུག་བསྡུཝ་ཨིན་མས། ཁ་བཤད་འདི་འཐེན་ཡི་ར་ ཁྱིམ་ག་ར་མ་རྫོགས་ཚུན་ཚོད་ ཁྱིམ་རེ་རེ་ནང་སོང་སྟེ་ ཚིག་ཚུ་རྫོགས་རྫོགས་ར་འཐེནམ་ཨིན་མས།

ལ་ཡག་པའི་ཨའུ་ལེགས་རྐྱབ་སྲོལ་ཡོད་མི་འདི་ དུས་དང་ཕུ་ལས་ར་འགོ་བཙུགས་ནུག། དུས་སྟོན་འདི་ ད་ལྟོའི་བར་ན་ཡང་ ལོ་རེ་ནང་ཚར་རེ རང་ཟླ་ ༩ པའི་ཚེས་ ༡༥ ལུ་རྒེད་འོག་གི་རྒཔོ་དང་དམངས་ཀྱི་མི་སེར་ཚུ་གིས་ གཟའ་སྐར་ལེགས་ཤོམ་ཅིག་བལྟ་ཞིན་ན་ བརྩི་སྲུང་ཞུ་དོ་ཡོདཔ་ཨིན། དུས་སྟོན་བརྩི་སྲུང་འགོ་བཙུགས་སའི་ས་གོ་འདི་ཡང་ ལ་ཡག་ལུ་གཡུས་ཚན་མང་རབས་ཅིག་ཡོད་པའི་ནང་ལས་ ཞབས་དྲུང་རིན་པོ་ཆེ་བོད་ལས་མར་ འབྲུག་ལུ་བྱོན་ཏེ་གནསཔོ་བརྙ་སའི་ས་གོ་སྟོང་ར་ཟེར་སའི་གཡུས་ཚན་འདི་ནང་འབད་ནི་འདི་གིས་ གཡུས་དེ་ཁར་ལས་འགོ་བཙུགས་སྲོལ་ཡོདཔ་ཨིན། ཨའུ་ལེགས་འདི་འགོ་བཙུགས་པའི་ཉིནམ་འདི་ལས་ ལ་ཡག་པའི་གཡུས་ཕྱོགས་འདི་ཚུ་གིས་ ཆོས་སྐྱོང་བསྲུང་ནིའི་ཆང་ཕུད་བཙོ་ནིའི་དོན་ལུ་ ཁྱིམ་གུང་ཡོད་ཚད་ཅིགཔོ་ལས་ ཀར་བྲེ་གསུམ་རེ་བསྡུ་སྟེ་ ལྷ་ཁང་དེ་ཁར་ལ་ཡག་པའི་མི་སེར་ཕོ་མོ་རྒན་གཞོན་ཆེ་ཆུང་མེདཔ་ག་ར་འཛོམས། ཀར་ཕུད་འདི་ཡང་ཞབས་དྲུང་གི་སྐུ་ཞུ་ཡོད་སའི་གདོང་ཁར་འཇལ་དགོཔ་ཨིན་མས། ཨའུ་ལེགས་འདི་ སྡེ་ཚན་ཁག་གསུམ་ཡང་ན་བཞི་སྦེ་བགོ་ཞིནམ་ལས་རྐྱབ་ཨིན་མས།

ཨའུ་ལེགས་འདི་རྐྱབ་སྟེ་མཇུག་བསྡུ་ཚར་ཞིནམ་ལས་ ནང་གི་ཨམ་འདི་ཚུ་གི་དང་པ་ཨའུ་ལེགས་འདི་གཡུས་ཁའི་ལུགས་སྲོལ་ཅིག་དང་། གཉིས་པ་ཞབས་དྲུང་རིན་པོ་ཆེའི་བྱིན་རླབས། གསུམ་པ་ལུ་ ལ་ཡག་པའི་ལོ་བསྟར་ཚེས་བཅུ་བཟུམ་ཅིག་ཨིན་ཟེར་ ཇ་འཐུང་མི་ལུ་ཇ་དང་ ཆང་འཐུང་མི་ལུ་ཆང་དརངས་ཏེ་ ཇ་ཆང་ལ་སོགས་པ་ཚུ་ག་ར་ མ་བཏུབ་བཏུབ་སྦེ་བཅའ་སྒྲིག་རྐྱབ་བཞག་དོ་ཡོདཔ་ཨིན་མས། དེ་ལས་ ཇ་ཆང་གི་ལས་རིམ་འདི་གྲོལ་ཞིན་ན་ ཕོ་སྡེ་ཚན་གཅིག་དང་མོ་སྡེ་ཚན་གཅིག་སྦེ་བཟོ་ཞིནམ་ལས་ བློ་ཟེ་ཁྱད་འཇལ་དོ་ཡོདཔ་ཨིན་མས། དེའི་ཤུལ་ལས་ར་ རྟེན་འབྲེལ་གྱི་ཚུལ་སྦེ་ གླུ་གར་གྱི་མཆོད་པ་ཕུལ་ནིའི་དོན་ལུ་ གཞུང་སྒྲ་ལེའུ་ཐེངས་གསུམ་དང་བོད་སྒྲ་ལེའུ་ཐེངས་གསུམ་རེ་རྐྱབ་སྟེ་ ཁྱིམ་གུང་རེ་རེ་ནང་ལུ་ ཅོག་ར་གཅིགཔོ་སྦེ་རྐྱབ་སྟེ་མཇུག་བསྡུཝ་ཨིན་མས།

ལ་ཡག་པའི་ཨའུ་ལེགས་འདི་ གཙོ་བོ་ར་ གཡག་གི་འཕྲོད་བསྟེན་དང་སྲུང་སྐྱོབ་ཀྱི་དོན་ལུ་དང་། ཆར་ཆུ་དུས་ཚད་ཁར་འབབ་ནི་དང་ ལོ་ཐོག་རྟག་ཏུ་ལེགས་ནིའི་དོན་ལུ་ཨིན་མས། དེ་མ་ཚད་ བཟའ་ཚང་ནང་ དགའ་སྐྱིད་འོང་ཐབས་དང་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་ཤུལ་བཞག་ལུ་དགའ་ཚོར་གྱི་ཚུལ་བཟུམ་ཅིག་ཡང་ཨིན་མས།

རྒྱབ་རྟེན་དཔེ་ཐོ།

འབྲུག་གི་དངོས་་མེད་ལམ་སྲོལ. (༢༠༡༥).

Dorji, J. (2009). Lomba:The New Year in Paro Style.In Proceeding of the Fifth Colloquium on Tangible & Intangible Cultural Heritage,II. Paro.

samten. (n.d.). archaryasamten . Retrieved from https://archaryasamten.blogs pot.com.

nyencha course  pack for BLL & BHS third year.docx

དམ་ཆོས། ལྕོང་ར། དགར་ས། (༢༥/༨/༢༠༡༨)