Jump to content

ལིཀ་ཏནས་ཏ་ཡིན།

Wikipedia ལས།
ལིཀ་ཏནས་ཏ་ཡིན།

༉   ལིཀ་ཏནས་ཏ་ཡིན་འདི་ རྒྱལ་ཁབ་ཆུང་ཀུ་ཅིག་འབད་རུང་ ཡར་རྒྱས་འགྱོ་ཡོད་པའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་ ནུབ་ཕྱོགས་ལུ་ སུའི་ཟར་ལེནཌ་དང་ ཤར་ཕྱོགས་ལུ་ ཨས་ཊི་ཡ་གི་ས་མཚམས་སྦོ་ལོགས་ཁར་ཡོད་པའི་ཁར་ འཛམ་གླིང་ནང་གི་རྒྱལ་ཁབ་ཆུང་ཤོས་དང་ཕྱུག་ཤོས་ཀྱི་གྲས་ལས་གཅིག་ཨིན།

སྤྱི་ལོ་ ༡༧༡༩ དབྱིན་ཟླ་ ༡ པའི་ཚེས་ ༡༣ ལུ་ རཱོ་མན་གྱི་རྒྱལ་ཆེན་ ཅཱར་ལིས་ ༦ པ་གིས་ བ་དུད་ས་དང་ ཤེལ་ལེན་བཱརག་གི་ལུང་ཕྱོགས་ཚུ་ གཅིག་ཁར་བསྡོམས་ཏེ་ ལིཀ་ཏནས་ཏ་ཡིན་གྱི་རྒྱལ་ཁམས་གཞི་བཙུགས་འབད་ནུག། (ཝི་ཀི་པི་ཌི་ཡ། ༢༠༢༥) ཟེར་བཀོད་ནུག། དེ་ལས་ ༡༨༠༦ ལུ་ རོ་མཱན་གྱི་རྒྱལ་ཁམས་རྩ་མེད་བཏང་ཞིནམ་ལས་ རང་དབང་ཐོབ་ཡོདཔ་དང་ སྤྱི་ལོ་ ༡༨༦༦ གི་ལོ་ལུ་ ཇར་མ་ནི་མཐུན་ཚོགས་ལས་ཐོན་ཡོདཔ་དང་ ཤུལ་ལས་ འཛམ་གླིང་དམག་ཆེན་དང་པ་དང་གཉིས་པའི་སྐབས་ རྒྱལ་ཁབ་ག་གི་ཕྱོགས་ཡང་མ་བཟུང་པར་སྡོད་ནུག། དེ་ལས་ འཛམ་གླིང་དམག་ཆེན་གཉིས་པའི་ཤུལ་ལུ་ སུའི་ཟར་ལེནཌ་དང་གཅིག་ཁར་ དཔལ་འབྱོར་གྱི་མཐུན་ལམ་སྒྲིང་སྒྲི་བཟོ་ནུག། ད་རེས་ནངས་པ་ ལིཀ་ཏནས་ཏ་ཡིན་འདི་ རྩ་ཁྲིམས་ཆེན་མོའི་རྒྱལ་བརྒྱུད་ཀྱི་རྒྱལ་ཁབ་ཅིག་ཨིནམ་ལས་ དངུལ་འབྲེལ་ལས་ཁུངས་དང་ལྟ་བཤལ་ དེ་ལས་ བཟོ་གྲྭ་ཚུ་གི་ཡོངས་གྲགས་ཡོདཔ་ཨིན།

ལིཀ་ཏནས་ཏ་ཡིན་གྱི་ས་ཆའི་རྒྱ་ཁྱོན་ཡོངས་བསྡོམས་ ཀི་ལོ་མི་ཊར་གྲུ་བཞིམ་ ༡༦༠ ཡོདཔ་ལས་ ཡུ་རོབ་ཀྱི་རྒྱལ་ཁབ་ཚུ་ལས་ཆུང་ཤོས་བཞི་པ་ཨིན། དེ་ལས་ མི་འབོར་འདི་ མི་གྲངས་ ༤༠,༠༢༣ ཙམ་འདུག། (ཝི་ཀིཔི་ཌི་ཡ། ༢༠༢༥) ཟེར་བཀོད་ནུག། རྒྱལ་ཁབ་ཀྱི་ མིའི་རིགས་མང་ཤོས་ཅིག་ ཇར་མ་ནི་གི་རིགས་བརྒྱུད་ཨིན། ཕྱི་རྒྱལ་གྱི་མི་སེར་ཚུ་ གཙོ་བོ་ སུའི་ཟར་ལེནཌ་དང་ ཨས་ཊི་ཡ་ དེ་ལས་ ཇར་མ་ནི་ཚུ་ལས་ཨིན་པའི་ཁར་ ཀེ་ཐོ་ལི་ཟམ་གྱི་ཆོས་ལུགས་འདི་ གཙོ་བོ་ཨིནམ་དང་ ཆོས་ལུགས་གཞན་ ཨིསི་ལམ་ཚུ་ཡང་ཡོདཔ་ཨིན་མས།

ལིཀ་ཏནས་ཏ་ཡིན་འདི་ ཁྲོམ་སྡེ་ ༡༡ ལུ་དབྱེ་སྟེ་ཡོདཔ་ཨིན། འདི་ཡང་ བ་དུད་ས་ (རྒྱལ་ས་ལྟེ་བ་དང་སྲིད་དོན་ལྟེ་བ།) དང་ཤཱན་ (ཁྲོམ་སྡེ་དང་དཔལ་འབྱོར་ལྟེ་བ་ཆེ་ཤོས།) དེ་ལས་ བཱལ་ཛརསི་ (ལོ་རྒྱུས་ཀྱི་ས་ཁོངས་དང་བཟོ་གྲྭ།) གསུམ་འདི་ རྒྱལ་ཁབ་ཀྱི་ མངའ་སྡེ་སོ་སོ་ཚུ་ལས་ སྦོམ་ཤོས་ཅིག་ཨིན་མས། རྒྱལ་ས་ལྟེ་བ་ བ་དུད་ས་འདི་ ཁྲོམ་ཆུང་ཀུ་ཅིག་ཨིན་རུང་ རྒྱལ་ཁབ་ཀྱི་སྲིད་དོན་དང་ལམ་སྲོལ་གྱི་སྙིང་ཁམས་ཅིག་ཨིན། འདི་ནང་ལུ་ ཁྱད་ཆོས་གཙོ་བོ་ ལིཀ་ཏནས་ཏ་ཡིན་གྱི་ རྒྱལ་པོ་གི་སྡོད་གནས་ བ་དུད་ས་གི་ཕོ་བྲང་ཡོདཔ་ཨིན། དེ་ལས་ དེང་སང་གི་སྒྱུ་རྩལ་འགྲེམས་སྟོན་ཁང་ ཀུན་ཏི་འགྲེམས་སྟོན་ཁང་ ལིཀ་ཏནས་ཏ་ཡིན་ཟེར་མི་ཡོདཔ་ཨིན། དེ་མ་ཚད་ གཞུང་གི་གདན་ས་ སྤྱི་ཚོགས་སྒྲིང་ཁྱིམ་དང་ རྒྱལ་པོའི་རྒུན་འབྲུམ་ལྡུམ་ར་ཨིན་མི་ ཆང་བཟོ་སྐྲུན་ཚུ་ཡོདཔ་ཨིན། (ཝི་ཀི་པི་ཌི་ཡ། ༢༠༢༥) ཟེར་བཀོད་ནུག།

ལིཀ་ཏནས་ཏ་ཡིན་འདི་ དམངས་གཙོའི་སྤྱི་ཚོགས་ཀྱི་ལམ་ལུགས་ཡོད་པའི་ རྩ་ཁྲིམས་ཆེན་མོའི་རྒྱལ་བརྒྱུད་རྒྱལ་ཁབ་ཅིག་ཨིན། ཝི་ཀི་པི་ཌི་ཡ། (༢༠༢༥) དང་འཁྲིལ་བ་ཅིན་ རྒྱལ་ཁབ་ཀྱི་འགོ་ཁྲིདཔ་འདི་ རྒྱལ་སྲས་ཧན་སི་ཨེ་ཌམ་གཉིས་པ་གིས་ སྲིད་དོན་གྱི་ཤན་ཞུགས་ཅན་ཡོདཔ་ཨིནམ་དང་ གཞུང་གི་འགོ་འཁྲིདཔ་འདི་ བློན་ཆེན་གྱིས་ ཉིན་བསྟར་གྱི་ལཱ་ཚུ་ འགོ་འདྲེན་འཐབ་ཨིན་པས། དེ་ལས་ ཁྲིམས་བཟོ་ལྷན་ཚོགས་འདི་ འཐུས་མི་ ༢༥ ཡོད་པའི་ ཚོགས་ཁང་གཅིག་ཅན་གྱི་ སྤྱི་ཚོགས་ཨིནམ་ལས་ རྒྱལ་ཁབ་འདི་ སྲིད་དོན་བརྟན་ཏོག་ཏོ་དང་ བྱ་ངན་ཚོད་གཞི་དམའ་ཤོས་ དེ་ལས་ གཞུང་སྐྱོང་སྒྲིང་སྒྲི་ཡོད་པའི་ ཡོངས་གྲགས་ཡོདཔ་ཨིན་ཟེར་བཀོད་དེ་འདུག།

ཇར་མཱན་འདི་ གཞུང་འབྲེལ་གྱི་སྐད་ཡིག་དང་ ས་གནས་ཀྱི་སྐད་ཡིག་འདི་ སུའིསི་ཇར་མཱན་དང་འདྲ་བའི་ ཨ་ལེ་མཱན་ནིག་ཇར་མ་ནི་འདི་ཨིན་པས། ལིཀ་ཏནས་ཏ་ཡིན་གྱི་རྒྱལ་ཡོངས་ཉིནམ་ སྤྱི་ཟླ་ ༨ པའི་ཚེས་ ༡༥ ལུ་ ཤོག་བམ་དང་ལས་རིམ་མ་འདྲཝ་ཚུ་གི་ཐོག་ལས་ རྩི་སྲུང་འབད་དོ་ཡོདཔ་ཨིན་པས། དེ་ལས་ ངོ་རྫུས་བཟོ་ནི་དང་མི་ཚུ་གཅིག་ཁར་འཛོམས་ཏེ་ ཁྲོམ་སྐོར་ཚུ་རྐྱབ་ཏེ་ དུས་སྟོན་སྲིད་ནི་ཡོདཔ་དང་ རྒྱལ་ཁབ་ཀྱི་ སྔར་སྲོལ་གྱི་སྙན་ཆ་དང་ མི་སྡེའི་ལམ་སྲོལ་ཚུ་ལུ་ བརྩི་མཐོང་བསྐྱེདཔ་ཨིནམ་དང་ དེང་སང་གི་སྒྱུ་རྩལ་འགྲེམས་སྟོན་ཁང་དང་ གློག་བརྙན་ཁང་ཚུ་ཡང་ཡོདཔ་ཨིན། རྒྱལ་ཁབ་ཀྱི་རྫས་རིགས་འདི་ སུད་སི་དང་ཨོསི་ཊི་ཡན་ དེ་ལས་ ཇར་མཱན་གྱི་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། ཁོང་གི་རྫས་རིགས་ཡང་ ཆུམ་དང་སྒོགཔ་བཞུ་བའི་བཞེས་སྒོ་ཆུང་ཀུ་ ཀ་སི་ནོཔ་ཕེལ་དང་ རོས་ཏི་དེ་ལས་ ཧ་ཕ་ལཱབ་དང་ ལིཀ་ཏནས་ཏ་ཡིན་གྱི་ཆང་ཚུ་ཨིན་མས། དེ་ལས་ རྐང་རྩེད་དང་ གངས་རིའི་ས་ཁོངས་ལས་བརྟེན་ཏེ་ གངས་ཤུད་དང་ཨཱལ་པའིན་རྩེད་རིགས་ དེ་ལས་ རྐང་འཁོར་དང་རྐང་འགྲོས་ཚུ་ རྒྱལ་ཁབ་ནང་ཡོངས་གྲགས་ཡོདཔ་ཨིན།

ལིཀ་ཏསན་ཏ་ཡིན་འདི་ འཛམ་གླིང་ནང་ མི་རེ་ལུ་ དཔལ་འབྱོར་སྟོབས་ཤུགས་ཅན་ཅིག་ཨིནམ་དང་ དེ་ཡང་ དངུལ་འབྲེལ་དང་བཟོ་གྲྭ་ དེ་ལས་ ལྟ་བཤལ་ཚུ་ལུ་བརྟེན་ཏེ་ཨིན་པས། བཟོ་གྲྭ་གཙོ་བོ་ཡང་ དངུལ་ཁང་དང་དངུལ་འབྲེལ་ཁང་གི་ཞབས་ཏོག་འདི་ རྒྱལ་སྤྱིའི་དངུལ་ཁང་ཚུ་གི་དོན་ལུ་ ལྟེ་བ་གཙོ་བོ་ཅིག་ཨིན་པས། དེ་ལས་ གཏན་གཏན་གྱི་ལག་ཆས་དང་གློག་རིག་ དེ་ལས་ སྨན་རིགས་ཀྱི་བཟོ་སྐྲུན་ཚུ་ནང་ ཁྱད་རིག་ཅན་ཅིག་ཡང་ཨིན། རྒྱལ་ཁབ་ནང་ རི་དང་བཙན་རྗོང་ དེ་ལས་ ལམ་སྲོལ་གྱི་ས་ཁོངས་ཚུ་གིས་ ལྟ་བཤལཔ་ལེ་ཤ་འོང་དོ་ཡོདཔ་དང་ རྒྱལ་ཁབ་ནང་ལུ་ ཁྲལ་དམའ་བ་ཡོད་མི་འདི་གིས་ ཚོང་འབྲེལ་གྱི་མཐུན་འབྲེལ་ཅན་གྱི་རྒྱལ་ཁབ་ཅིག་བཟོ་དོ་ཡོད་པའི་ཁར་ འོང་འབབ་མཐོ་བའི་དཔལ་འབྱོར་གྱི་རྒྱལ་ཁབ་ཅིག་ཨིནམ་ལས་ ལཱ་གཡོག་མེད་པའི་དཀའ་ངལ་དེ་ཅིག་མེདཔ་ཨིན་པས།

གཞན་རྒྱལ་ཁབ་དང་ཕྱདཔ་ད་ ལིཀ་ཏནས་ཏ་ཡིན་ལུ་ དཀའ་ངལ་ཉུང་སུ་ཅིག་ཡོད་རུང་ གདོང་ལེན་ལ་ལུ་ཅིག་ཡོདཔ་ཨིན། དེ་ཡང་ ཕྱི་ཚོང་དང་འབྲེལ་བ་ཡོད་པའི་ སུའིསི་དང་ཡུ་རོབ་ཀྱི་ཚོང་འབྲེལ་ལུ་ ཤུགས་སྦེ་ར་བརྟེན་དོ་ཡོདཔ་ཨིནམ་ལས་ འཛམ་གླིང་དངུལ་འབྲེལ་ཁྲིམས་ལུགས་ལུ་ཉེན་ཁ་འདུག། ཝི་ཀི་པི་ཌི་ཡ། (༢༠༢༥) གིས་ རྒྱལ་ཁབ་ནང་ ཕྱི་རྒྱལ་གྱི་ལས་བྱེདཔ་ བརྒྱ་ཆ་ ༥༠ དེ་ཅིག་ ཨས་ཊི་ཡན་དང་སུའི་ཟར་ལེན་ལས་ འགྲུལ་བསྐྱོད་འབདཝ་ཨིན་པས། དེ་ལས་ རྒྱལ་ཁབ་ནང་ལུ་ དངུལ་འབྲེལ་གི་སྒྲིག་གཞི་དང་དཔྱ་ཁྲལ་གྱི་ཐོག་ལུ་དཀའ་ངལ་དུམ་གྲ་རེ་འབྱུང་དོ་ཡོདཔ་ཨིན་པས།

ལིཀ་ཏནས་ཏ་ཡིན་གྱི་རྒྱལ་ཁབ་འདི་ ཡུ་རོབ་ཀྱི་རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་རུང་ སྲིད་དོན་བརྟན་ཏོག་ཏོ་དང་ དཔལ་འབྱོར་སྟོབས་ཤུགས་ཅན་ དེ་ལས་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱ྄གཔོ་ཡོད་པའི་རྒྱལ་ཁབ་ཅིག་ཨིན། གདོང་ལེན་ཆུང་ཀུ་ཅིག་ཡོད་རུང་ འཛམ་གླིང་ནང་ ཕྱུག་ཤོས་དང་ གཞུང་སྐྱོང་ལེགས་ཤོམ་ཡོད་པའི་ རྒྱལ་ཁབ་ཅིག་སྦེ་ལུས་ཡོདཔ་ཨིན།

རྒྱབ་རྟེན་དཔེ་དེབ།

  • DDC Dictionary (Mobile application software).
  • Eng - Dzo Terminology (Mobile application software).
  • Wikipedia. (2025). Liechtenstein. Published by: Creative Commons. Retrieved from:                 https://en.wikipedia.org/wiki/Liechtenstein#
"https://dz.wikipedia.org/w/index.php?title=ལིཀ་ཏནས་ཏ་ཡིན།&oldid=39351" ལས་ སླར་འདྲེན་འབད་ཡོདཔ།