Jump to content

ལཱ་ཝོས།

Wikipedia ལས།
ལ་ཝོ་གི་རྒྱལ་དར།

༉ ལཱ་ཝོས་རྒྱལ་ཁབ་འདི་ གཞུང་འབྲེལ་དུ་ ལཱ་ཝོས་མི་སེར་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཟེར་སླབ་ཨིན། རྒྱལ་ཁབ་འདི་ བྱང་ཕྱོགས་ལུ་ རྒྱ་ནག་དང་ ཤར་ཕྱོགས་ལུ་ ཝིཨེཏ་ནམ་ ལྷོ་ཕྱོགས་ལུ་ ཀམ་བོ་ཌི་ཡ་ ནུབ་ཕྱོགས་ལུ་ ཐའི་ལེནཌ་ དེ་ལས་ ནུབ་བྱང་ཕྱོགས་ལུ་ མའི་ཡན་མར་ཚུ་དང་ ས་མཚམས་ཡོདཔ་ཨིན། ལཱ་ཝོས་ལུ་ སྔོན་མའི་རྒྱལ་ཁབ་དང་ དབང་སྒྱུར་དབང་ལུགས་ དེ་ལས་ དེང་སང་གི་སྲིད་དོན་འགྱུར་བ་ཚུ་གིས ཤན་ཞུགས་འབད་བའི་ བྱུང་རབས་མང་རབས་ཅིག་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ལུ་ ཡིད་འཕྲོག་པའི་ རི་བོ་དང་ ནགས་ཚལ་སྟུག་དྲགས་ དེ་ལས་ མེ་ཀོང་གཙང་ཆུ་ཚུ་ཡོད་པའི་ཁར་ རྒྱལ་རབས་དང་ལམ་སྲོལ་ དེ་ལས་རང་བཞིན་གྱི་མཛེས་སྡུག་ཚུ་ཡོདཔ་ཨིན།

ལཱ་ཝོས་རྒྱལ་ཁབ་འདི་ རང་དབང་མ་ཐོབ་པའི་ཧེ་མ་ དུས་རབས་ ༡༤ པའི་ནང་ གཞི་བཙུགས་འབད་དེ་ཡོད་པའི་ དབང་ཚད་ཅན་གྱི་ ལཱན་ཟང་མངའ་སྡེ་གི་ཆ་ཤས་ཅིག་ཨིནམ་དང་ ཤུལ་ལས་ དུས་རབས་ ༡༩ པའི་ནང་ ལཱ་ཝོས་འདི་ ཕེརེནཆི་གི་དབང་འོག་ལུ་འགྱུར་ནུག། མར་སེ་ལོ་གཱ་མེ་རོ་ (Marcelo Gameiro, 2024) གིས་ ཝིཡཊ་ནམ་གི་དམག་འཁྲུག་སྐབས་ལུ་ (༡༩༦༤-༡༩༧༣) ཡུ་ཨེས་ཀྱིས་ རྫས་བམ་བཀོག་མི་ལུ་བརྟེན་ རྒྱལ་ཁབ་ནང་གི་གཞི་རྟེན་མཐུན་རྐྱེན་དང་དཔལ་འབྱོར་ དེ་ལས་ མི་རློབས་ལུ་འགྱུར་བ་སྦོམ་བྱུང་ནུག། ཟེར་བཀོད་དེ་འདུག། དམག་འཁྲུག་གི་ཤུལ་ལས་ (༡༩༧༠) ལོར་ ལཱའོ་མི་དམངས་གསར་བརྗེ་ཚོགས་པ་གིས་ དབང་ཚད་བཟུང་སྟེ་ དམངས་གཙོའི་གཞུང་གཞི་བཙུགས་འབད་ཞིནམ་ལས་ཚུར་ ཝི་ཡཊནམ་དང་ རྒྱ་ནག་དང་གཅིག་ཁར་ མཐུན་ལམ་དམ་ཟབ་བཞག་སྟེ་ རིམ་གྱིས་དཔལ་འབྱོར་སྒོ་ཕྱེས་ཏེ་ ཚོགས་པ་གཅིག་གི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ བདག་འཛིན་འཐབ་སྟེ་ཡོདཔ་ཨིན་པས། ལཱ་ཝོས་ཀྱི་ས་ཆ་ཀི་ལོ་མི་ཊར་གྲུ་བཞིམ་ (༢༣༦༨༠༠) ཡོད་པའི་ཁར་ ཤར་ལྷོ་ཨེ་ཤི་ཡ་ལུ་ རི་དང་ནགས་ཚལ་ དེ་ལས་ རྒྱལ་ཁབ་གཞན་ནང་བརྒྱུད་དེ་འགྱོ་བའི་ མེ་ཀོང་གཙང་ཆུ་ཡོད་པའི་ མཚོ་མཐའ་མེད་པའི་་རྒྱལ་ཁབ་ཅིག་ཨིན་པས། ལཱ་ཝོས་འདི་ གླང་པོ་ཆེའི་ས་ཆ་ཟེར་ཡང་སླབ་དོ་ཡོདཔ་དང་ གལ་གནད་ཅན་གྱི་ས་ཆའི་ཁྱད་ཆོས་གཞན་ ཨན་ན་མའིཊ་གངས་རི་ རྡོ་གི་ཕོརཔ་སྟོང་ཕྲག་ལས་བཅད་དེ་ཡོད་པའི་ ཡ་མཚན་ཅན་གྱི་གནའ་ཤུལ་གྱི་ས་ཁོངས་དང་ བོ་ལཱ་ཝེན་རི་ཐང་ཚུ་ཡོདཔ་ཨིན། (མར་སེ་ལོ་གཱ་མེ་རོ། Marcelo Gameiro, 2024) ཟེར་བཤད་དེ་འདུག།

ལཱ་ཝོས་ལུ་ མི་འབོར་ཧ་ལམ་ས་ཡ་ ༧.༥ ཡོད་པའི་ཁར་ རྒྱལ་ཁབ་འདི་ནང་ མི་རིགས་མ་འདྲཝ་ལེ་ཤ་ཡོདཔ་ལས་ མང་ཤོས་ར་ལཱ་ཝོས་ཀྱི་མི་རིགས་བརྒྱ་ཆ་ ༥༣ ཡོདཔ་དང་ དེ་གི་ཤུལ་ལས་ ཧ་མོང་དང་ ཁ་མུ་ དེ་ལས་ མི་རིགས་གཞན་མི་ ༥༠ ལྷགཔ་ཅིག་ཡོདཔ་ཨིན། ལཱ་ཝོས་འདི་ མངའ་སྡེ་ ༡༧ དང་ རྒྱལ་ས་ལྟེ་བ་གཅིག་ལུ་དབྱེ་སྟེ་ཡོདཔ་ཨིན། དེའི་ནང་ལས་ བི་ཡཱན་ཊི་ཡཱན་ ལུའང་པྲ་བང་ ཆམ་པ་སག་ ས་ཝན་ན་ཁེཊ་དང་ ཞེང་ཁོའང་ཚུ་ མངའ་སྡེ་གཙོ་བོ་ཨིན་མས། བརྡ་དོན་དང་ལམ་སྲོལ་ དེ་ལས་ལྟ་བཤལ་ལྷན་ཁག། (གནམ་ལོ་མེད་ ༢༠༢༥) གིས་ བི་ཡཱན་ཊི་ཡཱན་འདི་ ཁྲོམ་སྡེ་སྦོམ་ཤོས་གཅིག་ཨིན་པའི་ཁར་ ལཱ་ཝིས་ཀྱི་རྒྱལ་ས་ལྟེ་བ་ཨིནམ་དང་ རྒྱལ་ཁབ་ཀྱི་སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ གནས་ཏེ་ཡོད་པའི་ཁར་ མི་འབོར་ ༨༤༠,༩༤༠ (༢༠༢༥) དེ་ཅིག་ཡོད་པའི་ ལཱ་ཝོས་ཀྱི་ཁྲོམ་ཚོགས་འདི་ གོང་འཕེལ་དང་ ཁྲོམ་ཚོགས་ཆེ་ཤོས་ཅིག་ཨིན། བྱུང་རབས་དང་འཁྲིལ་བ་ཅིན་ བི་ཡཱན་ཊི་ཡཱན་འདི་ དུས་རབས་ ༡༦ པའི་ནང་ ལཱན་ཟང་རྒྱལ་ཁབ་ཀྱི་རྒྱལ་ས་ལྟེ་བ་ཅིག་ཨིན། ཟེར་བཀོད་དེ་འདུག། ཁྲོམ་འདི་ནང་ལུ་ ཕ་ཐ་ལུང་ (གསེར་གྱི་ནང་པའི་ལྷ་ཁང་དང་རྒྱལ་ཡོངས་ཀྱི་རྟགས་མཚན་) དང་ པ་ཏུ་ཤཱའི་ (ཨརཀ་ཌི་ཊི་རིམ་ཕི་དང་འདྲ་བའི་དམག་འཁྲུག་གི་དྲན་རྟེན་) དེ་ལས་ ཝཊ་སི་ས་ཀེཊ་ (བྱུང་རབས་དང་ལྡན་པའི་ནང་པའི་ལྷ་ཁང་) ཚུ་རྩིས་ཏེ་ གལ་གནད་ཅན་གྱི་ས་རྟགས་ཚུ་ཡོད་ཟེར་བཀོད་དེ་འདུག། ཁྲོམ་འདི་ནང་ དེང་སང་གི་ གཞི་རྟེན་མཐུན་རྐྱེན་དང་ རང་ལུགས་ལཱ་ཝོས་ཀྱི་ལམ་སྲོལ་ཚུ་ སླ་བསྲེ་རྐྱབ་སྟེ་ ཚོང་འབྲེལ་གྱི་གྱངས་ཁ་ཡར་སེང་འགྱོ་དོ་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ སྣུམ་འཁོར་རྒྱུན་འགྲུལ་འཐབ་མ་ཚུགས་པའི་དཀའ་ངལ་དང་ བཙོག་རླུང་ དེ་ལས་ དཔལ་འབྱོར་གོང་འཕེལ་འགྱོགས་དྲགས་སྦེ་ འགྱོ་མ་ཚུགས་པའི་གདོང་ལེན་འབྱུང་དོ་ཡོདཔ་ཨིན་མས། དེ་འབདཝ་ད་ བི་ཡཱན་ཊི་ཡཱན་འདི་ དབང་འོག་དུས་སྐབས་ཀྱི་མཛེས་སྡུག་དང་ ནང་པའི་སྲོལ་རྒྱུན་ དེ་ལས་ མེ་ཀོང་གཙང་ཆུ་གི་མཐོང་སྣང་ཚུ་ སླ་བསྲེ་རྐྱབ་སྟེ་ ཞི་བདེ་དང་ མཛེས་སྡུག་ཅན་གྱི་རྒྱལ་ས་ལྟེ་བ་ཅིག་སྦེ་གནས་ཡོདཔ་ཨིན།

རྒྱལ་ཁབ་འདི་ ལཱ་ཝོས་མི་སེར་གཞུང་རྒོལ་ཚོགས་པ་གིས་འགོ་ཁྲིད་འབད་མི་ ཚོགས་པ་གཅིག་གི་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཅིག་ཨིན་པའི་ཁར་ རྒྱལ་ཁབ་ཀྱི་དབུ་ཁྲིད་སྦེ་ སྲིད་འཛིན་དང་བློན་ཆེན་འདི་ གཞུང་གི་དབུ་ཁྲིད་སྦེ་ཡོདཔ་ཨིན། རྒྱལ་ཡོངས་ཚོགས་འདུ་འདི་ ཁྲིམས་བཟོའི་གཙུག་སྡེ་ཨིན་རུང་ སྲིད་དོན་གྱི་ལྡོག་ཕྱོགས་འབད་མི་ཚུ་ འབད་མ་ཆོག་པའི་ཁར་ གཞུང་གིས་ བརྡ་བརྒྱུད་དང་ ཞི་བའི་མི་སྡེ་ དེ་ལས་ སྲིད་དོན་གྱི་ལཱ་ཚུ་ དམ་དམ་སྦེ་ དབང་འཛིན་འབད་དེ་ ཝིཡཊ་ནམ་དང་ རྒྱ་ནག་ དེ་ལས་ ར་ཤི་ཡ་ཚུ་དང་གཅིག་ཁར་ མཐུན་ལམ་དམ་དམ་སྦེ་བཞག་སྟེ་ཡོདཔ་ཨིན། ལཱ་ཝོས་ལུ་ ནང་པའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་པའི་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་ཡོདཔ་ལས་ མི་རློབས་བརྒྱ་ཆ་ ༦༥ དེ་ཅིག་གིས་ ལག་ལེན་འཐབ་དོ་ཡོདཔ་ཨིན། ལཱའོ་ འདི་གཞུང་འབྲེལ་གྱི་སྐད་ཡིག་ཨིན་པའི་ཁར་ ཐའི་སྐད་ཡིག་དང་ཅོག་འཐདཔ་ལས་ ཚོང་འབྲེལ་དང་ལྟ་བཤལ་གྱི་ནང་ལུ་ ཡོངས་གྲགས་སྦེ་ལག་ལེན་འཐབ་དོ་ཡོདཔ་དང་ མི་རིགས་གཞན་སོ་སོ་ལུ་ རང་སོའི་སྐད་ཡིག་ ཧ་མོང་དང་ཁ་མུ་ཚུ་ཡོདཔ་ཨིན། (མར་སེ་ལོ་གཱ་མེ་རོ། Marcelo Gameiro, 2024) ཟེར་བཀོད་དེ་ཡོད་པའི་ཁར་ རྒྱལ་ཁབ་ནང་ལུ་ སྤྱི་ཟླ་ ༤ པའི་ནང་ ཆུ་འཛིང་དང་ ཁྲོམ་ཚུ་སྐོར་ར་རྐྱབ་སྟེ་ པི་མའི་ (ལཱ་ཝོས་ལོ་གསར་) བརྩི་སྲུང་འབདཝ་ཨིན་པས། དེ་ལས་ ཐ་ལའུང་ཟེར་ བི་ཡཱན་ཊི་ཡཱན་ལུ་འགོ་འདྲེན་འཐབ་མི་ དུས་སྟོན་འདི་ ནང་པའི་དུས་སྟོན་སྦོམ་ཤོས་ཅིག་དང་ གཞན་ཡང་ གྲུ་རྒྱུག་དུས་སྟོན་འདི་ ཆརཔ་རྐྱབ་པའི་ཤུལ་ལས་ མེ་ཀོང་གཙང་ཆུ་ནང་ འགོ་འདྲེན་འཐབ་ཨིན་ཟེར་བཤད་དེ་འདུག།

ལཱ་ཝོས་འདི་ གོང་འཕེལ་འགྱོ་བའི་བསྒང་ཡོདཔ་ལས་ སོ་ནམ་དང་ ཆུར་བརྟེན་གློག་མེ་ དེ་ལས་ ས་གཏེར་ཚུ་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། མར་སེ་ལོ་གཱ་མེ་རོ། (Marcelo Gameiro, 2024) གིས་ རྒྱལ་ཁབ་ནང་ལུ་ གལ་ཆེ་བའི་རང་བྱུང་ཐོན་ཁུངས་ གསེར་ ཟངས་ལ་སོགས་པའི་གཏེར་རྗས་དང་ སོ་ནམ་གྱི་ལཱ་གི་དོན་ལུ་ ས་གཤིས་བཟང་པོ་ཡོད་པའི་ཁར་ མེ་ཀོང་གཙང་ཆུ་ནང་ ཤར་ཕྱོགས་ཨེ་ཤེ་ཡ་གི་འཕྲུལ་ལྟོ་ཟེར་ ཡོངས་གྲགས་ཡོད་མི་ལུ་བརྟེན་ ཁྱིམ་ཚང་རྒྱལ་ཁབ་ རྒྱ་ནག་དང་ ཝེ་ཡཊ་ནམ་ དེ་ལས་ ཐའི་ལེནཌ་ཚུ་དང་གཅིག་ཁར་ ཚོང་འབྲེལ་ཡར་སེང་འགྱོ་དོ་ཡོདཔ་ཨིན་ཟེར་བཀོད་དེ་ཡོད་པའི་ཁར་ རྒྱལ་ཁབ་ནང་ལུ་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་གྱི་ ས་གོ་ཡར་རྒྱས་འགྱོ་བའི་བསྒང་ཡོདཔ་ལས་ ལྷ་ཁང་དང་ རི་ འབབ་ཆུ་ དེ་ལས་ བྱག་ཕུག་ཚུ་ནང་ ལྟ་བཤལཔ་ཚུ་འོང་དོ་ཡོད་པའི་ཁར་ མཐོང་སྣང་གཙོ་བོ་ཚུ་ཡང་ ལུའང་པྲ་བང་དང་ ཝང་ཝིང་ དེ་ལས་མཚོ་གླིང་ ༤༠༠༠ དེ་ཅིག་ཡོདཔ་ཨིན་མས། ལཱ་ཝོས་རྒྱལ་ཁབ་འདི་ ཕྱིའི་གྲོགས་རམ་དང་ མ་རྩ་གཞི་བཙུགས་ལུ་ ཤུགས་སྦེ་ར་བརྟེན་དོ་ཡོདཔ་དང་ དམིགས་བསལ་གྱིས་ རྒྱ་ནག་ལས་ གཞི་རྟེན་ལས་འགུལ་སྦོམ་ཚུ་གི་དོན་ལུ་ མ་དངུལ་རྒྱབ་སྐྱོར་ལེནམ་ཨིན་པས།

ལཱ་ཝོས་རྒྱལ་ཁབ་འདི་ དཔལ་འབྱོར་ཡར་རྒྱས་སོང་ཡོད་རུང་ གྲོང་གསེབ་ས་ཁོངས་ཚུ་ནང་ ཤེས་རིག་དང་གསོ་བའི་ཞབས་ཏོག་ དེ་ལས་གློག་མེ་ཚུ་མ་ཐོབ་པར་ལུས་ཡོདཔ་དང་ གཞུང་གིས་ བརྡ་བརྒྱུད་དང་བཙག་འཐུ་ དེ་ལས་ ལྡོག་ཕྱོགས་ཚོགས་པ་ཚུ་དབང་འཛིན་འབདཝ་མ་ཚད་ གནམ་གཤིས་འགྱུར་བགྲོད་དང་ མེ་ཀོང་གཙང་ཆུ་ལས་ ཆུ་རུད་ཐོན་མི་ལུ་བརྟེན་ སོ་ནམ་དང་ གཡུས་ཚན་ཚུ་ལུ་ཐོ་ཕོག་དོ་ཡོདཔ་ཨིན། (མར་སེ་ལོ་གཱ་མེ་རོ། Marcelo Gameiro, 2024) ཟེར་བཀོད་བཞག་ནུག།  གོང་ལུ་བཤད་དོ་བཟུམ་ ལཱ་ཝོས་རྒྱལ་ཁབ་འདི་ ཝེ་ཡཊ་ནམ་དམག་འཁྲུག་ལས་ འགས་མ་ཚུགས་པའི་ མཚོན་ཆ་ཚུ་གིས་ གནམ་མེད་ས་མེད་གནོད་རྐྱེན་རྐྱབ་སྟེ་ཡོདཔ་མ་ཚད་ གྲོང་གསེབ་མང་ཤོས་ཅིག་ནང་ ད་ལྟོ་ཡང་ ཉེན་ཁ་ཅན་གྱི་ རྫས་བམ་ཚུ་ཡོདཔ་ལས་ སོ་ནམ་དང་གོང་འཕེལ་གྱི་ལཱ་ཚུ་ ཉེན་ཁ་ཅན་ཅིག་ལུ་འགྱུར་དོ་ཡོདཔ་ཨིན་པས།

ལཱ་ཝོས་འདི་ མཛོས་སྡུག་ཅན་དང་ ལམ་སྲོལ་ཕྱུགཔོ་ཡོད་པའི་རྒྱལ་ཁབ་ཅིག་ཨིནམ་ལས་ ནང་པའི་ལམ་སྲོལ་དང་ རང་བཞིན་གྱི་ས་ཆའི་གནས་སྟངས་ དེ་ལས་ ཞི་བདེ་དང་ལྡན་པའི་འཚོ་བའི་གནས་སྟངས་ཡོདཔ་ཨིན། འདས་པའི་ལོ་ཚུ་ནང་ དཔལ་འབྱོར་ཡར་རྒྱས་འགྱོ་ཡོད་རུང་ དབུལ་ཕོངས་དང་ངན་ལྷད་ མཐའ་འཁོར་གནས་སྟངས་ཀྱི་ཚ་གྱང་ དེ་ལས་ རྒྱ་ནག་ལུ་བརྟེན་དགོཔ་བཟུམ་གྱི་ གདོང་ལེན་ཚུ་ ད་ལྟོ་ཡང་འབྱུང་བཞིན་པ་ཡོདཔ་ཨིན་པས། ཡུན་བརྟན་ལྟ་བཤལ་དང་ གཞི་རྟེན་མཐུན་རྐྱེན་ དེ་ལས་ ལུང་ཕྱོགས་ཚོང་འབྲེལ་ཚུ་ནང་ མ་རྩ་གཞི་བཙུགས་འབད་དེ་ འཕྲོ་མཐུད་དེ་ར་འབད་མི་ལུ་བརྟེན་ ལཱ་ཝོས་ལུ་གཞན་དང་མ་འདྲ་བའི་སྲོལ་ཁྱུན་ཚུ་ ཉམས་སྲུང་འབད་དེ་ ཡར་རྒྱས་འགྱོ་ནི་གི་ འོས་འབབ་ཡོདཔ་ཨིན་པས།

རྒྱབ་རྟེན་དཔེ་དེབ།

DDC Dictionary (Mobile application software).

Eng - Dzo Terminology (Mobile application software).

Gameiro, M. (2024). THE WORLD IN YOUR HANDS: A GUIDE TO EVERY                                              NATION. VOL. 05. Published by: MGameiro LLC. Retrieved from: https://www.google.bt/books/edition/The_World_in_Your_Hands_Vol_05/HToYEQAAThe Ministry of Information, Culture and Tourism. (2025). Vientiane Capital.     Published by:             Tourism Marketing Department. Retrieved form:                                       https://www.tourismlaos.org/central-provinces/vientiane-capital/

"https://dz.wikipedia.org/w/index.php?title=ལཱ་ཝོས།&oldid=39430" ལས་ སླར་འདྲེན་འབད་ཡོདཔ།