Jump to content

ལིབ་ཡ།

Wikipedia ལས།
ལིབ་ཡ་གི་རྒྱལ་དར།

༉ ལིབ་ཡ་འདི་ བྱང་ཨཕ་རི་ཀ་ལུ་ཆགས་ཡོད་པའི་ཁར་ སྔོན་མའི་དུས་སྐབས་ལས་ བྱུང་རབས་ལུ་ཕྱུགཔོ་ཡོདཔ་ཨིན། ཧེ་མ་ བཱར་བཱར་མི་རིགས་ཚུ་གི་ཁྱིམ་ཅིག་ཨིནམ་དང་ ཤུལ་ལས་ ཕོ་ནི་ཤི་ཡན་དང་གིརིག་ རོ་མཱན་ དེ་ལས་ ཨ་རབ་ཚུ་གིས་ དབང་འཛིན་འབད་ནུག། དུས་རབས་ ༡༦ པ་ལས་ ༡༩༡༡ ཚུན་ ཨི་ཊ་ལི་གིས་ རྒྱལ་ཁབ་འདི་ དབང་དུ་བསྡུ་བའི་སྐབས་ ཨོ་ཊོ་མཱན་རྒྱལ་ཁམས་ཀྱིས་ ལིབ་ཡ་འདི་ དབང་འཛིན་འབད་ནུག།

འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ལུ་ ལིབ་ཡ་འདི་ ཨེགསི་དང་མཐུན་ཕྱོགས་དམག་སྡེ་གི་བར་ན་ དམག་འཁྲུག་གི་ས་གོ་ཅིག་ལུ་འགྱུར་ཡོདཔ་དང་ དམག་འཁྲུག་གི་ཤུལ་ལས་ ༡༩༥༡ ལུ་ རང་དབང་ཐོབ་སྟེ་ རྒྱལ་པོ་ཨི་ཌི་རིསི་དང་པའི་ འོག་ལུ་ ལིབ་ཡ་གི་རྒྱལ་ཁབ་ཅིག་སྦེ་གྱུར་ནུག། (ཝི་ཀིཔི་ཌི་ཡ། ༢༠༢༥) ཟེར་བཀོད་དེ་འདུག། དེ་ལས་ གཱ་ཌ་ཕི་མར་ཕབ་འགྱོ་ཞིནམ་ལས་ཚུར་ ལིབ་ཡ་གིས་ སྲིད་དོན་བརྟན་ཏོག་ཏོ་མེད་མི་དང་ མཚོན་ཆའི་འཐབ་རྩོད་ དེ་ལས་ གཞུང་སྐྱོང་ཁ་ཕྱེས་ཏེ་ དཀའ་ངལ་བྱུང་ཡོདཔ་ཨིནམ་དང་ དམག་མི་དང་སྲིད་དོན་ཚོགས་པ་སྣ་ཚོགས་ཀྱིས་ དབང་ཚད་ཀྱི་དོན་ལུ་ འགྲན་བསྡུར་འབད་ཡོདཔ་ལས་ ལིབ་ཡ་འདི་ འཛམ་གླིང་ནང་ བརྟན་ཏོག་ཏོ་མེད་པའི་ རྒྱལ་ཁབ་ཅིག་ལུ་གྱུར་ཡོདཔ་ཨིན་པས།

ལིབ་ཡ་གི་ ཝི་ཀི་པི་ཌི་ཡ། (༢༠༢༥) དང་འཁྲིལ་བ་ཅིན་ ས་ཆའི་རྒྱ་ཁྱོན་ཡོངས་བསྡོམས་ ཀི་ལོ་མི་ཊར་གྲུ་བཞིམ་ས་ཡ་ ༡.༧༦ ཡོདཔ་ལས་ ཨཕ་རི་ཀའི་རྒྱལ་ཁབ་སྦོམ་ཤོས་བཞི་པ་ཨིན་པའི་ཁར་ མི་འབོར་ས་ཡ་ ༧ ཙམ་ (༢༠༢༤ ལོའི་ཚོད་དཔག) ཡོདཔ་ཨིན་ཟེར་བཀོད་ནུག། རྒྱལ་ཁབ་ནང་ལུ་ མི་རིགས་ ཨ་རབ་ བཱར་བཱར་ ཊུ་ཨ་རེག་དང་ཊོའུ་བོ་ཚུ་གི་རིགས་ཡོདཔ་དང་ ཆོས་ལུགས་ཡང་ རྒྱལ་ཁབ་ནང་ དབང་ཤུགས་ཆེ་བའི་ཆོས་ལུགས་ ཨིསི་ལམ་ (སུ་ནི་མུས་ལིམ་བརྒྱ་ཆ་ ༩༧) དེ་ཅིག་ཡོདཔ་དང་ ཡེ་ཤུ་པ་ དེ་ལས་ ཆོས་ལུགས་གཞན་ཡང་ཡོདཔ་ཨིན་པས།

ལིབ་ཡ་འདི་ སྔར་སྲོལ་ལྟར་ ཊི་རི་པོ་ལི་ཊ་ནི་ཡ་ (ནུབ་ཕྱོགས་) དང་ སི་རི་ནའི་ཀ་ (ཤར་ཕྱོགས) དེ་ལས་ ཕེ་ཟན་ (ལྷོ་ཕྱོགས) དང་བཅས་ ལུང་ཕྱོགས་གཙོ་བོ་གསུམ་ལུ་དབྱེ་སྟེ་ཡོདཔ་ཨིན། རྒྱལ་ཁབ་ནང་ རྫོང་ཁག་ ༢༢ ཡོད་རུང་ སྲིད་དོན་གནས་སྟངས་ལུ་བརྟེན་ གཞུང་སྐྱོང་འདི་ འཕྲལ་འཕྲལ་ར་ཆ་ཤས་སྦེ་ འགྱོ་དོ་ཡོདཔ་ཨིན་པས། ལིབ་ཡའི་རྒྱལ་ས་ལྟེ་བ་དང་གྲོང་ཁྱེར་ཆེ་ཤོས་ཊི་པ་ལི་འདི་ མེ་ཌི་ཊེ་རེ་ནི་ཡཱན་མཚོ་འགྲམ་ལུ་ཆགས་ཡོད་པའི་ཁར་ དཔལ་འབྱོར་དང་ལམ་སྲོལ་ དེ་ལས་ སྲིད་དོན་གྱི་ལྟེ་བ་ཅིག་ཨིན། (ཝི་ཀི་པི་ཌི་ཡ། ༢༠༢༥) ཟེར་བཀོད་ནུག། རྒྱལ་ས་ལྟེ་བའི་ཁྱད་ཆོས་གཙོ་བོ་ར་ བྱུང་རབས་ཀྱི་ས་རྟགས་ བཙན་རྫོང་དམརཔོ་དང་ མར་ཀཱསི་ཨོ་རི་ལི་ཡིས་གི་གཞུ་དབྱིབས་ དེ་ལས་མེ་ཌི་ན་ (ཁྲོམ་རྙིངམ་) ཚུ་གིས་ ཊི་པ་ལི་གི་བྱུང་རབས་ཕྱུགཔོ་འདི་སྟོནམ་ཨིན། དེ་མ་ཚད་ ལིབ་ཡ་གི་ཚོང་འབྲེལ་ངོ་མ་དང་དངུལ་ཁང་ དེ་ལས་ ཚོང་ཁང་ཚུ་གི་ལྟེ་བ་ཨིནམ་དང་ སྤྱི་ལོ་ ༢༠༡༡ ལས་ ཊི་པ་ལི་ལུ་ འཁྲུག་རྩོད་དང་ བརྟན་ཏོག་ཏོ་མེད་མི་ དེ་ལས་ དམག་མི་ཚུ་གི་ གནོདཔ་བཀལ་ཡོདཔ་ཨིན་པས།

ལིབ་ཡ་འདི་ སྤྱི་ལོ་ ༢༠༡༡ ལུ་ གཱ་ཌ་ཕི་གིས་ བཏོན་བཏང་བའི་ཤུལ་ལུ་ སྲིད་དོན་བརྟན་ཏོག་ཏོ་མེད་པའི་ཁར་ ད་ལྟོ་འདི་ལུ་ ཁ་གཏད་གཞུང་གཉིས་ཡོདཔ་ཨིན། དེ་ཡང་ འཛམ་གླིང་སྤྱི་ཚོགས་ཀྱིས་ངོས་འཛིན་འབད་མི་ རྒྱལ་ཡོངས་གཅིག་སྒྲིལ་གཞུང་ (GNU) འདི་ ཊི་པ་ལི་ལུ་གཞི་བཙུགས་འབད་དེ་ཡོདཔ་དང་ ལི་བི་ཡའི་རྒྱལ་ཡོངས་དམག་སྡེ་གིས་རྒྱབ་སྐྱོར་འབད་མི་ ཊོབ་རུག་ལུ་གཞི་བཙུགས་འབད་དེ་ཡོདཔ་ཨིན། རྒྱལ་ཁབ་ནང་ སྤྱི་ལོ་ ༢༠༡༡ ལས་ གཅིག་སྒྲིལ་རྒྱལ་ཡོངས་གཞུང་མེད་པའི་ཁར དམག་མི་དང་མཚོན་ཆ་ཅན་གྱི་སྡེ་ཚན་ཚུ་གིས་ ལུང་ཕྱོགས་སོ་སོ་ཚུ་ དབང་འཛིན་འབད་ཡོད་པའི་ཁར་ ཕྱི་རྒྱལ་གྱི་འབྲེལ་གཏོགས་ (ཊར་ཀི་ ར་ཤི་ཡ་ ཡུ་ཨེ་ཨི་ ཨི་ཇིབ) ཚུ་གིས་ འཁྲུག་རྩོད་ཚུ་ཧེང་སྐལ་ར་ སྐྱོ་དྲགས་བཟོ་ཡོདཔ་ཨིན། (Mukhtar Mustafa Buru, Dennis D. Cordell. 2025) ཟེར་བཀོད་ནུག།

ལིབ་ཡ་གི་ལམ་སྲོལ་འདི་ ཨ་རབ་དང་ བཱར་བཱར་ དེ་ལས་ མེ་ཌི་ཊེ་རེ་ནི་ཡཱན་གི་ལམ་སྲོལ་ཚུ་གིས་ ཤུགས་སྦེ་ར་ ཤན་ཞུགས་འབད་ཡོདཔ་ཨིན། ཝི་ཀི་པི་ཌི་ཡ། (༢༠༢༥) ཨ་ར་བིག་འདི་ གཞུང་འབྲེལ་སྐད་ཡིག་ཨིནམ་དང་ ལུང་ཕྱོགས་ལ་ལུ་ཅིག་ནང་ བཱར་བཱར་གྱི་སྐད་ཡིག་འདི་སླབ་ཨིན། ཨི་ཊ་ལིའི་སྐད་དང་ཨིང་ལིཤ་སྐད་ཡིག་འདི་ ཚོང་ལས་དང་ཤེས་ཡོན་ནང་ལག་ལེན་འཐབ་ཨིན་ཟེར་བཤདཔ་ཨིན། སྲོལ་རྒྱུན་གྱོན་ཆས་འདི་ ཕོ་སྐྱེས་ཚུ་གིས་ ཇ་ལ་བི་ཡ་ (གྱོན་ཆས་རིངམ) ཡང་ན་ གོས་ཐུང་དཀརཔོ་གྱོན་དགོཔ་དང་ ཨམ་སྲུ་ཚུ་འཕྲལ་འཕྲལ་ར་ མགོ་རས་བཀབ་སྟེ་ ཚོས་གཞི་ཅན་གྱི་གྱོན་ཆས་གྱོནམ་ཨིནམ་དང་ ཏར་བུཤ་ (ཞཱམོ་དམརཔོ) འདི་ ལམ་སྲོལ་གྱི་རྟགས་མཚན་ཅིག་ཨིན། རྒྱལ་ཁབ་ནང་ལུ་ དུས་ཆེན་མང་ཤོས་ར་ ཨིད་ཨཱལ་ཕིཊར་དང་ ཨིད་ཨཱལ་ཨ་དྷ་གཉིས་ བརྩི་སྲུང་འབད་དོ་ཡོདཔ་དང་ ལི་བི་ཡའི་ཟ་འཐུང་ བཱ་ཟིན་ ཀུ་སི་ཀོས་ དེ་ལས་ ཤཱཀྵོཀ་ཚུ་ ཨ་རབ་དང་ མེ་ཌི་ཊེ་རེ་ནི་ཡཱན་ དེ་ལས་ བཱར་བཱར་ཚུ་གི་བྲོ་བ་ཚུ་སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། Mukhtar Mustafa Buru, Dennis D. Cordell. (༢༠༢༥) གིས་ རྐང་རྩེད་དང་ རྟ་དང་རྔ་མོང་འགྲན་བསྡུར་ དེ་ལས་ དམག་རྩལ་དང་ མདའ་རྩེད་འདི་ཚུ་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིན་ཟེར་བཀོད་ནུག།

ལིབ་ཡའི་དཔལ་འབྱོར་དེ་ མར་ཁུ་ལུ་བརྟེན་དགོཔ་ཨིནམ་དང་ སྤྱི་ལོ་ ༢༠༡༡ ལོའི་དམག་འཁྲུག་གི་ཧེ་མ་ ལིབ་ཡ་འདི་ མར་ཁུ་གསོག་འཇོག་མངམ་འབད་དེ་ཡོད་མི་ལུ་བརྟེན་ ཨཕ་རི་ཀའི་རྒྱལ་ཁབ་ཕྱུག་ཤོས་ཅིག་ཨིན་རུང་ འཁྲུག་རྩོད་ཚུ་གིས་ དཔལ་འབྱོར་ལུ་ གནོད་སྐྱོན་སྦོམ་སྦེ་ར་ རྐྱབ་སྟེ་ཡོདཔ་ཨིན་པས། (ཝི་ཀི་པི་ཌི་ཡ། ༢༠༢༥) ཟེར་བཀོད་དེ་ཡོད་པའི་ཁར་ ལིབ་ཡ་ལུ་ ཨཕ་རི་ཀ་གི་མར་ཁུ་གསོག་འཇོག་སྦོམ་ཤོས་ཡོད་རུང་ ཐོན་སྐྱེད་འདི་ སྲིད་དོན་བརྟན་ཏོག་ཏོ་མེད་མི་ལུ་བརྟེན་ འཕྲལ་འཕྲལ་ར་ བར་ཆད་རྐྱབ་དོ་ཡོདཔ་ཨིན། དེ་ལས་ སོ་ནམ་གྱི་ལཱ་ཚུ་  བྱེ་ཐང་གི་གནམ་གཤིས་ལུ་བརྟེན་ ཚད་འཛིན་འབད་ཡོདཔ་དང་ ཚོང་འབྲེལ་དང་དངུལ་ཁང་མང་ཤོས་ར་ རྒྱལ་ཁབ་ཀྱི་དབང་ཚད་ཡོད་རུང་ འཁྲུག་རྩོད་ཀྱིས་ ཞན་ཁོག་བཟོ་སྟེ་ཡོདཔ་ཨིན་པས། དེ་མ་ཚད་ རྒྱལ་ཁབ་ནང་ ལཱ་གཡོག་མེད་མི་ (བརྒྱ་ཆ་ ༣༠ ལས་ལྷགཔ) ཡོདཔ་དང་ འཁྲུག་རྩོད་ལུ་བརྟེན་ མར་ཁུ་ཐོན་སྐྱེད་ལུ་ བར་ཆད་བྱུང་མི་ དེ་ལས་ ཕྱི་རྒྱལ་གྱི་མ་རྩ་བཙུགས་མི་མེད་མི་དང་ གཞི་རྟེན་མཐུན་རྐྱེན་ཚུ་ སྐྱོ་དྲགས་ཡོད་པའི་གདོང་ལེན་ ཡོདཔ་ཨིན།

ལིབ་ཡ་ལུ་ འགྲོ་བ་མི་དང་སྲིད་དོན་གྱི་དཀའ་ངལ་ཚབས་ཆེན་བྱུང་ཡོདཔ་ཨིན། དེ་ཡང་ ཁ་གཏད་གཞུང་གཉིས་དང་དམག་མི་སྣ་ཚོགས་ཀྱིས་ དབང་ཚད་ཀྱི་དོན་ལུ་ འཐབ་འཛིང་འབད་དོ་ཡོདཔ་དང་ སྤྱི་ལོ་ ༢༠༡༡ ལས་ གཞུང་བརྟན་ཏོག་ཏོ་མེདཔ་ཨིན་པས། དེ་མ་ཚད་ ཨིས་ཨིས་དང་ཨེལ་ཀའེ་ཌ་གཉིས་ཀྱིས་ ལིབ་ཡའི་ས་ཁོངས་ལ་ལུ་ཅིག་ནང་ བཀོལ་སྤྱོད་འབད་ཡོདཔ་མ་ཚད་ མཚོན་ཆ་ཅན་གྱི་དམག་མི་ཚུ་གིས་ ཁྲོམ་སྡེ་དང་ལུང་ཕྱོགས་གཙོ་བོ་ཚུ་ དབང་འཛིན་འབདཝ་ཨིན། ལིབ་ཡ་འདི་ ཨཕ་རི་ཀ་ལས་ ཡུ་རོབ་ལུ་ལྷོད་ནི་གི་ དཔའ་བཅམ་མི་ཚུ་གི་དོན་ལུ་ འགྲུལ་སྐྱོད་ཀྱི་རྒྱལ་ཁབ་གཙོ་བོ་ཅིག་ཨིནམ་ལས་ གནས་སྤོ་མི་ཚུ་ལུ་ ལོག་སྤྱོད་དང་ མི་ནག་ཚོང་ དེ་ལས་ ཉེན་སྲུང་མེད་པའི་གནས་སྟངས་ཚུ་ ཐོན་དོ་ཡོདཔ་ཨིན། ཧེ་མ་ ཕྱུགཔོ་སྦེ་སྡོད་མི་ ལིབ་ཡ་འདི་ ད་རེས་ གོང་ཚད་ཡར་སེང་དང་ ངན་ལྷད་ དེ་ལས་ ཞབས་ཏོག་ཚུ་ ལེགས་ཤོམ་མེད་མི་ལུ་བརྟེན་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པའི་ཁར་ མི་སེར་མང་ཤོས་ཅིག་ལུ་ ས་སྣུམ་མ་ལངས་པའི་དཀའ་ངལ་དང་ གློག་མེ་བཀག་ཆ་ དེ་ལས་ ཟ་འཐུང་གི་གོང་ཚད་མཐོ་དྲགས་ཚུ་གི་ གདོང་ལེན་ཐོན་དོ་ཡོདཔ་ཨིན་པས། དེ་ལས་གཞན་ཡང་ དམག་འཁྲུག་གིས་ ལམ་དང་སྨན་ཁང་ དེ་ལས་ སློབ་གྲྭ་ཚུ་ མེདཔ་བཏང་ཡོདཔ་དང་ བྱེ་ཐང་དང་ དྲོད་ཚད་ཡར་སེང་འགྱོ་མི་ དེ་ལས་ མ་ལངས་པའི་དཀའ་ངལ་གྱིས་ སོ་ནམ་དང་ ཉིན་བསྟར་གྱི་མི་ཚེ་ནང་ ཉེན་ཁ་བཟོཝ་ཨིན། (Mukhtar Mustafa Buru, Dennis D. Cordell. 2025) ཟེར་བཀོད་ནུག།

ལིབ་ཡ་འདི་ མར་ཁུའི་ཐོན་ཁུངས་ཕྱུགཔོ་དང་ སྔོན་མའི་ལོ་རྒྱུས་ དེ་ལས་ ཐབས་བྱུས་ཅན་གྱི་ས་གནས་ འོས་འབབ་སྦོམ་ཡོད་པའི་ རྒྱལ་ཁབ་ཅིག་ཨིན་ཏེ་འབད་རུང་ སྲིད་དོན་བརྟན་ཏོག་ཏོ་མེད་མི་དང་ ནང་འཁྲུག་ དེ་ལས་ དཔལ་འབྱོར་ཉམས་རྒུད་འགྱོ་མི་ལུ་བརྟེན་ དཀའ་ངལ་བྱུང་ཡོདཔ་ཨིན། ལིབ་ཡའི་རྒྱལ་ཁབ་གོང་འཕེལ་གཏང་ནིའི་དོན་ལུ་ སྲིད་དོན་གཅིག་མཐུན་དང་ དཔལ་འབྱོར་བསྐྱར་ཞིབ་ དེ་ལས་ གཞི་རྟེན་མཐུན་རྐྱེན་ཚུ་ ལོག་སྟེ་རྐྱབ་ནི་དང་ ཉེན་སྲུང་ཡར་དྲག་གཏང་ནི་ དེ་ལས་ གཞི་རྟེན་ཞབས་ཏོག་ཚུ་ བྱིན་ནིའི་དོན་ལུ་ རྒྱལ་སྤྱིའི་རྒྱབ་སྐྱོར་ཚུ་དགོཔ་ཨིན་པས། ལིབ་ཡ་འདི་ དཀའ་ངལ་ཡོད་རུང་ མ་འོངས་པ་ལུ་ བརྟན་ཏོག་ཏོ་དང་ ཡར་རྒྱས་ཅན་ལུ་འགྱུར་བའི་རེ་བ་བསྐྱེད་དེ་བཟོད་བསྲན་དང་ རྒྱལ་རབས་ཀྱི་ཁག་ཆེ་བའི་ རྒྱལ་ཁབ་ཅིག་སྦེ་ ལུས་ཡོདཔ་ཨིན་པས།

རྒྱབ་རྟེན་དཔེ་དེབ།

Buru.M.M, & Cordell.D.D. (2025). Government and society. Published by: Britannica. Retrieved from: https://www.britannica.com/place/Libya/Political-process

DDC Dictionary (Mobile application software).

Eng - Dzo Terminology (Mobile application software).

Wikipedia. (2025). Libya. Published by: Creative Commons. Retrieved from:                                        https://en.wikipedia.org/wiki/Libya#

"https://dz.wikipedia.org/w/index.php?title=ལིབ་ཡ།&oldid=39432" ལས་ སླར་འདྲེན་འབད་ཡོདཔ།