Jump to content

ཤ་ཨ་ལམ། མ་ལེ་ཤི་ཡ། Sha alam, Malaysia

Wikipedia ལས།
ཤ་ཨ་ལམ་གྱི་གྲོམ་སྡེ་ཡིག་ཚང་།

༉ ཤ་ཨ་ལམ་འདི་མ་ལེ་ཤི་ཡ་གི་མངའ་སྡེ་སེ་ལེང་གོར་གྱི་མངའ་སྡེའི་ལྟེ་བ་ཅིག་ཨིན། ཤ་ཨ་ལམ་འདི་ པེ་ཏ་ལིང་གི་རྫོང་ཁག་ནང་ཁྱབ་ཆེཝ་སྦེ་ཆགས་ཏེ་ཡོདཔ་དང་ ཁྱབ་ཆུང་སུ་ཅིག་ ཀལང་རྫོང་ནང་ལུ་སྦེ་ཡང་ཆགས་ཏེ་ཡོདཔ་ཨིན། སྤྱི་ལོ་ ༡༩༥༧ ལུ་བིརི་ཊིཤ་ལས་རང་དབང་ཐོབ་ཞིནམ་ལས་ཚུར་ ཤ་ཨ་ལམ་འདི་མ་ལེ་ཤི་ཡ་གིས་ འཆར་གཞི་བརྩམས་ཏེ་གྲུབ་པའི་་འགོ་ཐོག་གི་ཚུལ་མཐུན་གྱི་ཁྲོམ་ཅིག་ཨིན། []ཤ་ཨ་ལམ་འདི་ སྤྱི་ལོ་ ༡༩༦༣ ལུ་ སེ་ལེང་གོར་གྱི་བདག་སྐྱོང་གི་ས་གོ་ལྟེ་བ་གསརཔ་སྦེ་འགོ་བཙུགས་ཡོདཔ་ཨིན།  སྤྱི་ལོ་ ༡༩༧༤ ལུ་ཀོོ་ལ་ལམ་པུར་འདི་དབུས་གཞུང་གི་ས་ཁོངས་ཅིག་སྦེ་གྱུར་ཞིནམ་ལས་ཚུར་ ཤ་ཨ་ལམ་གྱི་ཁྲོམ་ཚོགས་འདི་ སྤྱི་ལོ་ ༡༩༧༨ སྤྱི་ཟལ་ ༡༢ པའི་ཚེས་ ༧ ལུ་ཤ་ཨ་ལམ་གྱི་ཁ་ཆེའི་དབུ་ཁྲིད་ཀྱི་གནང་བ་དང་འཁྲིལ་ཏེ་ སེ་ལེང་གོར་གྱི་ལྟེ་བ་སྦེ་ཆ་འཇོག་གྲུབ་གནང་ནུག། ཁྲོམ་དེ་གི་འགོ་ཐོག་གི་སའི་རྒྱ་ཁྱོན་འདི་ ཀི་ལོ་མི་ཊར་གྲུ་བཞི་ ༤༡.༦༨ ཨིནམ་དང་ དེ་ཡང་ཁྲོམ་སྡེའི་ཚོགས་སྡེ་གིས་སྐྱོང་གནང་ཡོདཔ་ཨིན། ཤ་ཨམ་འདི་ ཁྲོམ་ཚོགས་སྦེ་ སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལུ་ ཁྲོམ་དཔོན་ ད་ཏོ་ཧ་ཇི་ཨ་བུ་སུ་ཇག་ཧ་ཇི་མ་ཧུད་གིས་ ཆ་འཇོག་གནང་ཡོདཔ་ཨིན། []

ལུང་པ་འདི་ ལོ་ངོ་བཅུ་ཕྲག་གི་རིང་ ཏ་ལའི་ཤིང་གི་མར་ཁུ་དང་ འགྱིབ་ཤིང་འཐོན་སའི་ཡུལ་ཅིག་སྦེ་ཡོདཔ་ཨིན། ས་གནས་ཀྱི་མིང་ལུ་ཤ་ཨ་ལམ་ཟེར་བཏགས་དགོ་མི་འདི་ དེ་བསྒང་སེ་ལེང་གོར་དབུ་ཁྲིད་ ཁེ་ཆེའི་ས་གནས་ཀྱི་དབུ་ཁྲིད་ ས་ལ་ཧུ་ཌི་ཨབ་དཱུལ་ཨ་ཟིཟ་ཤ་གིས་ ཁོ་རའི་ཡབ་བཤགས་མི་ ཁ་ཆེའི་དབུ་ཁྲིད་ཨ་ལམ་ཤ་ལུ་ གུས་བཏུད་ཀྱི་ཚུལ་སྦེ་ ཁོ་གི་མཚན་ལས་ལྟ་འདྲངས་ཏེ་བཏགས་ཡོདཔ་ཨིན། ཁྲོམ་འདི་ ཀོོ་ལ་ལམ་པུར་ལས་ཀི་ལོ་མི་ཊར་ ༢༥ གི་ས་ཁར་ཆགས་ཏེ་ཡོདཔ་ཨིནམ་དང་ འགྲོ་འགྲུལ་འབད་ཅིན་ སྐར་མ་ ༢༠ དེ་ཅིག་ནང་ལྷོད་ཚུགས་དོ་ཡོདཔ་ཨིན།  []

སེ་ལེང་གོར་གྱི་སྦུག་ལུ་ར་ཡོད་པའི་ཤ་ཨམ་འདི་ ཧ་ལས་སི་སི་དང་དགའ་ཉམས་ཆེ་བའི་ཁྲོམ་ཅིག་ཨིན། ལུང་པའི་ནང་ དེང་སང་དང་དང་ཕུའི་ལམ་སྲོལ་ཚུ་སླ་བསྲེ་རྐྱབ་པའི་ཚོར་བ་དང་ཉམས་མྱོང་ཚུ་སྐོར་སོར་ཡི་ར་ལེན་ཚུགས་ནི་ཨིན་པས། ཁྲོམ་ནང་ ཧ་ལས་སི་སི་གི་གཞི་བཀོད་མ་འདྲཝ་རྣམ་པ་སྣ་ཚོགས་སྦེ་མཐོང་ནི་ཡོདཔ་ཨིན། གཞི་བཀོད་ཡ་མཚན་ཆེ་ཏོག་ཏོ་ཅིག་འདི་ ཁེ་ཆེའི་དབུ་ཁྲིད་ སུ་ལ་ཧུ་ཌིན་ཨབ་དཱུལ་ཨ་ཟིཟ་གི་ཁ་ཆེའི་ལྷ་ཁང་འདི་ཨིན། དེ་བཟུམ་སྦེ་ མ་ལེ་ཤི་ཡ་གི་སའི་ཆགས་ལུགས་མ་འདྲཝ་མ་འདྲཝ་ཚུ་ལྟ་ཚུགས་པའི་ཁར་ ཆགས་ཐངས་མ་འདྲཝ་ལས་བཟོ་སྐྲུན་འབད་བའི་ སེམས་གཡེང་སའི་གཞི་མ་འདྲཝ་ཚུ་ཚུ་མཐོང་ཚུགས་ནི་ཨིན་པས། མཚོ་ཡོད་པའི་ལྡུམ་ར་ དང་ ཆུ་རྩེད་རྩེ་སའི་ས་ཁོངས་ པར་རིས་འགྲོམས་སྟོན་ཁང་ ཚོང་དང་ཅ་ཆས་ཀྱི་མཛོད་ཁང་རྣམ་པ་ས་སྣ་ཚོགས་ ཁ་བའི་རྩེདམོ་རྩེ་སའི་ས་ཁོངས་ ཟ་འཐུང་ཡོད་པའི་ཟ་ཁང་ ཚོན་ཁྲ་སྣ་ཚོགས་སྟོན་པའི་འཕྲུལ་རིག་གི་པར་སྟོན་སའི་ས་ཁོངས་ མཐའ་རྫིང་ རྒྱལ་ཡོངས་སྐྱེ་ལྡན་སྐྱེད་ཚལ་ ཁ་ཆེའི་དབུ་ཁྲིད་སཱུལ་ཏཱན་ཨ་ལམ་ཤ་གི་ལྷ་ཁང་ ཤ་ཨ་ལམ་གྱི་རྩེད་ར་ ནུབ་བོའི་ཚོང་ལམ་ སྤྲོང་སང་དང་ སེམས་ཅན་གུར་བཞོན་ནི་ལ་སོགས་པའི་མཐུན་རྐྱེན་ཚུ་ ཚང་སྟེ་ཡོདཔ་ཨིན།[]

མ་ལེ་ཤི་ཡ་གི་ཕྱོགས་གསུམ་ཆུ་གླིང་གི་ཁྲོམ་ཚོགས་གཞན་མི་ཚུ་བཟུམ་སྦེ་ར་ ཤ་ཨ་ལམ་ལུ་ཡང་ ཚ་དྲོད་ལྡན་པའི་ཆརཔ་ཡོད་པའི་གནམ་གཤིས་ཚོར་དོ་ཡོདཔ་ཨིན། དྲོད་ཤུགས་ཀྱི་ཐད་ཁར་ ཡུདཔ་ཅིག་ལོ་གཅིག་ར་ ཅོག་འཐདཔ་འཚམས་སྦེ་ར་སྡོད་དོ་ཡོདཔ་དང་ དྲོག་ཤུགས་ཀྱི་སྤྱིར་སྙམས་ཀྱི་ཚད་གཞི་འདི་ མཐོ་ཤོས་ཌིག་རི་སེལ་སིཡསི་ ༣༡.༩ དང་དམའ་ཤོས་ ༢༣.༢  ཨིན་པས། ཁྲོམ་ཚོགས་འདི་གི་དྲོད་དྲོ་ཤོས་ར་ སྤྱི་ཟླ་ ༣ པའི་ནང་ཨིནམ་དང་ ཆརཔ་མང་ཤོས་དང་ཤུགས་སྦེ་རྐྱབ་པའི་དུས་ཚོད་འདི་ སྤྱི་ཟླ་ ༡༡ པའི་ནང་ཕོགཔ་དགོ་མི་དེ་ཡང་ བྱང་ཤར་གྱི་རླུང་ཆར་འདི་སྤྱི་ཟླ་ ༡༠ ལས་ ༣ པའི་ནང་འཁོད་ལུ་འོང་མི་དང་འབྲེལ་ཏེ་ཨིན་པས། ལུང་པ་དེ་ནང་ རློན་གཤེར་འདི་ ཀྲིག་ཀྲི་ཅིག་ཡོདཔ་ཨིན་མས།[]

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

རྒྱབ་ཁུངས་དཔེ་དེབ།

  1. 1 2 ཇེཕ། (༢༠༢༢) ཤ་ཨ་ལམ་ལུ་འབད་དགོཔ་ ༡༤། https://travelmagma.com/things-to-do-in-shah-alam/ ནང་ལས་ཐོབ་ཡོདཔ་ཨིན།
  2. 1 2 པི་ཀི་པི་ཌི་ཡ།  (༢༠༢༢) ཤ་ཨ་ལམ།  https://en.wikipedia.org/wiki/Shah_Alam ནང་ལས་ཐོབ་ཡོདཔ་ཨིན།
  3. ཝཱན་ཌར་ལོག། (ལོ་མེད།) ཤ་ལམ་གྱི་འབད་དགོཔ་དང་ཡིད་འཕྲོག་པའི་ཡུལ་ ༤༣། https://wanderlog.com/list/geoCategory/1586748/top-things-to-do-and-attractions-in-shah-alam ནང་ལས་ཐོབ་ཡོདཔ་ཨིན།