ལི་ཐུ་ནི་ཡ།
| ལི་ཐུ་ནི་ཡ Lietuva | ||
|
| ||
༉ བྱང་ཕྱོགས་ཡུ་རོབ་དང་ བཱལ་ཊིག་མཚོའི་ཤར་ཕྱོགས་མཚོ་འགྲམ་ལུ་ཆགས་ཡོད་པའི་ ལི་ཐུ་ཝེ་ནི་ཡ་གི་རྒྱལ་ཁབ་འདི་ བཱལ་ཊིག་མངའ་སྡེ་གསུམ་གྱི་ནང་ལས་ སྦོམ་ཤོས་ཅིག་ཨིན། འདི་ལུ་ རྒྱལ་རབས་ཕྱུགཔོརིངམོ་དང་ མགུ་རྙོག་དྲགས་ཡོདཔ་ལས་ རང་དབང་གི་དུས་སྐབས་དང་ ཕྱི་རྒྱལ་གྱི་དབང་ཚད་ དེ་ལས་ ལམ་སྲོལ་གྱི་བཟོད་བསྲན་ཚུ་གིས་སྐོར་ལས་ཡོདཔ་ཨིན།
དུས་རབས་ ༡༣ པ་ནང་ ལི་ཐུ་ཝེ་ནི་ཡ་གི་ གྷྲན་ཌུ་ཆི་གཞི་བཙུགས་འབད་དེ་ ཡུ་རོབ་ཀྱི་མངའ་སྡེ་སྦོམ་ཤོས་ཅིག་ལུ་འགྱུར་ནུག། དེ་ལས་ སྤྱི་ལོ་ ༡༣༨༥ ལུ་ ཀེརེཀྲེ་ཝབ་གི་མཐུན་ཚོགས་(Union of Krewa) ཀྱིས་ པོ་ལེནཌ་དང་གཅིག་ཁར་ སྒེར་གྱི་མཐུན་ཚོགས་བཟོ་སྟེ་ སྤྱི་ལོ་ ༡༥༦༩ ལུ་ པོ་ལི་ཤི་ལི་ཐོ་ཝེ་ནི་ཡན་སྤྱི་མཐུན་ (Polish-Lithuanian Commonwealth) ལུ་འགྱུར་ནུག། ཤུལ་ལས་ སྤྱི་ལོ་ ༡༧༩༥ ལུ་ ལི་ཐོ་ཝེ་ནི་ཡ་འདི་ ར་ཤི་ཡ་དང་ པུརུ་ཤིཔྲུ་སི་ཡ་(Prussia) དེ་ལས་ ཨས་ཊི་ཡ་ཚུ་གིས་ བགོ་བཤའ་རྐྱབ་སྟེ་ དུས་རབས་ལྷགཔ་ཅིག་གི་རིང་ལུ་ ར་ཤི་ཡ་གི་དབང་ཚད་ལུ་འགྱུར་ནུག། ཝི་ཀི་པི་ཌི་ཡ། (༢༠༢༥) གིས་ སྤྱི་ལོ་ ༡༩༡༨ ལུ་ འཛམ་གླིང་དམག་ཆེན་དང་པའི་ཤུལ་ལས་ རྒྱལ་ཁབ་རང་དབང་གསལ་བསྒྲགས་འབད་ཡོདཔ་དང་ སྤྱི་ལོ་ ༡༩༤༠ གི་ལོར་ སོ་ཝེཏ་ཡུ་ནི་ཡན་དང་ དེ་ལས་ ན་ཟི་ཇར་མ་ནི་ (༡༩༤༡-༡༩༤༤) དེ་ལས་ ལོག་སྟེ་ སོ་ཝེཏ་གིས་ དབང་བཟུང་འབད་ནུག་ཟེར་བཀོད་དེ་འདུག། སྤྱི་ལོ་ ༡༩༩༠ ལུ་ ལི་ཐུ་ཝེ་ནི་ཡ་འདི་ སོ་ཝེཏ་སྤྱི་མཐུན་རྒྱལ་ཁབ་འགོ་དང་པ་ཅིག་ཨིནམ་ལས་ སྤྱི་ལོ་ ༡༩༩༡ ལུ་ ཡུ་ཨེས་ཨེས་ཨར་འདི་ ཧྲམ་འགྱོ་ནུག། ཤུལ་ལས་ སྤྱི་ལོ་ ༢༠༠༤ ལུ་ ཡུ་རོབ་ནང་ གནས་རིམ་སྒྲིང་སྒྲིང་བཟོ་ནིའི་དོན་ལུ་ ནེ་ཊོ་དང་ ཡུ་རོ་པིན་མཉམ་འབྲེལ་ནང་ འཛུལ་ཞུགས་འབད་ནུག།
རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་ཡོངས་བསྡོམས་ཀི་ལོ་མི་ཊར་གྲུ་བཞི་མ་ ༦༥༣༠༠ ཡོདཔ་དང་ མི་འབོར་ས་ཡ་ ༢.༨ ཙམ་ཡོདཔ་ཨིན། (ཝི་ཀི་པི་ཌི་ཡ། ༢༠༢༥) ཟེར་བཀོད་ནུག། རྒྱལ་ཁབ་ནང་ ལི་ཐུ་ཝེ་ནི་ཡན་གྱི་མི་རིགས་ བརྒྱ་ཆ་ ༨༢.༦ དེ་ཅིག་གི་མང་ཤོས་ཡོདཔ་དང་ གཞན་མི་ཚུ་ པོ་ལི་དང་ ར་ཤི་ཡ་ དེ་ལས་ བེ་ལ་རུ་སི་ཡན་ཚུ་ཡོདཔ་ཨིན། ཆོས་ལུགས་འདི་ རོ་མཱན་ཀེ་ཐོ་ལི་ཟམ་ བརྒྱ་ཆ་ ༧༤.༢ ལྷག་ཙམ་ཡོདཔ་ལས་ རྒྱལ་ཁབ་ནང་ཆོས་ལུགས་གཙོ་བོ་དང་ ལ་ལུ་ཆོས་ལུགས་མེན་པའི་སྡེ་ཚན་ཚུ་ཡང་ཡོདཔ་ཨིན།
རྒྱལ་ཁབ་འདི་ རྫོང་ཁག་ ༡༠ ལུ་དབྱེ་སྟེ་ཡོདཔ་དང་ རྫོང་ཁག་རེ་རེ་བཞིན་དུ་ ཁྲོམ་སྡེ་ལུ་དབྱེ་སྟེ་ཡོདཔ་ཨིན། རྫོང་ཁག་ཆེ་ཤོས་ཚུ་ཡང་ བིལ་ནི་ཡཱས་དང་ ཀའུ་ནཱས་ དེ་ལས་ ཀ་ལའི་པེ་ཌ་ཚུ་ཨིན་པས། བིལ་ནི་ཡཱས་འདི་ རྒྱལ་ས་ལྟེ་བ་དང་ ཁྲོམ་ཚོགས་སྦོམ་ཤོས་ཨིན་པའི་ཁར་ རྒྱལ་རབས་ཀྱི་ཕྱུག་པོ་དང་ བཟོ་རིགས་ དེ་ལས་ ལམ་སྲོལ་གྱི་ འཚོ་བའི་གནས་སྟངས་ཚུ་ལུ་བརྟེན་ཏེ་ ཡོངས་གྲགས་ཡོདཔ་ཨིན། ཝི་ཀི་པི་ཌི་ཡ། (༢༠༢༥) གིས་ འདི་ནང་ལུ་ ཁྱད་ཆོས་གཙོ་བོ་ ཁྲོམ་རྙིངམ་ (ཡུ་ནིསི་ཀོ་གི་འཛམ་གླིང་སྲོལ་ཁྱུན་ས་ཁོངས་) ཟེར་ གོ་ཐིག་དང་ཕྱི་དར་ དེ་ལས་ བཱ་རོ་ཀི་སྒྲིང་ཁྱིམ་ཚུ་ཡོདཔ་ཨིན། དེ་ལས་ གེ་ཌི་མི་ནཱསི་གི་ཀ་ཁྱིམ་འདི་ ལི་ཐུ་ཝེ་ནི་ཡ་གི་རྒྱལ་རབས་དང་རང་དབང་གི་རྟགས་མཚན་ཅིག་ཨིན་པས། བིལ་ནི་ཡཱས་གཙུག་ལག་སློབ་སྡེ་འདི་ སྤྱི་ལོ་ ༡༥༧༩ ལུ་གཞི་བཙུགས་འབད་མི་ ཤར་ཕྱོགས་ཡུ་རོབ་ཀྱི་གཙུག་ལག་སློབ་སྡེ་རྙིང་ཤོས་ཅིག་ཨིན། དེང་སང་འཕྲུལ་རིག་ལྟེ་བ་འདི་ བཱལ་ཊིག་ལུང་ཕྱོགས་ནང་ འགོ་བཙུགས་དང་གསར་བཏོད་ལྟེ་བ་ཅིག་ཨིན།
ལི་ཐུ་ཝེ་ནི་ཡ་འདི་ སྤྱི་ཚོགས་ལམ་ལུགས་ཡོད་པའི་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་ཀྱི་དབུ་ཁྲིད་འདི་ སྲིད་འཛིན་ (མི་སེར་གྱི་གཙག་འཐུ་འབད་མི་) དང་ བློན་ཆེན་འདི་ གཞུང་གི་དབུ་ཁྲིདཔ་དང་ བཀོད་ཁྱབ་ལས་ཁུངས་འགོ་ཁྲིད་འབད་མི་ཨིན་པས། ཁྲིམས་བཟོ་ལྷན་ཚོགས་འདི་ འཐུས་མི ༡༤༡ ཡོད་པའི་ ཚོགས་ཁང་གཅིག་ཅན་གྱི་སྤྱི་ཚོགས་ (Seimas) ཨིན། རྒྱལ་ཁབ་འདི་ ཡུ་རོབ་མནའ་འབྲེལ་དང་ ནེ་ཊོ་གཅིག་ཁར་ མཐུན་ལམ་དམ་ཟབ་ཡོད་པའི་ བརྟན་ཏོག་ཏོ་ཡོད་པའི་ དམངས་གཙོའི་རྒྱལ་ཁབ་ཅིག་ཨིན། དེ་ལས་ ར་ཤི་ཡ་དང་གཅིག་ཁར་མཐུན་ལམ་འདི་ དམིགས་བསལ་གྱིས་ སྤྱི་ལོ་ ༢༠༢༢ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་བཙན་འཛུལ་འབད་བའི་ཤུལ་ལུལས་ ཚ་གྱང་ཅན་ཅིག་ལུ་འགྱུར་ཡོདཔ་ཨིན། (ཝི་ཀི་པི་ཌི་ཡ། ༢༠༢༥) ཟེར་བཀོད་ནུག།
རྒྱལ་ཁབ་ཀྱི་གཞུང་འབྲེལ་སྐད་ཡིག་འདི་ ད་རེས་ནངས་པ་ཡང་ ལག་ལེན་འཐབ་སྟེ་ཡོད་མི་ ཨིན་ཌོ་ཡུ་རོབ་ཀྱི་སྐད་ཡིག་རྙིང་ཤོས་ཅིག་ཨིན་མི་ ལི་ཐུ་ཝེ་ནི་ཡན་འདི་ཨིན་མས། པོ་ལིཤ་དང་ར་ཤི་ཡ་ དེ་ལས་ ཨིང་སྐད་ཚུ་ཡང་ ཁྱབ་ཆེཝ་སྦེ་སླབ་ཨིན་པས། སྲོལ་རྒྱུན་དུས་སྟོན་དང་གོམས་སྲོལ་ཡང་ གནམ་དགུན་མཇུག་བསྡུ་བའི་དུས་སྟོན་ཅིག་ཨིན་མི་ ཨུཛ་ཝེ་ནེསི་ (Shrovetide Carnival) དང་ ཇོ་ནིན་ (དབྱར་དུས་བར་མའི་དུས་སྟོན་) ཟེར་ དབྱར་དུས་ཀྱི་ཉིན་མའི་དུས་ཚོད་བརྩི་སྲུང་འབདཝ་ཨིན་པས། དེ་ལས་ ཀ་ཟི་ཡུ་ཀོ་མུ་གེ་ (St. Casimir’s Fair) འདི་ བིལ་ནི་ཡཱས་ལུ་ཡོད་པའི་ ལག་བཟོ་དང་ མི་སྡེའི་དུས་སྟོན་སྦོམ་ཤོས་ཅིག་ཨིན། གཞན་ཡང་ ཡུ་ནིསི་ཀོ་གིས་ ངོས་འཛིན་འབད་མི་ ལི་ཐུ་ཝེ་ནི་ཡ་གི་སྔར་སྲོལ་གྱི་ སྒྲ་སྣ་ཚོགས་ཀྱི་ཞབས་ཁྲ་ཨིན་མིའི་ སུ་ཏར་ཊིན་སི་ (Sutartines) འདི་ཨིན་པའི་ཁར་ མི་སྡེའི་ཞབས་ཁྲ་དང་ མེ་ཏོག་ལག་བཟོ་ཚུ་ ལམ་སྲོལ་གྱི་རྟགས་མཚན་ཁག་ཆེཝ་ཅིག་ཨིན། དེ་ལས་ ཁོང་གི་ཟ་འཐུང་འདི་ སེམས་ཁར་འབབ་ཏོག་ཏོ་ཅིག་ཨིནམ་མ་ཚད་ ནོར་ཌིག་དང་ སི་ལ་ཝིག་ དེ་ལས་ ཇར་མ་ནི་གི་ཟ་འཐུང་ཚུ་གིས་ ཤན་ཞུགས་འབདཝ་ཨིན། དེ་ཡང་ སེ་པེ་ལི་ནལ་ (Cepelinal) ཟེར་ ཤ་ ཡང་ན་ ཆུམ་གྱིས་བཀང་མི་ ཀེ་བ་གི་མར་ཁུ་ དེ་ལས་ སཱལ་ཊི་བཱར་ཤི་ཡ་ (Saltibarscial) ཀི་བི་ནའི་དང་ ལེ་ཐུ་ཝེ་ནི་ཡན་རའི་བག་ལེབ་འདི་ རང་ལུགས་ཀྱི་ཟ་འཐུང་ནང་ གཙོ་བོ་ཅིག་ཨིན། ཡོངས་གྲགས་ཀྱི་ལུས་རྩལ་ཡང་ བཱསི་ཀིཊ་བཱོལ་དང་ རྐང་རྩེད་ དེ་ལས་ འཁྱེག་ཧོ་ཀི་དང་བང་རྒྱུགས་ཚུ་ཨིན་མས།
ལེ་ཐུ་ཝེ་ནི་ཡ་ལུ་ དཔལ་འབྱོར་མགྱོགས་དྲགས་སྦེ་ཡར་རྒྱས་འགྱོ་དོ་ཡོདཔ་ལས་ འཕྲུལ་རིག་དང་བཟོ་བསྐྲུན་ དེ་ལས་ ཚོང་འབྲེལ་ཚུ་ལུ་གཙོ་བོར་སྟོནམ་ཨིན། བཟོ་གྲྭ་གཙོ་བོ་ཡང་ བརྡ་དོན་འཕྲུལ་རིག་དང་ འཕྲུལ་ཆས་དང་གློག་རིག་ དེ་ལས་ བགོ་ལ་བཟོ་བསྐྲུན་འབདཝ་ཨིན་པས། དེ་ལས་ སོ་ནམ་གྱི་ཐོན་སྐྱེད་གཙོ་བོ་ཚུ་ཡང་ འབྲུ་སྣ་དང་ ཨོ་ཆས་ དེ་ལས་ ཤ་ཚུ་ཨིན་མས། རྒྱལ་ཁབ་ནང་ རྒྱལ་རབས་ཅན་གྱི་ཁྲོམ་ཚོགས་དང་ནགས་ཚལ་ དེ་ལས་ བཱལ་ཊིག་མཚོ་འགྲམ་ཚུ་གི་ ལྟ་བཤལཔ་ཚུ་ཚུར་འདྲེནམ་ཨིན། རྒྱལ་ཁབ་ནང་ མི་སྟོབས་གོང་འཕེལ་གྱི་ཚད་གཞི་མཐོ་ཤོས་དང་ ཡུ་རོ་ས་ཁོངས་འཐུས་མི་འབདཝ་ལས་ ཡུ་རོ་འདི་ དངུལ་ཀྲམ་སྦེ་ལག་ལེན་འཐབ་ཨིན། ཕྱིར་ཚོང་ལས་ཁུངས་ཤུགས་ཆེཝ་ལས་ དམིགས་བསལ་གྱིས་ཇར་མ་ནི་དང་པོ་ལེནཌ་ དེ་ལས་ ནོར་ཌིག་རྒྱལ་ཁབ་ཚུ་དང་མཉམ་དུ་འབདཝ་ཨིན། (ཝི་ཀི་པི་ཌི་ཡ། ༢༠༢༥) ཟེར་བཀོད་ནུག།
ལི་ཐུ་ཝེ་ནི་ཡའི་རྒྱལ་ཁབ་འདི་ མཐར་འཁྱོལ་ཅན་ཅིག་ཨིན་རུང་ དཔལ་འབྱོར་དང་མི་སྡེའི་གདོང་ལེན་ལ་ལུ་ཅིག་ཡོདཔ་ཨིན། དེ་ཡང་ ན་གཞོན་མང་ཤོས་ཅིག་གིས་ ལཱ་གཡོག་ལེགས་ཤོམ་གྱི་དོན་ལུ་ ནུབ་ཕྱོགས་ཡུ་རོབ་ལུ་ གནས་སྤོ་འགྱོ་དོ་ཡོདཔ་ལས་ རྒྱལ་ཁབ་ནང་ལུ་ མི་རློབས་ཉུང་སུ་དང་ སྐྱེས་ཚད་དམའ་ཤོས་ཡོདཔ་ལས་ རྒས་ཤོས་ཀྱི་མི་རློབས་མང་ཤོས་འགྱོ་དོ་ཡོདཔ་ཨིན་པས། དེ་ལས་ ཡུ་ཀེ་རེན་དམག་འཁྲུག་གི་ཤུལ་ལས་ ར་ཤི་ཡའི་རྫས་རླངས་ལུ་ བརྟེན་སྡོད་ནི་འདི་ མཚམས་འཇོག་འབད་ཡོདཔ་དང་ བསྐྱར་གསོ་འབད་བཏུབ་པའི་ནུས་ཤུགས་དང་ ཡུ་རོ་པིན་ནུས་ཤུགས་མཐུད་ལམ་ཚུ་ནང་ མ་རྩ་བཙུགས་ཏེ་འདུག། དེ་ལས་ གྲོང་འཁྱེར་དང་ཕྱདཔ་ད་ གྲོང་གསེབ་ནང་ ལཱ་གཡོག་མེད་པའི་གྱངས་ཁ་མཐོ་དྲགས་དང་ གླ་ཆ་ཉུང་སུ་ཡོད་པའི་ཁར་ དངུལ་ཕོགས་དང་གསོ་བའི་ཞབས་ཏོག་བསྐྱར་ཞིབ་འབད་བའི་བསྒང་འདུག། ལི་ཐུ་ཝེ་ནི་ཡ་འདི་ ཡུ་ཀེ་རེན་ལུ་ རྒྱབ་སྐྱོར་འབད་མི་ རྒྱལ་ཁབ་ཅིག་ཨིནམ་ལས་ ར་ཤི་ཡ་ལས་ ཉེན་ཁ་འབྱུང་དོ་ཡོདཔ་ཨིན་པའི་ཁར་ དམག་དོན་གྱི་ཟད་འགྲོ་ཡར་སེང་འབད་དེ་ ཉེན་སྲུང་གི་དོན་ལུ་ ནེ་ཊོ་ལུ་བརྟེན་དགོཔ་ཨིན་པས།
ལི་ཐུ་ཝེ་ནི་ཡ་འདི་ རྒྱལ་རབས་ཕྱུགཔོ་དང་ དཔལ་འབྱོར་ཡར་རྒྱས་ དེ་ལས་ ལམ་སྲོལ་གཏིང་ཟབ་པ་ཡོད་མི་ལུ་བརྟེན་ཏེ་ ཡོངས་གྲགས་ཅན་གྱི་ཤུགས་ཅན་དང་ བཟོད་བསྲན་ཅན་གྱི་ བཱལ་ཊིག་རྒྱལ་ཁབ་ཅིག་ཨིན། སྤྱི་ལོ་ ༡༩༩༠ ལུ་ རང་དབང་ཐོབ་ཞིནམ་ལས་ཚུར་ དམངས་གཙོའི་གཞི་རྩ་སྒྲིང་སྒྲིང་ཡོད་པའི་ དེང་སང་ཡུ་རོབ་ཀྱི་རྒྱལ་ཁབ་ཅིག་ལུ་འགྱུར་ཡོདཔ་ཨིན་པས། མི་རློབས་མར་ཕབ་དང་ ས་ཆའི་སྲིད་དོན་གྱི་ཚ་གྱང་བཟུམ་གྱི་ གདོང་ལེན་ཚུ་ཡོད་རུང་ ལི་ཐུ་ཝེ་ནི་ཡ་འདི་ ཡུ་རོབ་དང་ ནེ་ཊོ་ དེ་ལས་ འཛམ་གླིང་དཔལ་འབྱོར་ནང་ གལ་ཅན་གྱི་རྩེད་འགྲན་པ་ཅིག་སྦེ་རང་ ལུས་ཡོདཔ་ཨིན།
རྒྱབ་རྟེན་དཔེ་དེབ།།
DDC Dictionary (Mobile application software).
Eng - Dzo Terminology (Mobile application software).
Wikipedia. (2025). Liechtenstein. Published by: Creative Commons. Retrieved from: https://en.wikipedia.org/wiki/Lithuania