ལཱའི་བེ་རི་ཡ། Liberia

༉ ལཱའི་བེ་རི་ཡ་འདི་ གཞུང་འབྲེལ་དུ་ ལཱའི་བེ་རི་ཡ་སྤྱི་མཐུན་རྒྱལ་ཁབ་དང་ ནུབ་ཕྱོགས་ཨཕ་རི་ཀའི་རྒྱལ་ཁབ་ཅིག་ཨིན། སྤྱི་ལོ་ ༡༨༢༢ ལུ་ ཡུ་ཨེས་ལས་ འཇའ་རོགས་སྦེ་ལོག་འོང་མི་ ཨཕ་རི་ཀའི་ཨ་མའི་རི་ཀའི་མི་ཚུ་ རང་དབང་ཐོབ་མི་ཚུ་གི་དོན་ལུ་ གཞི་ཆགས་ཅིག་སྦེ་ གཞི་བཙུགས་འབད་ནུག། སྤྱི་ལོ་ ༡༨༤༧ ལུ་ ལཱའི་བེ་རི་ཡ་འདི་ ཨཕ་རི་ཀ་གི་ རང་དབང་ཅན་གྱི་རྒྱལ་ཁབ་འགོ་དང་པ་ཅིག་ལུ་གྱུར་ཡོདཔ་ཨིན།

དུས་རབས་གཅིག་ལྷགཔ་ཅིག་གི་རིང་ལུ་ ཨ་མི་རི་ཀོ་ལའི་བེ་རིཡན་གིས་ སྲིད་དོན་དང་མི་སྡེ་ནང་ལུ་ དབང་ཤུགས་ཆེཝ་སྦེ་སྡོད་ཡོདཔ་ཨིན་རུང་ ས་གནས་ཀྱི་མི་རིགས་ཚུ་ལུ་ ཐོབ་དབང་དེ་ཅིག་ར་མེདཔ་ཨིན་མས། མི་སྡེའི་དབྱེ་བ་འདི་གིས་ སྲིད་དོན་བརྟན་ཏོག་ཏོ་མེདཔ་བཟོ་སྟེ་ ནང་འཁྲུག་གཉིས་བྱུང་སྟེ་ (༡༩༨༩-༡༩༩༧ དང་ ༡༩༩༩-༢༠༠༣) མི་སྟོང་ཕྲག་ལས་བཅད་དེ་བསད་དེ་ རྒྱལ་ཁབ་འདི་ཉམས་ཆག་ཤོར་ནུག། ཝི་ཀི་པི་ཌི་ཡ། (༢༠༢༥) གིས་ སྤྱི་ལོ་ ༢༠༠༣ ལུ་ ནང་འཁྲུག་མཇུག་བསྡུ་ཞིནམ་ལས་ཚུར་ ལཱའི་བེ་རི་ཡ་གིས་ ཞི་བདེ་དང་ དམངས་གཙོའི་རིང་ལུགས་ དེ་ལས་ དཔལ་འབྱོར་ཡར་དྲག་གཏང་ནིའི་དོན་ལུ་ ལཱ་འབད་ཡོད་རུང་ དབུལ་ཕོངས་དང་ངན་ལྷད་ དེ་ལས་ གཞི་རྟེན་མཐུན་རྐྱེན་ཚུ་ གོང་འཕེལ་གཏང་ནི་ཚུ་བརྩིས་ཏེ་ གདོང་ལེན་ཚུ་ ད་ལྟོ་བར་ན་ཡང་ཡོདཔ་ཨིན་ཟེར་བཀོད་ནུག།
ལཱའི་བེ་རི་ཡ་གི་ ས་ཆའི་རྒྱ་ཁྱོན་ཡོངས་བསྡོམས་ཀི་ལོ་མི་ཊར་གྲུ་བཞིམ་ ༡༡༡༣༦༩ ཡོད་པའི་ཁར་ མི་འབོར་ཧ་ལམ་ས་ཡ་ ༥.༥ (༢༠༢༤ ལོའི་ཚོད་དཔག) ཡོདཔ་ཨིན། (ཝི་ཀིཔི་ཌི་ཡ། ༢༠༢༥) ཟེར་བཀོད་ནུག། རྒྱལ་ཁབ་འདི་ནང་ མི་རིགས་གཙོ་བོ་ ༡༦ ཡོད་པའི་ནང་ལས་ ཀེ་པེལ་ བཱ་ས་ ཇིའོ་ ཀྲུ་ གྲེ་བོ་དང་ ཨ་མ་རི་ཀའི་ལཱའི་བེ་རིཡན་ (རང་དབང་ཐོབ་པའི་ཨ་ཕ་རི་ཀའི་ཨ་མ་རི་ཀའི་མི་རྒྱུད་ཀྱི་བརྒྱུད་པ་) ཚུ་ཨིན་མས། ལཱའི་བེ་རི་ཡ་གི་ ཆོས་ལུགས་འདི་ ཡེ་ཤུའི་ཆོས་ལུགས་ བརྒྱ་ཆ་ (༨༥) ཡོདཔ་ལས་ དབང་ཤུགས་ཅན་གྱི་ཆོས་ལུགས་ཅིག་ཨིན་པས། དེ་ལས་ ཨིསི་ལམ་ བརྒྱ་ཆ་ (༡༢) འདི་ མན་ཌིང་གོ་དང་ཝའི་མི་རིགས་ཚུ་གིས་ གཙོ་བོ་སྦེ་ལག་ལེན་འཐབ་དོ་ཡོདཔ་དང་ རང་ལུགས་ཨ་ཕ་རི་ཀའི་ཆོས་ལུགས་ བརྒྱ་ཆ་(༣) དེ་ཅིག་ གྲོང་གསེབ་ས་ཁོངས་ཚུ་ནང་ལག་ལེན་འཐབ་ཨིན།
ལཱའི་བེ་རི་ཡ་འདི་ རྫོང་ཁག་ ༡༥ ལུ་དབྱེ་སྟེ་ རྫོང་ཁག་རེ་ལུ་ གཞུང་སྐྱོང་པ་གཅིག་གིས་ འགོ་ཁྲིད་འབདཝ་ཨིན། མི་འབོར་མང་ཤོས་ཡོད་པའི་རྫོང་ཁག་འདི་ མོན་སེ་ར་ཌོ་ ནིམ་བ་ བོང་ ལོ་ཕ་དང་ གྷྲན་ཌི་བཱ་ས་ཚུ་ཨིན། མོན་སེ་ར་ཌོ་འདི་ རྒྱལ་ས་ལྟེ་བ་ མཱན་རོ་བི་ཡ་གི་ཁྱིམ་ཨིན། ཝི་ཀིཔི་ཌི་ཡ། (༢༠༢༥) གིས་ སྤྱི་ལོ་ ༡༨༢༢ ལུ་ གཞི་བཙུགས་འབད་མི་ མཱན་རོ་བི་ཡ་འདི་ ལའི་བེ་རི་ཡ་གི་རྒྱལ་ས་ལྟེ་བ་དང་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིནམ་དང་ འདི་ཡང་ ཨཕ་རི་ཀ་ལུ་འཇའ་རོགས་ཚུ་ རང་དབང་ཅན་སྦེ་ གཞི་བཅག་ནི་ལུ་ རྒྱབ་སྐྱོར་འབད་མི་ ཡུ་ཨེས་ཀྱི་སྲིད་འཛིན་ ཇེམསི་མོན་རོ་གི་མིང་ཐོག་ལས་ བཏགས་ཡོདཔ་ཨིན་ཟེར་བཀོད་ནུག། མཱན་རོ་བི་ཡའི་ཁྱད་ཆོས་གཙོ་བོ་ཡང་ དཔལ་འབྱོར་དང་སྲིད་དོན་ལྟེ་བ་ གཞུང་དང་ཚོང་འབྲེལ་ དེ་ལས་ ལཱའི་བེ་རི་ཡ་གི་གྲུ་ཁ་ངོ་མ་ཅིག་ཨིན། ས་རྟགས་ཚུ་ བཀོད་ཁྱབ་ཁང་བཟང་ (སྲིད་འཛིན་གྱི་སྡོད་ཁྱིམ་) དང་ ལཱའི་བེ་རི་ཡ་གི་ རྒྱལ་ཡོངས་འགྲེམས་སྟོན་ཁང་ དེ་ལས་ བྱིན་སྐྱོང་གླིང་འཕྲན་ (ཨ་ཕ་རི་ཀ་གི་ཨ་མ་རི་ཀ་ཚུ་ འགོ་དང་པ་ལྷོད་སའི་ས་སྒོ་) ཚུ་ཡོད་དེ་འབད་རུང་ མི་མངམ་འཛོམས་མི་དང་ གཞི་རྟེན་མཐུན་རྐྱེན་ཚུ་ ལེགས་ཤོམ་མེད་མི་ དེ་ལས་ གཙང་སྦྲ་འཕྲོད་བསྟེན་གྱི་གནད་དོན་ཚུ་ ཚ་གྱང་སྦོམ་སྦེ་ར་ཡོདཔ་ཨིན།
ལཱའི་བེ་རི་ཡ་འདི་ Abeodu Bowen Jones, & Svend E. Holsoe (2025) གིས་ ཡུ་ཨེས་ཀྱི་ལམ་ལུགས་དང་འཁྲིལ་ཏེ་ གཅིག་མཐུན་གྱི་སྲིད་འཛིན་སྤྱི་མཐུན་རྒྱལ་ཁབ་ཅིག་ཨིན། སྲིད་འཛིན་འདི་ རྒྱལ་ཁབ་དང་གཞུང་གི་འགོ་ཁྲིདཔ་ ལོ་ ༦ གི་དོན་ལུ་ བཙག་འཐུ་གྲུབ་ཡོདཔ་དང་ ཁྲིམས་བཟོ་ལྷན་ཚོགས་འདི་ ཚོགས་ཁང་གཉིས་ཅན་གྱི་རྒྱལ་ཡོངས་ཁྲིམས་བཟོ་ལྷན་ཚོགས་ (ཁྲིམས་ཁང་དང་ཚོགས་ཁང་) ཨིན་ཟེར་བཀོད་ཡོད་པའི་ཁར་ ཁྲིམས་ཁང་འདི་ ཨིང་ལོ་ཨ་མ་རི་ཀའི་ཁྲིམས་ལུ་གཞི་བཞག་སྟེ་ཨིན་པའི་ཁར་ ལཱའི་བེ་རི་ཡ་གིས་ དམངས་གཙོའི་རིང་ལུགས་དང་ གཞུང་སྐྱོང་ནང་ ཡར་རྒྱས་འགྱོ་ཡོད་རུང་ ངན་ལྷད་དང་བཙུག་སྡེ་ཞན་དྲགས་ དེ་ལས་ སྲིད་དོན་བརྟན་ཏོག་ཏོ་མེད་པའི་གནད་དོན་ཚུ་ ད་ལྟོ་བར་ན་ཡང་འདུག།
ལཱའི་བེ་རི་ཡ་ལུ་ ཝི་ཀིཔི་ཌི་ཡ། (༢༠༢༥) གིས་ ལམ་སྲོལ་མ་འདྲཝ་དང་ ལེ་ཤ་ཡོདཔ་ལས་ མི་སྡེ་དང་ཨ་མ་རི་ཀོ་ལའི་བེ་རིཡན་གི་ སྲོལ་ཁྱུན་གྱིས་བཟོ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་གཞུང་སྐད་འདི་ ཨིང་སྐད་ཨིནམ་དང་ ཀེ་པེལ་དང་ བཱ་ས་ དེ་ལས་ ཝའི་ཚུ་བརྩིས་ཏེ་ ས་གནས་ཀྱི་སྐད་ཡིག་ ༢༠ ལྷགཔ་ཅིག་ཡོད་ཟེར་བཀོད་དེ་འདུག། རྒྱལ་ཁབ་ནང་ལུ་ རང་ལུགས་ཀྱི་སྙན་ཆ་ཡང་ རྔ་རྡུང་ནི་དང་ སྲུང་དང་གཏམ་རྒྱུད དེ་ལས་ གིརིའོཏ་བཟུམ་གྱི་འཁྲབ་སྟོན་ཚུ་ཚུདཔ་ཨིན། དེང་སང་གི་ ལཱའི་བེ་རི་ཡའི་སྙན་ཆའི་རིགས་ ཧིབ་ཀོ་ཟེར་ ས་གནས་ཀྱི་སྐད་ཡིག་ཚུ་དང་གཅིག་ཁར་སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་ སྲོལ་རྒྱུན་གྱོན་ཆས་ ལབ་པ་ (ཚོས་གཞི་ཅན་གྱི་རས་ཆས) འདི་ ཕོ་མོ་གཉིས་ཆ་ར་གིས་ གྱོནམ་ཨིན། ཨ་མི་རི་ཀོ་ལའི་བེ་རིཡན་གི་ ཞན་ཤུགས་འདི་ ནུབ་ཕྱོགས་པའི་ལུགས་མཐུན་གྱི་གྱོན་ཆས་ནང་ལུ་མཐོངམ་ཨིན། ལཱའི་བེ་རི་ཡ་གི་ དུས་སྟོན་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༢༦ ལུ་ རང་དབང་ཉིནམ་ (རྒྱལ་ཡོངས་དུས་སྟོན་གཙོ་བོ་) ཨིནམ་དང་ ཡེ་ཤུའི་འཁྲུངས་སྐར་དང་ ར་མ་དཱན་ཚུ་ ཁྱབ་ཆེཝ་སྦེ་ རྩིས་སྲུང་འབདཝ་ཨིན། དེ་ལས་ ལཱའི་བེ་རི་ཡ་གི་བཟའ་འཐུང་འདི་ ནུབ་ཕྱོགས་ཨཕ་རི་ཀ་དང་ ཨ་མི་རི་ཀ་ དེ་ལས་ ཀེ་རི་བི་ཡན་གྱི་ལམ་སྲོལ་ཚུ་གིས་ ཤན་ཞུགས་འབད་དོ་ཡོདཔ་ཨིན། ཡོངས་གྲགས་ཅན་གྱི་ཟས་རིགས་ཚུ་ཡང་ ཆུམ་འདི་ བཞེས་སྒོ་གཙོ་བོ་ཨིནམ་དང་ གཞན་ཡང་ ཇོ་ལོཕ་ཆུམ་ ཕུ་ཕུ་དང་ པཱམ་མར་གྱི་ཁུ་བ་ ཐིང་ངེ་ དེ་ལས་ ཌམ་བོ་ཚུ་ཡང་ཟ་དོ་ཡོདཔ་ཨིན་པས། Abeodu Bowen Jones, & Svend E. Holsoe (2025) གིས་ རྐང་རྩེད་འདི་ ཡོངས་གྲགས་ཅན་གྱི་རྩེད་རིགས་ཅིག་དང་ དྲྭ་རིལ་བཱསི་ཀེཊ་བཱོལ་དང་ གྲོང་གསེབ་ཀྱི་ས་གནས་ཚུ་ནང་ རང་ལུགས་ཀྱི་ མདའ་རྩེད་དང་ ཐགཔ་གི་འཐབ་འཛིང་ཚུ་འབད་དོ་ཡོདཔ་ཨིན།
ལཱའི་བེ་རི་ཡ་གི་དཔལ་འབྱོར་འདི་ སོ་ནམ་དང་ ས་གཏེར་ དེ་ལས་ ཞབས་ཏོག་ཚུ་ལུ་གཞི་བཞག་སྟེ་ ཡོདཔ་ཨིན་རུང་ ཨཕ་རི་ཀ་གི་རྒྱལ་ཁབ་ལས་ སྤྱང་ཀ་ཅིག་སྦེ་ལུས་ཡོདཔ་ཨིན། རྒྱལ་ཁབ་ནང་ལུ་བཟོ་གྲྭ་གཙོ་བོ་ར་ སོ་ནམ་གྱི་ནང་ལས་འབད་བ་ཅིན་ ལོ་ཐོག་གཙོ་བོ་ འགྱིབ་དང་ ཀོ་ཀོ་ ཀཱ་ཕི་ ཏ་ལའི་ཤིང་གི་མར་ཁུ་ དེ་ལས་ ཆུམ་ཚུ་ཨིན་པས། ས་གཏེར་གྱི་རིགས་ཡང་ ལྕགས་རིགས་དང་ རྡོ་རྗེ་ཕ་ལམ་ དེ་ལས་ གསེར་ཚུ་མངམ་ཡོད་རུང་ ས་གཏེར་ལུ་ངན་ལྷད་ཀྱི་ གནོད་སྐྱོན་བྱུང་ཡོདཔ་ཨིན། དེ་ལས་ ཤིང་བཏོག་ནི་འདི་ གལ་ཅན་གྱི་བཟོ་གྲྭ་ཅིག་ཨིན་རུང་ ཁྲིམས་འགལ་ཐོག་ལས་ ནགས་ཚལ་བཏོག་ནི་གི་ཚ་གྱང་དང་ རྒྱལ་ཁབ་ནང་ལུ་ དཔལ་འབྱོར་གྱི་གདོང་ལེན་ཡང་ ལཱ་གཡོག་མེད་པའི་ཚད་གཞི་མཐོ་དྲགས་ བརྒྱ་ཆ་ ༦༠ ལས་བརྒལ་ཏེ་ཡོདཔ་དང་ གཞི་རྟེན་མཐུན་རྐྱེན་ཞན་ཁོག་ ལམ་དང་གློག་མེ་ དེ་ལས་ གཙང་སྦྲ་འཕྲོད་བསྟེན་ཚུ་ གོང་འཕེལ་མ་འགྱོ་བར་ཡོདཔ་ཨིན། (Abeodu Bowen Jones, & Svend E. Holsoe 2025) ཟེར་བཀོད་ནུག།
རྒྱལ་ཁབ་འདི་ ནང་འཁྲུག་གི་ཤུལ་ལས་ ཡར་རྒྱས་སོང་ཡོད་རུང་ གདོང་ལེན་ལེ་ཤ་ཅིག་ར་ཡོདཔ་ཨིན། དེ་ཡང་ ལཱའི་བེ་རི་ཡ་གི་མི་བརྒྱ་ཆ་ ༥༠ ལྷག་ཙམ་དབུལ་ཕོངས་ཚབས་ཆེན་གྱི་གནས་སྟངས་ནང་གནས་ཡོདཔ་དང་ མང་ཤོས་ཅིག་གིས་ ལུགས་མཐུན་མིན་པའི་ལཱ་ ཡང་ན་ འཚོ་བའི་དོན་ལུ་ སོ་ནམ་གྱི་ལཱ་ལུ་བརྟེན་དོ་ཡོདཔ་ཨིན་པས། རྒྱལ་ཁབ་ཀྱི་གཞུང་དང་ཚོང་འབྲེལ་ནང་ ངན་ལྷད་འབད་དེ་ དཀའ་ངལ་སྦོམ་སྦེ་ར་ལུས་ཡོདཔ་དང་ ཁྲིམས་ཀྱི་དབང་འཛིན་ཞན་པ་དང་ སྲིད་དོན་གྱི་རྩོད་རྙོག་གིས་ གོང་འཕེལ་འགོར་འགྱངས་འབད་དོ་ཡོདཔ་ཨིན། ལའི་བེ་རི་ཡ་ལུ་ ཨི་བོ་ལ་ནད་ཡམས་ (༢༠༡༤-༢༠༡༦) གིས་ གནམ་མེད་ས་མེད་གནོད་སྐྱོན་རྐྱབ་ཡོདཔ་ལས་ གསོ་བའི་ཞབས་ཏོག་ལམ་ལུགས་ ཞན་ཁོག་སྦེ་ཡོད་པའི་ཁར་ ཚད་པའི་ནད་གཞི་དང་ ཟས་བཅུད་མེད་མི་ དེ་ལས་ ཨའི་དང་འབྲེལ་བའི་གསོ་བའི་སྟབས་མ་བདེཝ་ཚུ་ ད་ལྟོ་ཡང་ཡོདཔ་ཨིན། (ཝི་ཀིཔི་ཌི་ཡ། ༢༠༢༥) རྒྱལ་ཁབ་ནང་ལུ་ ཤེས་ཡོན་ཐོབ་ཐངས་ཡར་རྒྱས་འགྱོ་ཡོད་རུང་ བྲིས་ལྷག་ཤེས་ཡོན་གྱི་ཚད་གཞི་འདི་ དམའ་ཤོས་སྦེ་ར་ཡོདཔ་ཨིན། གྲོང་གསེབ་མང་ཤོས་ཅིག་ནང་ གློག་མེ་དང་ ཆུ་གཙང་ཏོག་ཏོ་ དེ་ལས་ ལམ་ལེགས་ཤོམ་མེདཔ་མ་ཚད་ མཱན་རོ་བི་ཡ་གི་ཁྲོམ་ཀྱི་ གཡུས་ཚན་ཚུ་ནང་ གཙང་སྦྲ་འཕྲོད་བསྟེན་དང་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་ཡོདཔ་ཨིན། དེ་ལས་ ནགས་ཚལ་མེདཔ་བཏང་མི་དང་ ས་རུད་ཐོན་མི་ལུ་བརྟེན་ སོ་ནམ་དང་སྐྱེ་ལྡན་རིགས་སྣ་ལུ་ ཉེན་ཁ་བྱུང་དོ་ཡོདཔ་ཨིན་པའི་ཁར་ ལཱའི་བེ་རི་ཡ་འདི་ མཚོ་མཐའི་ས་ཁོངས་ལུ་བརྟེན་ ཆུ་རུད་དང་ མཚོ་ཡི་ཚད་ཡར་སེང་འགྱོ་ནི་གི་ཉེན་ཁ་ཡོདཔ་ཨིན་པས།
ལཱའི་བེ་རི་ཡ་འདི་ ཨཕ་རི་ཀ་གི་རང་དབང་ཅན་གྱི་མི་སེར་རྒྱལ་ཁབ་འགོ་དང་པ་ཅིག་སྦེ་ རྒྱལ་རབས་གཞན་དང་མ་འདྲཝ་ཡོད་པའི་ བཟོད་བསྲན་ཅན་གྱི་རྒྱལ་ཁབ་ཅིག་ཨིན། རང་བཞིན་ཐོན་སྐྱེད་དང་ ལམ་སྲོལ་ཕྱུགཔོ དེ་ལས་ སེམས་ཤུགས་སྒྲིང་སྒྲི་ཡོད་རུང་ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་དཀའ་ངལ་དང་སྲིད་དོན་བརྟན་ཏོག་ཏོ་མེད་མི་ དེ་ལས་ གཞི་རྟེན་མཐུན་རྐྱེན་གྱི་གདོང་ལེན་ཚུ་ འཕྲོ་མཐུད་དེ་ར་འབྱུང་དོ་ཡོདཔ་ཨིན་པས། ཨིན་རུང་ གཞུང་སྐྱོང་ལེགས་ཤོམ་དང་ ཤེས་རིག་དང་གསོ་བའི་ཞབས་ཏོག་ནང་ མ་རྩ་བཙུགས་མི་ དེ་ལས་ དཔལ་འབྱོར་སྣ་ཚོགས་ཀྱི་ཐོག་ལས་ ལཱའི་བེ་རི་ཡ་ལུ་ མ་འོངས་པའི་གནས་སྟངས་ སྒྲིང་སྒྲི་དང་ཡར་རྒྱས་ཅན་བཟོ་ནི་གི་ འོས་འབབ་ཡོདཔ་ཨིན་པས།
རྒྱབ་རྟེན་དཔེ་དེབ།
DDC Dictionary (Mobile application software).
Eng - Dzo Terminology (Mobile application software).
Jones, A.B. & Holsoe, S.E. (2025). Liberia: Government and society. Published by: Britannica. Retrieved from:
https://www.britannica.com/place/Liberia/Government-and-society
Wikipedia. (2025). Liberia. Published by: Creative Commons. Retrieved from: https://en.wikipedia.org/wiki/Liberia