Jump to content

ལཱས་ཊུ་ནཱས། Las Tunas

Wikipedia ལས།
ལཱས་ཊུ་ནཱས་ཀྱི་ས་ཁྲ།

༉ ཀིའུ་བ་རྒྱལ་ཁབ་ཀྱི་ཤར་དབུས་ཕྱོགས་ལུ་ཆགས་ཡོད་པའི་ཁྲོམ་ཚོགས་དང་ཁྲོམ་སྡེ་ ལཱས་ཊུ་ནཱས་འདི་ ལཱས་ཊུ་ནཱས་མངའ་སྡེའི་རྒྱལ་ས་ལྟེ་བ་ཅིག་ཨིན། སྤྱི་ལོ་ ༡༧༥༩ ལུ་གཞི་བཙུགས་འབད་མི་ཁྲོམ་ཚོགས་འདི་ གཞིས་ཆགས་ཆུང་ཀུ་ཅིག་ལས་ གལ་གནད་ཅན་གྱི་ཁྲོམ་ཚོགས་ལྟེ་བ་ཅིག་ལུ་གྱུར་ཏེ་ ཀིའུ་བ་རྒྱལ་ཁབ་ཀྱི་རྒྱལ་རབས་ཕྱུགཔོ་དང་ལམ་སྲོལ་མ་འདྲཝ་ཚུ་ གསལ་སྟོན་འབདཝ་ཨིན། འ་ནཱི་ཡོངས་རྫོགས་ནང་དོན་འདི་གིས་ ལཱས་ཊུ་ནཱས་གི་མི་འབོར་ཞིབ་རྩིས་དང་ འཛམ་གླིང་རྒྱས་བཤད་ བྱུང་རབས་ གཞུང་སྐྱོང་ ལམ་སྲོལ་ དཔལ་འབྱོར་ གདོང་ལེན་དང་ དེ་ལས་ གཞན་མི་ཚུ་གི་སྐོར་ལས་བཤད་དེ་ཡོདཔ་ཨིན།

སྤྱི་ལོ་ ༡༧༥༩ ལུ་གཞུང་འབྲེལ་དུ་གཞི་བཙུགས་འབད་མི་ ལཱས་ཊུ་ནཱས་འདི་ ཀིའུ་བ་རྒྱལ་ཁབ་ལུ་ལྟེ་བ་སྦེ་ཆགས་ཏེ་ ལཱས་ཊུ་ནཱས་མངའ་སྡེ་གི་བདག་སྐྱོང་ལྟེ་བ་ཅིག་སྦེ་ལཱ་འབདཝ་ཨིན། ཁྲོམ་འདི་ སྒྱུ་རྩལ་གྱི་སྲོལ་རྒྱུན་དང་ དམིགས་བསལ་གྱིས་ལུགས་བཟོ་ལེ་ཤ་ཡོད་མི་ཚུ་གི་དོན་ལུ་ ཡོངས་གྲགས་ཡོདཔ་ལས་ མིང་གཞན་འདི་ ལུགས་བཟོ་ཁྲོམ་ཚོགས་ཟེར་སླབ་ཨིན་པས། སྤྱི་ལོ་ ༢༠༢༢ ལུ་ མི་རློབས་ ༢༡༤,༩༣༩ དེ་ཅིག་ཡོད་མི་འདི་གིས་ ལཱས་ཊུ་ནཱས་གིས་ལུང་ཕྱོགས་འདི་གི་ལམ་སྲོལ་དང་ དཔལ་འབྱོར་གྱི་གནས་སྟངས་ནང་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིན་མས། []ཟེར་བཀོད་ནུག།

ལཱས་ཊུ་ནཱས་ཁྲོམ་སྡེ་འདི་ ཀ་རེ་ཊེ་ར་དབུས་མའི་གཞུང་ལམ་བདའ་སྟེ་ཆགས་ཏེ་ཡོདཔ་དང་ ཀ་མ་གུ་ཡི་དང་ཧོལ་གུའིན་ དེ་ལས་ བ་ཡ་མོ་ཁྲོམ་ཚོགས་ཚུ་གི་བར་ན་ ཐབས་ཤེས་དང་ལྡནམ་སྦེ་ཆགས་ཏེ་ཡོདཔ་ཨིན། ཁྲོམ་སྡེ་འདི་གི་རྒྱ་ཁྱོན་ཡོངས་བསྡོམས་ཀི་ལོ་མི་ཊར་ ༨༩༡ ཡོདཔ་ད་ ཁྲོམ་སྡེ་འདི་ པྲི་མེ་རོ་ (ཁྲོམ་སྡེ་ལྟེ་བ་) དང་ སེ་གུན་ཌོ་ ལ་ཝིག་ཊོ་རི་ཡ་ ཨ་གུ་ལེ་ར་ སན་ཊོ་ཌོ་མིང་གོ་ དེ་ལས་ གཞན་མི་རྫོང་ཁག་ཚུ་ནང་ བགོ་བཤའ་རྐྱབ་སྟེ་ཡོདཔ་ཨིན། []ཟེར་བཀོད་ནུག། ལཱས་ཊུ་ནཱས་ལུ་གནམ་གཤིས་ཚ་དྲོད་དང་ རློན་གཤེར་ཅན་ དེ་ལས་ དགུན་དུས་སྐམ་པོ་ཚུ་མཐོང་དོ་ཡོདཔ་ཨིནམ་དང་ གནམ་གཤིས་འདི་གིས་ ལུང་ཕྱོགས་འདི་དང་ སོ་ནམ་གྱི་ལཱ་ཚུ་ དམིགས་བསལ་གྱིས་ གེ་ཟ་འཛུགས་སྐྱོང་འབད་ནི་ལུ་རྒྱབ་སྐྱོར་འབདཝ་ཨིན་མས། སྤྱི་ལོ་ ༢༠༢༢ ལུ་ ལཱས་ཊུ་ནཱས་ལུ་ མི་རློབས་ ༢༡༤,༩༣༩ ཡོདཔ་ལས་ མི་རློབས་ཀྱི་མང་ཚད་འདི་ ཀི་ལོ་མི་ཊར་ ༢ རེ་ལུ་ མི་རློབས་ ༢༤༠ དེ་ཅིག་ཡོདཔ་ཨིན། དེ་མ་ཚད་ ཊུ་ནེ་རོས་ཟེར་སླབ་མི་ མི་སེར་ཚུ་གིས་ ཁྲོམ་སྡེ་འདི་ནང་ ལམ་སྲོལ་དང་མི་སྡེའི་མཐུན་རྐྱེན་ཚུ་ ཡར་དྲག་གཏང་ནི་ལུ་ ཕན་ཐོགས་འབྱུང་དོ་ཡོདཔ་ཨིན།

ལཱས་ཊུ་ནཱས་འདི་ སྤྱི་ལོ་ ༡༧༩༦ ལུ་ སཱན་ཇེ་རོ་ནི་མོ་གི་ཆོས་སྡེ་གི་མཐའ་འཁོར་ལུ་གཞི་བཙུགས་འབད་ནུག། སྤྱི་ལོ་ ༡༨༥༣ ལུ་ རྒྱལ་པོའི་བཀའ་རྒྱ་དང་འཁྲིལ་ཏེ་ ཁྲོམ་ཚོགས་ཟེར་བའི་ཐ་སྙད་ཐོབ་ནུག། སྤྱི་ལོ་ ༡༨༦༩ ལས་ ༡༩༧༦ ཚུན་ ཁྲོམ་འདི་ ཝིག་ཊོ་རི་ཡ་ཌི་ལཱས་ཊུ་ནཱས་ཟེར་སླབ་སྲོལ་སྡོད་ནུག། ཀིའུ་བ་རྒྱལ་ཁབ་ཀྱི་རང་དབང་གི་དོན་ལུ་ འཐབ་རྩོད་འབད་བའི་སྐབས་ ལཱས་ཊུ་ནཱས་ཀྱིས་འགན་ཁུར་གལ་ཅན་ཅིག་འབག་ཡོདཔ་ཨིན་པས། ཁྲོམ་འདི་ སྤྱི་ལོ་ ༡༨༦༩ ལུ་ ལོ་བཅུའི་དམག་འཁྲུག་སྐབས་ ལཱས་ཊུ་ནཱས་གི་དམག་འཁྲུག་འགོ་དང་པ་དང་ སྤྱི་ལོ་ ༡༨༩༧ ལུ་ ཀིའུ་བཱན་རང་དབང་དམག་འཁྲུག་སྐབས་ ལཱས་ཊུ་ནཱས་གི་དམག་འཁྲུག་འཛིན་བཟུང་འབད་སའི་ས་ཁོངས་ཅིག་ཨིན་པས།

ལཱས་ཊུ་ནཱས་མངའ་སྡེ་ནང་ ཁྲོམ་སྡེ་ལེ་ཤ་ཡོདཔ་ཨིན། དེ་ཡང་ ཨ་མཱན་སི་ཡོ་ ཀོ་ལོམ་བི་ཡ་ ལཱས་ཊུ་ནཱས་ ཇོ་བ་བོ་དང་གཞན་དང་གཞན་ལེ་ཤ་ར་ཡོདཔ་ཨིན། ལཱས་ཊུ་ནཱས་ཁྲོམ་སྡེ་གིས་ ཀིའུ་བ་རྒྱལ་ཁབ་ཀྱི་སྲིད་དོན་ལམ་ལུགས་ལྟེ་བའི་འོག་ལུ་ལཱ་འབདཝ་ཨིན་མས། ཁྲོམ་སྡེ་གཞུང་འདི་ སྲིད་འཛིན་ ཇུ་ཝ་ན་ཡ་མིལ་ཀ་ཝི་ནཱལ་སུའུ་རེ་ཟི་གིས་ འགོ་འཁྲིད་འབདཝ་ཨིན་མས། སྲིད་འཛིན་ཇེ་མི་ཨར་ནེསི་ཊོ་ཆིང་ཝེ་ག་གིས་འགོ་འཁྲིད་འབད་མི་ མངའ་སྡེ་གཞུང་གིས་ ལཱས་ཊུ་ནཱས་མངའ་སྡེའི་བདག་སྐྱོང་ལས་འགན་རྒྱ་ཆེཝ་སྦེ་ ལྟ་རྟོག་འབད་དོ་ཡོདཔ་ཨིན་པས། ལཱས་ཊུ་ནཱས་ལུ་ ཉིན་བསྟར་གྱི་མི་ཚེ་དང་ ཤེས་རིག་ དེ་ལས་ གཞུང་གི་གནས་སྟངས་ག་རའི་ནང་ལུ་ ལག་ལེན་འཐབ་མི་ ཨེས་པེ་ནིཤི་གི་སྐད་ཡིག་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཅིག་ཨིན། [] ཟེར་བཀོད་ནུག།

ལཱས་ཊུ་ནཱས་འདི་ ལམ་སྲོལ་གྱི་སྲོལ་ཁྱུན་དང་ དམིགས་བསལ་གྱིས་ སྒྱུ་རྩལ་ལུ་གཙོ་བོར་བརྟེན་ཏེ་ འཛམ་གླིང་ནང་ཡོངས་གྲགས་འགྱོ་ཡོདཔ་ཨིན། འདི་ཡང་ ཝི་ཀི་པི་དི་ཡ། []ནང་བཤད་དོ་བཟུམ་འབད་བ་ཅིན་ ཁྲོམ་ཚོགས་འདི་ མཛེས་རྒྱན་བཏགས་བཏགསཔ་བཟུམ་ མཛེས་ཆ་དང་ལྡནམ་སྦེ་བཟོ་སྟེ་ཡོདཔ་ལས་ མིང་གཞན་ཡང་ འཇིམ་བཟོའི་གྲོང་ཁྱེར་ཟེར་སླབ་སྲོལ་ཡོདཔ་ཨིན་མས། ལམ་སྲོལ་གྱི་ལས་རིམ་དང་ སྙན་ཆ་ དེ་ལས་ ཞབས་ཁྲ་ཚུ་ཁྲོམ་གྱི་ངོ་རྟགས་ལུ་ གལ་ཆེ་ཤོས་ཅིག་ཨིནམ་དང་ འདི་གིས་ ས་གནས་ཀྱི་མི་རིགས་དང་ ཨཕ་རི་ཀ་ དེ་ལས་ ཨིསི་པེ་ནིཤི་གི་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན་ཟེར་བའི་བརྡ་སྟོནམ་ཨིནམ་ཟེར་བཀོད་ནུག། དེ་མ་ཚད་ ཁྲོམ་འདི་ནང་ ཀིའུ་བཱན་རྒྱལ་ཡོངས་རིམ་སྒྲིག་ནང་ དོ་འགྲན་འབད་མི་ བེསི་བཱོལ་སྡེ་ཚན་ ལེ་ན་ཌོརསི་ཌི་ལཱས་ཊུ་ནཱས་གི་ཁྱིམ་ཅིག་ཡང་ཡོདཔ་ཨིན་མས། ད་རུང་ ལཱས་ཊུ་ནཱས་ཀྱི་རྐང་རྩེད་སྡེ་ཚན་གིས་ ཁྲོམ་སྡེ་གི་ངོ་ཚབ་སྦེ་ ཚོགས་པ་རྐང་རྩེད་འགྲན་བསྡུར་ནང་ རྩེད་འགྲན་ཚུ་ ཨོ་ཝི་ཌིའོ་ཊོར་རེས་རྩེད་ཐང་ནང་འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས། ལཱས་ཊུ་ནཱས་ཁྲོམ་སྡེ་གི་ བཞེས་སྒོའི་མཐོང་སྣང་གིས ཀིའུ་བཱན་གྱི་རང་ལུགས་བཞེས་སྒོ་ཚུ་ གསལ་སྟོན་འབདཝ་ཨིནམ་དང་ དེ་ནང་ ཆུམ་དང་ སྲནམ་ཅུམ་ ཕག་ཤ་ དེ་ལས་ ཤིང་འབྲས་ཚུ་ཚུད་དེ་ཡོདཔ་ཨིན། ཁྲོམ་ཚོགས་འདི་ནང་ལུ་ པ་ལ་དཱ་རེས་ཟེར་སླབ་མི་ སྒེར་གྱི་ཟ་ཁང་ཚུ་ ཡར་འཕར་འགྱོ་སྟེ་ཡོདཔ་ལས་ ཟ་ཁང་གི་ཉམས་མྱོང་མ་འདྲཝ་ཚུ་བྱིནམ་ཨིན།

ལཱས་ཊུ་ནཱས་གི་དཔལ་འབྱོར་དེ་ གཙོ་བོ་ སོ་ནམ་ལུ་གཞི་བཞག་སྟེ་ཨིནམ་དང་ གེ་ཟ་འཛུགས་སྐྱོང་གིས་ འགན་ཁུར་ལྟེ་བ་ཅིག་སྦེ་ཡོདཔ་ཨིན་པས། ཨིན་རུང་ མརཀ་ཕེརེངཀ་ [] གིས་ཞིབ་འཚོལ་དང་འཁྲིལ་བ་ཅིན་ གུ་རམ་བཟོ་གྲྭ་ལས་སྡེ་ལུ་ གདོང་ལེན་སྦོམ་བྱུང་ཡོདཔ་དང་ དེ་ཡང་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༡༢ པ་ལས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༦ པའི་བར་ན་ གུ་རམ་འཛུགས་སྐྱོང་འབད་མི་ བརྒྱ་ཆ་ ༤༨ མར་ཕབ་འགྱོ་མི་དེ་ཡང་ མར་ཁུ་དང་ལུད་ འཕྲུལ་ཆས་ དེ་ལས་ ལས་མི་མ་ལངས་པའི་དཀའ་ངལ་ལུ་བརྟེན་ཨིན་པས་ཟེར་བདེན་ཁུངས་བཀོད་དེ་འདུག། ཨིན་རུང་ ཁྲོམ་སྡེ་འདི་ བཟོ་སྐྲུན་དང་ཞབས་ཏོག་ཚུ་ནང་ འབྲེལ་གཏོགས་འབད་དོ་ཡོདཔ་ད་ ས་གནས་ཀྱི་ཟ་ཁང་ཚུ་གོང་འཕེལ་བཏང་ནི་དང་ ས་གནས་ཀྱི་མཐོང་སྣང་ཚུ་ཡར་དྲག་གཏང་ཐོག་ལས་ ལྟ་བཤལ་ཡར་དྲག་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ཨིན་པས།

ལཱས་ཊུ་ནཱས་ལུ་ དཔལ་འབྱོར་གྱི་དཀའ་ངལ་ ནུས་ཤུགས་ཀྱི་དཀའ་ངལ་དང་ ལྟ་བཤལ་དང་འབྲེལ་བའི་གདོང་ལེན་ལེ་ཤ་ར་འབྱུང་བཞིན་པ་འདུག། དེ་ཡང་ གུ་རམ་གྱི་བཟོ་གྲྭ་མར་ཉམས་འགྱོ་མི་ལུ་བརྟེན་ ས་གནས་ཀྱི་དཔལ་འབྱོར་དང་མི་སེར་གྱི་གནས་སྟངས་ལུ་ ཤུགས་སྦེ་ར་ཐོ་ཕོག་ཡོདཔ་ལས་ ལཱ་གཡོག་གི་གོ་སྐབས་དང་འོང་འབབ་མར་ཕབ་འགྱོ་དོ་ཡོདཔ་ཨིན་པས། དེ་ལས་ ཀིའུ་བ་རྒྱལ་ཁབ་ཀྱི་ནུས་ཤུགས་ལས་ཁུངས་ནང་ མཐུན་རྐྱེན་རྙིངམ་འགྱོ་མི་དང་ ནང་འདྲེན་འབད་མི་ འགྱུར་རྡོའི་སྣུམ་རྫས་ལུ་ བརྟེན་སྡོད་མི་ལུ་བརྟེན་ གློག་མེ་འདི་འཕྲལ་འཕྲལ་སྦེ་ར་ མེདཔ་ཐལ་དོ་ཡོདཔ་ཨིན་པས། དེ་མ་ཚད་ ལྟ་བཤལ་ཡར་དྲག་བཏང་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་རུང་ ལཱས་ཊུ་ནཱས་འདི་ ཀིའུ་བ་རྒྱལ་ཁབ་ནང་ལུ་ ལྟ་བཤལ་ཉུང་སུ་འགྱོ་མི་ མངའ་སྡེ་ཅིག་ཨིནམ་ལས་ འོང་འབབ་ཀྱི་འོས་འབབ་ལུ་ཐོ་ཕོག་དེ་ཡོདཔ་ཨིན་མས།

ལཱས་ཊུ་ནཱས་ཁྲོམ་སྡེ་འདི་ ཀིའུ་བ་རྒྱལ་ཁབ་ཀྱི་རྒྱལ་རབས་ཕྱུགཔོ་དང་ ལམ་སྲོལ་སྣ་ཚོགས་ཡོད་པའི་ས་ཁོངས་ཅིག་ཨིན་མས། ཁྲོམ་སྡེ་འདི་ནང་ ཨིས་པེ་ནིཤ་གི་གཞིས་ཆགས་འགོ་བཙུགས་པའི་སྐབས་ལས་ ད་ལྟོ་ཚུན་ཁྲོམ་ཚོགས་ལྟེ་བ་ཅིག་སྦེ་སྡོད་པའི་སྐབས་ཚུན་ ཁྲོམ་འདི་ནང་ མི་ཚུ་གི་ བཟོད་བསྲན་དང་གསར་གཏོད་ དེ་ལས་ མཐུན་ལམ་ཚུ་གསལ་སྟོན་འབད་དོ་ཡོདཔ་ཨིན་མས། ལཱས་ཊུ་ནཱས་ལུ་ དཔལ་འབྱོར་དང་གཞི་རྟེན་མཐུན་རྐྱེནགྱི་གདོང་ལེན་ཚུ་འབྱུང་བཞིན་པ་ཡོད་རུང་ ལམ་སྲོལ་ཡར་དྲག་དང་ ལྟ་བཤལ་གོང་འཕེལ་གྱི་ལཱ་ཚུ་ བརྩོན་ཤུགས་བསྐྱེད་དེ་ འཕྲོ་མཐུད་དེ་ར་འབད་བའི་བསྒང་ཡོདཔ་ལས་ མ་འོངས་པའི་ནང་ ཡར་རྒྱས་དང་བསྐྱར་གསོའི་ལམ་ལུགས་ཚུ་གི་དོན་ལུ་གོ་སྐབས་ཡོདཔ་ཨིན་མས།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

རྒྱབ་རྟེན་དཔེ་དེབ།

  1. 1 2 3 4 Wikipedia. (2025). Las Tunas (City). Published by: Creative Commons. Retrieved from: https://en.wikipedia.org/wiki/Las_Tunas_(city)
  2. Frank, M. (2024). Cuban sugar industry demise mirrors food crisis. Published by:           Reuters. Retrieved from: https://www.reuters.com/markets/commodities/cuban-     sugar-industry-demise-mirrors-food-crisis-2024-11-27/
"https://dz.wikipedia.org/w/index.php?title=ལཱས་ཊུ་ནཱས།_Las_Tunas&oldid=39591" ལས་ སླར་འདྲེན་འབད་ཡོདཔ།