ལྷོ་མོན་མི་སྡེ་ཚོགས་པ།

Wikipedia ལས།

༉ ལྷོ་མོན་མི་སྡེ་ཚོགས་པ་འདི་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་ ༢༠༡༠ ལུ་གཞི་བཙུགས་གནང་ཡོདཔ་དང་། སྤྱི་ལོ་ ༢༠༡༢ ཀྱི་ལོ་ལུ་མི་སྡེ་ལས་ཚོགས་ཀྱི་འོག་ལུ་ སྒྲིག་མཐུན་གྱི་སྒོ་ལས་ཐོ་བཀོད་མཛད་གནང་ནུག། ཚོགས་པ་འདི་གི་འགན་ཁུར་དེ་་ཡང་ སློབ་སྦྱོང་ཆ་ཚང་དང་སྦྱོང་བརྡར་གྱི་རིག་རྩལ་ལས་བརྟེན་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ཡུན་བརྟན་གྱི་གོང་འཕེལ་གཏང་ནི་ལུ་ རྒྱབ་སྐྱོར་འབད་ནི་དང་ཡར་རྒྱས་གཏང་ནི་འདི་ཨིན་མས། ང་བཅས་འབྲུག་པའི་ཁ་སྐད་ནང་ལུ་འབད་བ་ཅིན་ ལྷོ་ཟེར་མི་འདི་ལྷོ་ཕྱོགས་ལུ་གོ་ནི་དང་ མོན་ཟེར་མི་འདི་ལྷོ་ཕྱོགས་བོད་ཀྱི་རི་ཐང་གི་ལུང་ཕྱོགས་ནང་གི་མི་༼འབྲུག་རྒྱལ་ཁབ།ཨ་སམ། བར་མའི་མངའ་སྡེ།༽ ལུ་གོ་ནི་ཨིན་མས། རིན་པོ་ཆེ་མཆོག་གིས་ ཚོགས་པ་འདི་གི་མིང་ ལྷོ་མོན་མི་སྡེ་ཚོགས་པ་ཟེར་གནང་མི་དེ་ཡང་ མི་སེར་ཚུ་འབྲུག་གཞུང་གི་ས་མཚམས་ནང་ཨིན་པའི་བརྡ་སྟོན་་ནི་དང་ རང་བཞིན་གནས་སྟངས་ལུ་་གནས་པའི་བརྡ་ཡང་སྟོན་ནིའི་དོན་ལུ་ཨིན་མས། ལྷོ་མོན་མི་སྡེ་ཚོགས་པ་གིས་ བསམ་གྲུབ་ལྗོངས་མཁར་གསར་གཏོད་དང་ལྷོ་མོན་ཤེས་ཡོན་ཟེར་གསརཔ་གཞི་བཙུགས་ཏེ་ཡོད་པའི་ཐོག་ལུ་ འགན་ཁུར་འབག་དོ་ཡོདཔ་ཨིན་མས།
ལྷ་མོན་མི་སྡེ་ཚོགས་པ་འདི་ སྤྱི་ལོ་ ༢༠༡༠ གྱི་ལོ་ལུ་ ཉིནམ་གསུམ་གྱི་ལས་རིམ་བརྩམས་ཏེ་ བདེ་བ་ཐང་ཆོས་ཀྱི་རྒྱ་མཚོ་བཤད་གྲྭ་ནང་ལུ་སྦེ་འགོ་བཙུགས་གནང་ནུག། དེ་བསྒང་ སྐུ་མགྲོན་གཙོ་བོ་སྦེ་འབྲུག་གི་བློན་ཆེན་བགྲེསཔ་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ཞུ་ཡོདཔ་དང་། སྐུ་མགྲོན་གཙོ་བོ་གི་གསུང་བཤད་ཡང་ཁ་ཆེའི་བཀའ་སློབ་བཟང་པོ་ཚུ་གནང་ཡོདཔ་ཨིན་མས། དེ་ལས་ སྐུ་མགྲོན་སྦེ་འབྱོན་མི་ མཁས་དབང་ ཝཱན་ཌ་ན་ཤི་བཱ། བང་ཀར་རོའི། ཇ་ཡ་ཀུ་མར་ཆི་ལ་ཊཱོན་དང་། ཤི་བཱ་ཀེ་ནི་ཡར་ ཚུ་གིས་ཡང་ དེང་སང་འཕྲུལ་རིག་གི་ཐོ་ལུ་ཞིང་ལཱ་འབད་ནི་དང་ཕྱགས་སྙིགས་ཕུད་རྡོག་གཅིག་ཡང་མེདཔ་སྦེ་བཟོ་ནིའི་ཐབས་ཤེས་ཚུ་གི་སྐོར་ལས་ གསལ་ཞུ་སྤྱན་འབུལ་ཕུལ་ཡོདཔ་ཨིན་མས། གཞི་བཙུགས་ཀྱི་ལས་རིམ་ཉིནམ་གསུམ་གྱི་རིང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་མི་སེར་དང་གཞུང་གི་འབྲེལ་ཡོད་འགོ་དཔོན་ དེ་ལས་ གཡུས་ཁའི་མི་དང་སོ་ནམ་པ་ཚུ་ག་ར་བསྡོམས་ཏེ་ མི་གྲངས་ ༥༠༠ དེ་ཅིག་གིས་གྲོས་བསྡུར་ལས་རིམ་ནང་ལུ་གྲལ་གཏོགས་འབད་དེ་ཡོདཔ་ཨིན་མས། མཇུག་བསྡུའི་ལས་རིམ་ནང་ལུ་ ལྷོ་མོན་མི་སྡེ་ཚོགས་པ་གི་དམིགས་དོན་ལུ་ ཁས་བླངས་གསལ་བཤད་འབད་མི་ཡང་དག་པ་ཅིག་ར་ཐོན་ཡོདཔ་དང་ དེ་སྦེ་གཞི་བཙུགས་གནང་མི་ལུ་གཡུས་ཁའི་མི་སེར་ཚུ་ལས་ཡང་ལྷག་བསམ་རྣམ་དག་གི་སྒོ་ལས་སྤྲོ་བ་ཡོད་པའི་དག་སྣང་ཡང་བཏོན་ཡོདཔ་ཨིན་མས། དེ་ལུ་བརྟེན་ཏེ་ དཔལ་འབྱོར་གོང་འཕེལ་གཏང་ནི་དང་ རང་བཞིན་གནས་སྟངས་སྲུང་སྐྱོབས་འབད་ནི། སྔར་སྲོལ་ལམ་ལུགས་གོང་འཕེལ་གཏང་ནི་དང་གཞུང་སྐྱོང་ལེགས་ལྡན་ལུ་སེམས་ཤུགས་བྱིནམ་ཨིན་མས། དེ་ཡང་ རྗོང་གསར་མཁྱེན་བརྩེ་རིན་པོ་ཆེ་གིས་ ད་ འབྲུག་རྒྱལ་ཁབ་འདི་ དམངས་གཙོའི་གཞུང་ཅིག་ཨིནམ་ལས་བརྟེན་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ལཱ་ག་ཅི་ར་འབད་རུང་ལེགས་ཤོམ་སྦེ་འགྱོ་དོ་ཡོདཔ་ཨིན་རུང་ ང་བཅས་འབྲུག་པའི་མི་སེར་ཚུ་གིས་ གཞན་གྱིས་སླབ་མ་དགོ་པར་ འགན་ཁུར་ཚུ་རང་གིས་ར་འབག་དགོཔ་ཨིན་ཟེར་གསུངས་ཏེ་འདུག།
ལྷོ་མོན་མི་སྡེ་ཚོགས་པ་གི་འཆར་གཞི་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་འབྲེལ་བའི་གོང་འཕེལ་དང་ཤེས་ཡོན་ དེ་ལས་ དེའི་བརྩི་མཐོང་དང་ལག་ལེནཚུ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་ལུ་ སྒྲ་དག་སྤུས་དག་སྦེ་བཟོ་ནི་དང་། རྫོང་ཁག་འདི་ ང་བཅས་རའི་རྒྱབ་ཁབ་དང་ཕྱིའི་རྒྱལ་ཁབ་ཚུ་གིས་དཔེ་བཞགབཏུབ་སྦེ་བཟོ་ནི་འདི་ཨིན་མས། དེ་མ་ཚད བཟའ་འཐུང་ཚུ་རང་གིས་རང་ལངམ་སྦེ་བཟོ་ནིའི་དོན་འགྲུབ་ཐབས་དང་། མི་ཚུའི་མ་འོངས་མི་ཚེ་འདི་ཁོང་རའི་ལག་པར་བཞག་ཐབས་ལུ་ སྙིང་སྟོབས་དང་ཐབས་ཤེས་ དེ་ལས་ཤེས་རབ་དང་ལྡན་ཏེ་ ཕུན་སུམ་ཚོགས་པའི་མི་སྡེ་ཅིག་སྦེ་བཟོ་ནིའི་དམིགས་པ་སྐྱེད་དོ་ཡོདཔ་ཨིན་མས། དེ་མ་ཚད་ གཡུས་ཁའི་ན་གཞོན་ཚུ་ལུ་གཡོག་གི་གོ་སྐབསདང་ གཡུས་སྒོ་ཚུ་ནང་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་འབྲེལ་བའི་ཤེས་ཡོན་རིམ་ལུགས་ངོ་མ་ཅིག་བཟོ་ནི་ག་དམིགས་པ་བསྐྱེད་དོ་ཡོདཔ་ཨིན་མས།
ལྷོ་མོན་མི་སྡེ་ཚོགས་པ་གིས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་བསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་ལུ་ ཕྱགས་སྙིགས་ཕུད་རྡོག་གཅིག་ཡང་མེདཔ་སྦེ་ཟོ་ནི་དང་ ན་གཞོན་ཚུ་ལུ་གཡོག་གི་གོ་སྐབས་བྱིན་ཏེ་ ངན་པའི་དབང་ལུ་ཐལ་མ་བཅུག་པར་བཞག་ནི་དང་ དེ་མ་ཚད་རྗོང་ཁག་དེ་ནང་གི་མི་སེར་ཚུ་ལུ་ མཁོ་ཆེ་བའི་འཕྲུལ་ཆས་ཀྱི་རྒྱབ་སྐྱོར་འབད་དེ་སོ་ནམ་གྱི་ཐོན་སྐྱེད་ཚུ་བཙོང་སའི་ས་ཁོངས་བཟོ་སྟེ་ འཚོ་བ་སྐྱོང་ནི་འདི་་ཡར་རྒྱས་གཏང་ནི་ལ་སོགས་པ་ཚུ་ལུ་ ཚོགས་པ་འདི་གིས་དམིགས་གཏད་བསྐྱེདཔ་ཨིན་མས།

ཁུངས་གཏུག།[ཞུན་དག།]

  1. The Lhomon Society. (2018). About Us. Retrieved from The Vision and The Mission: http://www.sji.bt
  2. The Lhomon Society. (2018). About Us- Lhomon Society. Retrieved from Overview: http://www.sji.bt
  3. The Lhomon Society. (n.d.). About Us. Retrieved from The Launch of SJI: http://www.sji.bt