ལྟ་རྫོང་། (སྤ་རོ)

Wikipedia ལས།
(ལྟ་རྫོང་ ལས་ ལོག་བཏང་ཡོདཔ་)
འཕྲོ་མཐུད་འགྱོ་: འཛུལ་འགྱོ་, འཚོལ་ཞིབ།
Ta Dzong museum.jpg

རྫོང་འདི་ སྤ་རོ་ཚོང་འདུས་ཁྲོམ་ལས་ ཀི་ལོ་མི་ཊར་ ཕྱེད་དང་དྲུག་དང་ རིན་སྤུང་རྫོང་ལས་ མཐོ་ཚད་མི་ཊར་ ༥༠༠ དེ་གཅིག་གི་ས་ཁ་ བཞེངས་ཡོདཔ་ཨིན། རིན་སྤུང་རྫོང་འདི་བཞེངས་ཚར་བའི་ཤུལ་ལུ་ སྡེ་སྲིད་གཉིས་པ་ བསྟན་འཛིན་འབྲུག་སྒྲ་གི་ སྐབས་ལུ་ བོད་དང་རྒྱ་གར་ལས་དམག་གི་འཇིགས་པ་ཚུ་ ལེ་ཤ་གཅིག་འབྱུང་ཡོདཔ་ལས་ འདི་ཚུ་ལས་ སྲུང་སྐྱོབ་འབད་ནིའི་དོན་ལུ་དང་ དེ་གི་ནང་དོ་གཉིས་ལས་ཡང་ རིན་སྤུང་རྫོང་འདི་སྲུང་སྐྱོབ་འབད་ནིའི་དོན་ལུ་ ལ་སྔོན་པ་ བསྟན་འཛིན་འབྲུག་སྒྲ་དང་ ཆོས་རྒྱལ་མི་འགྱུར་བསྟན་པ་གཉིས་ཀྱིས་ དུས་རབ་ ༡༧ པའི་ བར་མཚམས་ལུ་ ལྟ་རྫོང་འདི་བཞེངས་གནང་ནུག།

རྫོང་གི་ ཐོག་བཞི་པམ་དེ་ ཧེ་མ་འབད་བ་ཅིན་ བཙོན་པ་ཚུ་བཞག་ས་ཨིན་མས། དམག་ཁྲུགས་རེ་ཐོན་ཏེ་པའི་སྐབས་ ཆུ་ལེན་ནིའི་དོན་ལུ་ ས་འོག་ལས་ ལྟ་རྫོང་དང་ སྤ་ཆུ་གཉིས་མཐུད་པའི་ བགྲོད་ལམ་གཅིག་ཡོདཔ་ཨིན་རུང་ ལམ་འདི་ ད་ལྟོ་མཐོང་ས་མེདཔ་ཨིན་མས།

རྫོང་འདི་ ལོ་ ༣༥༠་ དེ་ཅིག་གི་ཧེ་མ་བཞེངས་ཡོདཔ་ཨིནམ་དང་ བར་སྐབས་ཅིག་དེ་ནང་སྡོད་མི་ག་ཡང་མེད་པར་ ཉེ་འདབ་ཀྱི་ཨ་ལོ་ཚུ་གིས་ དེ་ཁ་རྩེདམོ་རྩེཝ་ལས་ གནོད་སྐྱོན་དུམ་གྲ་རེ་འབྱུང་ཡོད་རུང་ རང་བཞིན་གྱི་སྐྱེན་ངན་དང་ ཕྱིའི་དགྲ་བྱང་ཕྱེད་ཚུ་ལུ་བརྟེན་གནོད་པ་ག་ནི་ཡང་མ་འབྱུང་མི་ རྫོང་དག་པ་གཅིག་ཡོད་མི་ནང་ལས་ གཅིག་ལྟ་རྫོང་འདི་ཨིན་མས། ༡༧༡༤ ལུ་ ས་གཡོམ་ ཉིནམ་ ༡༥ གི་རིང་ལུ་རྐྱབ་ཡོདཔ་དང་ ད་རུང་ ༡༨༩༦ ལུ་ཡང་ ས་གཡོམ་རྐྱབ་པའི་སྐབས་ རྒྱལ་ཁབ་ནང་གི་ རྫོང་གཞི་གཞན་ལེ་ཤ་གཅིག་ལུ་ གནོད་སྐྱོན་ཤུགས་སྦེ་ར་འབྱུང་ཡོད་རུང་ ལྟ་རྫོང་འདི་ལུ་ གནོད་པ་ག་ནི་ཡང་མ་འབྱུང་མས།

རྫོང་འདི་ འབྲུག་རྒྱལ་གསུམ་པ་ འཇིགས་མེད་ རྡོ་རྗེ་དབང་ཕྱུག་མཆོག་གི་ བཀའ་རྒྱ་དང་འཁྲིལ་ཏེ་ འབྲུག་གོང་འཕེལ་དངུལ་ཁང་ཚད་འཛིན་གྱི་ མང་དངུལ་གྲོགས་རམ་འབད་ཐོག་ལས་ ཉམས་བཅོས་འབད་ཡོདཔ་དང་ རྫོང་མཇལ་བ་འོང་མི་ཚུ་གི་དོན་ལུ་ འཁོར་ལམ་ཡང་སྟོན་ནུག།

ལྟ་རྫོང་འདི་ དབྱིབས་ ཐེ་སྒོར་སྒོར་སྦེ་ཡོདཔ་དང་ ནང་ན་གི་ ཐོག་ཚད་བདུན་ཡོད་མི་ ཁྱིམ་དེ་ རྒྱུ་ནོར་ལོངས་སྤྱོད་བཟུམ་ཅིག་ཨིནམ་དང་ ཕྱི་ཁ་གི་གྱང་ཐེ་སྒོར་སྒོར་དེ་ འདི་ཚུ་སྲུང་སྐྱོབ་འབད་མི་བཟུམ་ཅིག་ཨིན།

"https://dz.wikipedia.org/w/index.php?title=ལྟ་རྫོང་།_(སྤ་རོ)&oldid=26649" ལས་ སླར་འདྲེན་འབད་ཡོདཔ།