ལྷ་བཟོ།
སྤྱིར་བཏང་འཛམ་གླིང་ནང་ལུ་ རི་མོ་འབྱུང་ཚུལ།
[ཞུན་དག]༉ ང་བཅས་རའི་ནང་པའི་ལྷ་བྲིས་འདི་ སྤྱིར་འཛམ་གླིང་ནང་ལུ་ ཧེ་མ་ མིའི་ཚེ་ཚད་འབུམ་སྦེ་ཐུབ་པའི་སྐབས་ལུ་བྱུང་བྱུངམ་ཨིན་ཟེར་གསུངས་ཏེ་འདུག། དེ་ཡང་ མིའི་ཚེ་ཚད་ འབུམ་ལས་མར་གྲིབ་འགྱོ་བའི་བསྒང་ལུ་ རྒྱལ་པོ་འཇིགས་ཐུལ་ཟེར་མི་འདི་གིས་ རྒྱལ་ཁབ་སྐྱོང་བཞུགས་པའི་སྐབས་ བྲམ་ཟེའི་བུ་གཅིག་གློ་བུར་དུ་ཤི་རྐྱེན་བྱུང་སྟེ་ བྲམ་ཟེ་དེ་གིས་ རྒྱལཔོ་ལུ་ ཁོ་གི་བུ་འདི་ག་དེ་སྦེ་ཨིན་རུང་ལོག་དགོཔ་སྦེ་ ཧད་བཏགས་འཚོལ་ནུག། རྒྱལཔོ་གིས་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུ་མདུན་ལུ་བཅར་ཏེ་ རྒྱལ་པོའི་འབངས་ བྲམ་ཟེའི་བུ་ཤི་མི་དེ་ལོག་དགོཔ་སྦེ་ཞུཝ་ད་ གཤིན་རྗེའི་རྒྱལ་པོ་གིས་ མི་དེ་ཚུ་ ཁོང་རའི་ལས་ཀྱི་དབང་གིས་ཤི་ཤིཝ་མ་གཏོགས་ ཁོ་གིས་འཛོལ་བ་འབད་འབདཝ་མེན་ཟེར་གསུངས་ནུག། དེ་ལས་ རྒྱལཔོ་འཇིགས་ཐུལ་དགོངསམ་ཁྲེལ་ཏེ་ གཤིན་རྗེའི་རྒྱལ་པོ་ལུ་ དམག་དཔུང་བཏང་སྟེ་ གཤིན་རྗེ་རྒྱལ་པོའི་དམག་དཔུང་ཚུ་ཕམ་ཡོདཔ་ཨིན་པས། མཐའ་མཇུག་ལུ་ རྒྱལཔོ་གཉིས་ཀྱིས་ ལྷ་ཚངས་པའི་མགོ་ཅན་གྱིས་འཁརཝ་རེ་བསྣམས་ཏེ་ འཐབ་འཛིང་འབད་བའི་སྐབས་ འཇིག་རྟེན་གྱི་མི་ག་ར་འདྲོགས་ཏེ་ ག་ནི་ཡང་འབད་ས་མེད་པར་ལུས་པའི་སྐབས་ ལྷ་ཚངས་པ་བྱོན་ཏེ་ སེམས་ཅན་ཤི་བ་ལས་ཀྱིས་ཤི། གཤིན་རྗེའི་རྒྱལ་པོ་ལུ་ཉེས་པ་མེད་ཟེར་གསུངས་ཡོདཔ་མ་ཚད་ རྒྱལ་པོ་འཇིགས་ཐུལ་ལུ་ ཁྱོད་ཀྱི་འབངས་བྲམ་ཟེའི་བུ་ཤི་མི་གི་གདོང་ཅོག་འཐད་པའི་རི་མོ་བྲིས་ཟེར་གསུངས་ཏེ་ རྒྱལཔོ་གིས་ཡང་ རི་མོ་བྲིས་ཏེ་ལྷ་ཚངས་པ་ལུ་ཕུལཝ་ད་ ཚངས་པའི་བྱིན་རླབས་ཀྱིས་ རི་མོ་འདི་མི་དངོས་སུ་ལུ་གྱུར་ཡོད་མི་འདི་ རི་མོ་འགོ་དང་པ་ཨིན་པས།
སངྱས་ཀྱི་སྐུ་ཐང་འབྲི་ཚུལ་འགོ་དང་པ་འབྱུང་ཚུལ།
[ཞུན་དག]སངྱས་ཀྱི་སྐུ་གཟུགས་རས་གཞིའི་ཐོག་ལུ་འབྲི་སྲོལ་འདི་ ཧེ་མ་སངྱས་ཞལ་བཞུགས་པའི་སྐབས་ལས་ར་ དར་ཏེ་ཡོདཔ་ཨིན་པས། དེ་ལུ་ དབྱེ་བ་མ་འདྲཝ་ སྟོན་པ་ཆུ་ལེན་མ་དང་འོད་བྲིས་མ་ཟེར་ ཁག་གཉིས་ཀྱི་ཐོག་ལས་ འབྲི་སྲོལ་བྱུང་ནུག། དང་པ་ སྟོན་པ་ཆུ་ལེན་ཟེར་མི་འདི་ སངྱས་བཅོམ་ལྡན་འདས་ཀྱི་སྦྱིན་བདག་ རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ རྒྱལ་པོ་ཨུ་ཏྲ་ཡ་ན་གཉིས་ས་གནས་ཐག་རིང་སྟེ་ རྒྱལཔོ་གཉིས་མཇལ་ཕྲད་མེད་རུང་ ཐུགས་བརྩེའི་མཛའ་བཤེས་ཀྱི་དག་སྣང་སྦོམ་ཡོདཔ་ལས་ གཅིག་གིས་གཅིག་ལུ་ ཡི་གུ་དང་ཕྱག་རྟགས་ཚུ་རྒྱུན་མ་ཆད་པར་སྐྱེལ་དོ་ཡོདཔ་ཨིན་པས། ཚར་གཅིག་འབདཝ་ད་ རྒྱལཔོ་ཨུ་ཏྲ་ཡ་ན་གིས་ རིན་ཐང་དང་བྲལ་བའི་ ནོར་བུའི་ཁྲབ་ཅིག་བསྐྱལ་བཏང་ཡོདཔ་ལས་ རྒྱལཔོ་གཟུགས་ཅན་སྙིང་པོ་ཐུགས་མཉེས་ཏེ་ དེའི་ལན་ལུ་ འཛམ་གླིང་ནང་འཐོབ་པར་དཀའ་བའི་ དངོས་པོ་ཅིག་བསྐྱལ་གཏང་དགོ་པས་ཟེར་ ཐུགས་བཞེད་གནང་སྟེ་ རི་མོ་འབྲི་མཁན་ཚུ་བོ་ཞིནམ་ལས་ སངས་རྒྱས་ཀྱི་སྐུ་གཟུགས་དཔེ་བླངས་ཏེ་ བྲི་བཅུག་པའི་སྐབས་ འོད་དང་གཟི་བརྗིད་ཆེ་ནི་འདི་གིས་བྲིས་མ་ཚུགས་པས། དེ་ལས་ རྒྱལ་པོ་གིས་ སངྱས་ཆུའི་རྫིང་གི་སྦོ་ལོགས་ཁར་བཞུགས་སུ་གསོལ་ཏེ་ ཆུ་ནང་ཤར་བའི་སྐུ་གཟུགས་དེ་ལུ་ དཔེ་བླངས་ཏེ་ ཀཱ་ཤིའི་རས་དཀར་གྱི་ཐོག་ལུ་བྲིས་ཏེ་ རྒྱལ་པོ་ཨུ་ཏྲ་ཡ་ན་ལུ་བསྐྱལ་མི་འདི་ སྟོན་པ་ཆུ་ལེན་མ་ཟེར་ཞུཝ་ཨིན་མས།
སྟོན་པ་འོད་བྲིས་མ་ཟེར་མི་འདི་ ཧེ་མ་སངྱས་ཀྱིས་ གྲོང་ཁྱེར་སེར་སྐྱའི་གཡུས་ཁར་ཆོས་གསུངས་ཏེ་བཞུགས་པའི་སྐབས་ ཤཱཀྱའི་བུམོ་གཅིག་ཆོས་ཞུ་སར་ཡོད་མི་དེ་གིས་ ཆོས་མ་ཉན་པར་ མོ་རའི་རྒྱན་ཆ་ལུ་བལྟ་སྟེ་ ང་རྒྱལ་བསྐྱེད་དེ་སྡོད་སར་ ཤཱཀྱའི་མིང་ཆེན་ཟླ་གྲོགས་མ་ཟླ་འོད་མ་གིས་མཐོང་སྟེ་ བུམོ་དེ་གི་ ང་རྒྱལ་ཞི་ཐབས་ལུ་ ཟླ་འོད་མ་གིས་མོ་རའི་གཡོག་མོ་ རོ་ཧི་ཏ་ཟེར་མི་འདི་ མོ་གི་ཁྱིམ་ནང་ རིན་པོ་ཆེའི་རྒྱན་ཆ་ཚུ་ལེན་པར་བཏང་ནུག། གཡོག་མོ་འདི་ ཆོས་འཕྲོ་བཅད་དེ་ རྒྱན་ཆ་ལེན་པར་འགྱོ་དགོ་མ་མནོ་རུང་ མོ་རའི་སྦྱིན་བདག་གི་བཀའ་དང་འཁྲིལ་ཏེ་ འགྱོ་དགོཔ་བྱུང་ནུག། མོ་འགྱོ་བའི་སྐབས་ ལམ་ཁར་མ་ཧེ་གཅིག་ བོའུ་ཅུང་གསརཔ་སྐྱེས་ཏེ་ཡོད་མི་འདི་དང་ཕྱད་དེ་ མ་ཧེ་དེ་གིས་མོ་རའི་བོའུ་ཅུང་ལུ་སེམས་ཆགས་ཏེ་ གཡོག་མོ་བརྡུངས་ཏེ་ དེ་ནང་ལུ་ སངྱས་ཀྱིས་ཆོས་གསུངས་མི་ཚུ་དྲན་བཞིན་པར་ ཤི་སོ་ནུག། དེ་ལས་ གཡོག་མོ་འདི་ སིངྒ་ལའི་རྒྱལ་པོ་གི་སྲས་མོ་ མུ་ཏིག་འཁྲི་ཤིང་ལུ་སྐྱེས་ཏེ་སྡོད་པའི་སྐབས་ ཚར་གཅིག་འབདཝ་ད་ རྒྱ་གར་མཉན་ཡོད་ཀྱི་ཚོང་པ་ཚུ་གིས་ སངྱས་ཀྱི་གསུངས་འདི་ གླུ་སྦེ་འཐེནམ་ད་ མོ་གིས་གོ་སྟེ་ དེ་འཕྲོས་ལས་སྐྱེ་བ་ཧེ་མའི་བག་ཆགས་བསལ་ཏེ་ དད་པ་ཚད་མེདཔ་སྦེ་སྐྱེས་ནུག། དེ་ལས་ མོ་གིས་སངྱས་ལུ་ཕྱག་མཇལ་དང་ཞུ་ཡིག་ཚུ་ ཚོང་པ་ཚུ་གི་ལག་པར་བསྐྱལ་བཏང་པའི་ལན་ལུ་ སངྱས་ཀྱིས་ བཟོ་བོ་བི་ཤྭ་ཀརྨ་ལུ་ སངྱས་ཀྱི་སྐུ་གཟུགས་རས་གཞི་གུར་བྲིས་ཏེ་ བསྐྱལ་དགོ་པའི་བཀའ་གནང་སྟེ་འབྲི་བའི་སྐབས། སངྱས་ཀྱི་སྐུའི་གཟི་མདངས་ཀྱིས་ སྐུ་པར་བྲི་མ་ཚུགས་པར་ སངྱས་ཁོ་ར་ རས་གཞི་གཅིག་གི་རྒྱབ་ཁ་ལུ་བཞུགས་ཏེ་ རས་གཞི་དེ་ཁར་ཤར་བའི་འོད་འདི་ལས་དཔེ་བླངས་ཏེ༌ རི་མོ་བྲི་བཅུག། དེའི་འོག་ལུ་ དཀོན་མཆོག་གསུམ་ལུ་སྐྱབས་སུ་འགྲོ་བའི་སྐོར་དང་། བསླབ་པའི་གཞི་ལྔ། རྟེན་འབྲེལ་བཅུ་གཉིས་ཀྱི་གོ་དོན་ཚུ་བྲིས་ཏེ་ སིངྒ་ལའི་རྒྱལ་པོ་འཁོར་དང་བཅས་པ་ལུ་ བཀུར་གནང་མི་འདི་ སྟོན་པ་འོད་བྲིས་མ་ཟེར་ཞུཝ་ཨིན།
སྐུ་རྟེན་འབྲི་ཐངས་འབྲུག་ལུ་དར་ཚུལ།
[ཞུན་དག]འབྲུག་རྒྱལ་ཁབ་ནང་ སྐུ་ཐང་བྲི་ནིའི་སྲོལ་འདི་ དུས་རབས་ ༧ པའི་ནང་ སྤ་རོ་སྐྱིད་ཆུ་ལྷ་ཁང་དང་བུམ་ཐང་བྱམས་པ་ལྷ་ཁང་གཉིས་ཀྱི་ནང་ འབུར་སྐུ་བཞེངས་པའི་དུས་སྐབས་ལས་ར་ དར་ཡོདཔ་ཨིནཔས། དེ་ཡང་ འབུར་སྐུ་ལུ་ སྤྱན་གསལ་དཀར་ནག་གི་ཚོན་མདངས། ལྡེབས་རིས་དང་ གཞན་ཡང་ ལྷ་ཁང་ཕྱི་ནང་གི་ཚོན་ལ་སོགས་པ་ཚུ་ག་ར་ ལྷ་འབྲིཔ་ཚུ་གིས་བཏང་བཏངམ་འབད་ནི་འདི་གིས་ཨིན་པས། དེ་ལས་ དུས་རབས་ ༨ པའི་ནང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་འབྲུག་ཡུལ་ལུ་ ཞབས་ཀྱིས་བཅགས་གནང་སྟེ་ བུམ་ཐང་སྐུ་རྗེས་དང་སྤ་རོ་སྟག་ཚང་གིས་གཙོས་པའི་ འབྲུལ་ཡུལ་འདི་ནང་ ལྷ་ཁང་མང་རབས་ཅིག་བཞེངས་ཡོད་པའི་ནང་ལུ་ དཀྱིལ་འཁོར་དང་ལྡེབས་རིས་ལ་ལུ་ཅིག་ ད་ལྟོའི་བར་ན་ཡང་ མཇལ་ནི་ཡོདཔ་ཨིན་པས། མདོར་བསྡུ་བ་ཅིན་ འབྲུག་ལུ་ལྷ་བཟོ་འདི་ དང་ཕུ་ དུས་རབས་ ༧ པ་དང་ ༨ པ་ལས་ར་འགོ་བཙུགས་ཏེ་ རིམ་པ་བཞིན་དུ་ དུས་རབས་ ༡༢ དང་ ༡༣ པའི་ནང་ལུ་ བླ་ཆེན་དམ་པ་མང་རབས་ཅིག་ འབྲུག་ལུ་བྱོན་མི་ཚུ་གིས་ ལྷ་ཁང་མང་རབས་ཅིག་བཞེངས་ཡོད་མི་ཚུ་ནང་ ལྡེབས་རིས་དང་སྐུ་ཐང་ལ་སོགས་པའི་ ལྷ་བྲིས་ཀྱི་སྲོལ་འདི་ དར་ཁྱབ་བྱུང་སྟེ་ཡོདཔ་ཨིན་པས། སངྱས་ཀྱི་སྐུ་རྟེན་བྲི་ནི་ལ་སོགས་པའི་ལྷ་བྲིས་ཀྱི་སྲོལ་འདི་ འགོ་ཐོག་རྒྱ་གར་འཕགས་པའི་ཡུལ་ལུ་དར་དརཝ་ཨིན་རུང་ ཤུལ་ལས་ བོད་ལུ་འབྲི་རྒྱུན་དར་བའི་སྐབས་ ཁམས་བྲིས་དང་ ཀརྨ་གར་བྲིས། གཙང་བྲིས་ལ་སོགས་པའི་ ལྷམ་པ་མ་འདྲཝ་ལེ་ཤ་དར་ཡོད་པའི་ནང་ལས་ འབྲུག་ལུ་དར་བའི་ལྷ་བྲིས་འདི་ གཙང་མཁན་ཆེན་འཇམ་དབྱངས་དཔལ་ལྡན་མརྒྱ་མཚོ་ལས་བརྒྱུད་པའི་ གཙང་བྲིས་ངོ་མ་འདི་ཨིན་པས། འབྲུག་རྒྱལ་ཁབ་ནང་ལུ་ཡང་ ཧེ་མ་འབད་བ་ཅིན་ སྨན་ལུགས་དང་ཀརྨ་གར་བྲིས་ཚུ་ཡང་ དར་ཁྱབ་བྱུང་ཡོད་རུང་ ཤུལ་ལས་ཞབས་དྲུང་དང་ གཙང་མཁན་ཆེན་གཉིས་བྱོན་ཞིནམ་ལས་ཚུར་ གཙང་བྲིས་ལུ་གཙོ་བོར་བཏོན་ཏེ་ གཞུང་གྲྭ་ཚང་ནང་ ལྷ་བྲིས་ཀྱི་རྒྱུན་ དར་ཁྱབ་ཆེ་ཏོག་ཏོ་སྦེ་བྱུང་ཡོདཔ་ཨིན་པས།
ལྷ་སྐུའི་ཐིག་ཚད།
[ཞུན་དག]ལྷ་སྐུའི་རིགས་ག་ཅི་ར་བྲིས་རུང་ ཐིག་ཚད་དང་ལྡན་ཏོག་ཏོ་སྦེ་ བྲི་དགོཔ་འདི་ གལ་ཆེ་ཤོས་ཅིག་ཨིན། དེ་ཡང་ མཚན་བཟང་པོ་དང་ལྡན་པའི་རྒྱལ་བའི་སྐུ་གཟུགས་ལུ་ བཟོ་ཉེས་བཀག་ནིའི་དོན་ལུ་དང་ ལྷ་སྐུ་ཚུ་ རྒྱུད་ལུང་མན་ངག་དང་ མཐུན་པའི་ཁུངས་ལུང་དང་ལྡན་ཏོག་ཏོ་ཅིག་ལུ་ འགྱུར་ནིའི་དོན་ལུ་ཨིན་པས། དེ་མ་ཚད་ ལྷ་འབྲིཔ་རང་གི་བརྒྱུད་ལུ་ བསོད་ནམས་དཔག་ཏུ་མེད་པ་བསགས་ནི་དང་ ཚེ་ཕྱི་མ་དག་པའི་ཞིང་ཁམས་ལུ་སྐྱེ་ནིའི་ ཕན་པ་ལེ་ཤ་ཡོདཔ་ལས་བརྟེན་ཏེ་ཨིན་མས། ཐིག་ཚད་ཀྱི་སྐོར་ལས་ རྒྱས་པར་མཁྱེན་འདོད་ཡོད་ན་ མཁན་པོ་ཕུན་ཚོགས་བཀྲ་ཤིས་ཀྱིས་རྩོམ་སྒྲིག་གནང་སྟེ་ཡོད་པའི་ཀི་དེབ་ འབྲུག་གི་བཟོ་རིག་བཅུ་གསུམ་གྱི་བཤད་པ་མཁས་པའི་དགའ་སྟོན་ནང་ལུ་ གཟིགས་གནང་། དེ་བཟུམ་སྦེ་ ཚོན་སྦྱོར་འབད་ཐངས་དང་ཚོན་གཏང་ནིའི་ལག་ཆ། ཐང་ཀའི་རས་གཞི་འདུལ་སྦྱོར་འབད་ཐངས་ཚུ་གི་ཁ་གསལ་ཡང་ ཀི་དེབ་འདི་ནང་རྒྱས་ཤིང་རྒྱསཔ་སྦེ་ བཀོད་དེ་འདུག། མདོར་བསྡུ་བ་ཅིན་ ལྷ་བཟོ་འདི་ལུས་བཟོའི་ནང་ ལུས་བཟོ་མཆོག་གི་ཁོངས་སུ་གཏོགསཔ་ཨིནམ་དང་ ལྷ་བཟོ་འདི་འཛམ་གླིང་ནང་ལུ་ འགོ་ཐོག་སངྱས་ཞལ་བཞུགས་པའི་སྐབས་ལས་ར་བྱུང་སྟེ་ཡོདཔ་ཨིན་མས། དེ་ཡང་ སངྱས་ཀྱི་སྐུ་གཟུགས་བྲི་ནིའི་སྲོལ་འདི་ འགོ་ཐོག་རྒྱ་གར་འཕགས་པའི་ཡུལ་ལུ་དར་ཡོད་རུང་ ཤུལ་ལས་བོད་ལུ་དར་བའི་སྐབས་ ལྷ་བྲིས་ཀྱི་ལུགས་མ་འདྲཝ་ལེ་ཤ་དར་ནུག། དེའི་ནང་ལས་ འབྲུག་རྒྱལ་ཁབ་ནང་ལུ་འབད་བ་ཅིན་ གཙང་བྲིས་ཀྱི་ལུགས་འདི་དར་ཁྱབ་བྱུང་སྟེ་ཡོདཔ་ཨིན་མས། འབྲུག་རྒྱལ་ཁབ་ནང་ལུ་ ལྷ་བཟོ་འདི་འབད་བ་ཅིན་ དུས་རབས་ ༧ པའི་ནང་ལས་ར་དར་ཏེ་ཡོདཔ་ཨིན་པས་གོ།
ཁུངས་གཏུག།
[ཞུན་དག]- ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་། (༢༠༠༤) ལྷོའི་ཆོས་འབྱུང་འཇམ་མགོན་སྨོན་མཐའི་ཕྲེང་བ། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
- མཁན་པོ་ཕུན་ཚོགས་བཀྲ་ཤིས། (༢༠༠༣) འབྲུག་གི་བཟོ་རིགས་བཅུ་གསུམ་གྱི་བཤད་པ་མཁས་པའི་དགའ་སྟོན། ཐིམ་ཕུག། སྐལ་བཟང་གཞན་ཕན།