Jump to content

ལྷམོ་ཚེ་རིང་མཆེད་ལྔའི་

Wikipedia ལས།

ཚེ་རིང་མཆེད་ལྔ།[]

[ཞུན་དག]

རྒྱལ་ཁབ་ཀྱི་ཆོས་ལུགས་གཙོ་བོ་འབྲུག་པ་བཀའ་བརྒྱུད་ཨིན་མ་ལས་ལྷམོ་ཚེ་རིང་མཆེད་ལྔ་དེ་སྲུང་མ་གཙོ་བོ་ཅིག་སྦེ་རྩིསཝ་ཨིན། ལྷམོ་དེ་ཚུ་ཡབ་ལྷོ་ལྷ་འཐེང་བོ་དང་ཡུམ་འབྲང་ཡུམ་སྨན་གཅིག་གཉིས་ལུ་སྐུ་འཁྲུངས་ནུག། ཤུལ་ལས་དུས་རབས་བརྒྱད་པའི་ནང་རྒྱ་གར་གྱི་དུར་ཁྲོད་མུན་པ་སྒྲ་སྒྲོན་ཟེར་ས་ལུ་ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱིས་ལྷམོ་དེ་ཚུ་དམ་ལུ་བཏགས་ཡོད་པའི་མ་ཚད་ཤུལ་ལས་བོད་ལུ་དྲག་འདུལ་གི་འཕྲིན་ལས་མཛད་པར་བྱོནམ་ད་ བོད་ཁམས་ ཟླ་ཉིད་ཁ་ལ་རོང་སྒོ་ལུ་ བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སལ་ གཏེར་སྦེ་སྦ་བཞག་ཞིནམ་ལས་ ལྷམོ་དེ་ཚུ་བཀའ་སྡོད་ཀྱི་སྲུང་མ་སྦེ་བསྐོས་གནང་ནུག བསྟན་པ་ཕྱི་དར་གྱི་སྐབས་ལུ་ཡང་ བཀའ་བརྒྱུད་ཀྱི་བླ་མ་ རྗེ་བཙུན་མི་ལ་རས་པ་ སློབ་དཔོན་པདྨ་འབྱུང་གནས་ཀྱིས་བྱིན་གྱི་བརླབས་པའི་གནས་ རི་སྨན་ལུང་ཆུ་དབར་གྱི་དགོན་པ་བཞུགསཔ་ད་ལུ་ ལྷ་མོ་ལྔཔོ་ལུ་སྐྱབས་འགྲོའི་བསླབ་པའི་སྡོམ་པ་གནང་ དེ་ལས་ ཇོ་མོ་སྒྲོལ་མའི་རིག་པ་ལུ་དབང་བསྐུར་ཏེ་བྱང་ཆུབ་ཀྱི་ལམ་ལུ་བཀོད་གནང་ནུག།

སྤ་རོ་ལུངས་ཕྱོགས་ནང་ལུ་ཚེ་རིང་མཆེད་ལྔའི་གནས་ཁང་ལྔ་ཡོདཔ་མ་ཚད་ཡོངས་དྲགས་འགྱོ་སྟེ་ཡོདཔ་ཨིན་ དེ་ཡང་ དབུས་ཕྱོགས་ལུ་འབྲང་རྒྱས་དགོན་པ་དེ་བཀྲིས་ཚེ་རིང་མའི་གནས་ཁང་སྦེ་རྩིསཝ་ཨིན། དེ་བཟུམ་ ཤར་ཁ་ཐུག་ལུ་ མཐིང་གི་ཞལ་བཟང་མའི་གནས་ཁང་ རམ་སྣང་ལྷ་ཁང་ དང་ ལྷོ་ཁ་ཐུག་ལུ་མི་གཡོ་བློ་བཟང་མའི་གནས་ཁང་་ཐེག་ཆེན་དགོན་པ་ ནུབ་ལུ་ཅོད་པན་མགྲིན་བཟང་མ་གྱི་གནས་ཁང་ རྫོང་བྲག་ཁ་ དེ་ལས་བྱང་ཁ་ཐུག་ལུ་གཏན་དཀར་འགྲོ་བཟང་མའི་གནས་ཁང་སྦེ་ གངས་སྟེང་ལྷ་ཁང་ཡོདཔ་ཨིན།

ལྷམོ་ཚེ་རིང་མཆེད་ལྔ་ཚུ

བཀྲ་ཤིས་ཚེ་རིང་མ།

རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ།། སྐུ་མདོག་དཀར་མོ་གཞིན་ཚུལ་ཅན།། ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས།། གཡོན་པས་ཚེ་ཡི་བུམ་པ་འཛིན།། བུམ་པའི་སྟེང་ན་དཔལ་བེ་དང་།། གཡུང་དྲུང་རིན་ཆེན་འཁྱིལ་པས་བརྒྱན།། ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས།། སིལ་སྙན་རོལ་མོའི་སྒྲ་དང་བཅས།། རིན་ཆེན་དུ་མས་མཛེས་པར་བརྒྱན།། བཀྲ་ཤིས་ཚེ་ཡི་གཙོ་མོ་སྟེ།། ཆིབས་སུ་སེང་གེ་དཀར་མོ་ཆིབས།། གངས་དཀར་སྟོད་ན་བཞུགས་པ་མོ།། མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ།།

མཐིང་གི་ཞལ་བཟང་མ།

ལྷ་མོ་མཐིང་གི་ཞལ་བཟང་མ།། རྡོ་རྗེ་ཁྲོས་མ་ཞེས་སུ་གྲགས།། སྐུ་མདོག་སྔོ་བསངས་འཚེར་བག་ཅན།། ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས།། ཕྱག་གཡས་དངུལ་དཀར་མེ་ལོང་བསྣམས།། གཡོན་པས་ལྷ་ཡི་བ་དན་ཕྱར།། སྐུ་ལ་དར་དཀར་ན་བཟའ་གསོལ།། སིལ་སྙན་རོལ་མོའི་སྒྲ་དང་བཅས།། མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ།། སྔ་གསལ་བདེན་མཐོང་པྲ་ཡི་དངོས་གྲུབ་སྩོལ།།

མི་གཡོ་བློ་བཟང་མ།

གསང་མཚན་རྡོ་རྗེ་བཞད་པ་མོ།། སྐུ་མདོག་གསེར་མོ་གསེར་གྱི་མདོག། ཆིབས་སུ་རྒྱ་སྟག་ཁྲ་བོ་ཆིབས།། ཕྱག་གཡས་རིན་ཆེན་སྡེར་བཟང་ནང་།། ལྷ་ཡི་ཞལ་ཟས་སྣ་ཚོགས་བསྣམས།། གཡོན་ན་ནེའུ་ལེའི་རྐྱལ་བ་འཛིན།། མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ།། རྨ་གཡང་རོ་མཆོག་ཟས་ཀྱི་དངོས་གྲུབ་སྩོལ།།

ཅོད་པན་མགྲིན་བཟང་མ།

ལྷ་མོ་ཅོད་པན་མགྲིན་བཟང་མ།། རྡུ་རྗེ་དཔལ་མོ་ལོངས་སྤྱོད་ཡུམ།། སྐུ་མདོག་དམར་གསལ་མདངས་དང་ལྡན།། ཆིབས་སུ་ཤ་བ་ཡུ་མོ་ཆིབས།། ཕྱག་གཡས་ཡིད་བཞིན་ནོར་བུ་དང་།། ཕྱག་གཡོན་རིན་ཆེན་སྒྲོམ་བུ་བསྣམས།། མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ།། བང་མཛོད་འབྲུ་ནོར་འཕེལ་བའི་དངོས་གྲུབ་སྩོལ།།

གཏད་དཀར་འགྲོ་བཟང་མ།

ལྷ་མོ་གཏད་དཀར་འགྲོ་བཟང་མ།། གསང་མཚན་རྡོ་རྗེ་གར་མཁན་མ།། སྐུ་མདོག་སྔོ་ལྗང་མདངས་དང་ལྡན།། ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས།། ཕྱག་གཡས་རྩྭ་མཆོག་དུ་རྦ་དང་།། གཡོན་པས་སྦྲུལ་གྱི་ཞགས་པ་བསྣམས།། མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ།། རྐང་བཞི་ནོར་ཕྱུགས་འཕེལ་བའི་དངོས་གྲུབ་སྩོལ།།

  1. m Five Sisters of Long Life: https://rywiki.tsadra.org/index.php/Five_Sisters_of_Long_Life