Jump to content

ཤང་ཧའེ། རྒྱ་ནག། Shanghai, China

Wikipedia ལས།

༉ ཤང་ཧའེ་འདི་རྒྱ་ནག་གི་ཁྲོམ་སྦོམ་ཤོས་ཅིག་ཨིནམ་མ་ཚད་ འཛམ་གླིང་གི་ཁྲོམ་ཚོགས་སྦོམ་ཤོས་ཀྱི་གྲས་ཁར་ཡང་ཚུདཔ་ཨིན། ཤང་ཧའེ་འདི་སའི་རྒྱ་ཁྱོན་གྱི་ཐད་ལས་ རྒྱ་ནག་རྒྱལ་ཁབ་ཀྱི་ཁྲོམ་སྦོམ་ཤོས་ཅིག་མེན་རུང་ མི་རློབས་ཀྱི་ཐད་ལས་སྦོམ་ཤོས་ཅིག་སྦེ་ཚུདཔ་ཨིན་པས། དེ་ཡང་ སྤྱི་ལོ་ ༢༠༡༧ ལུ་ ཤང་ཧའེ་ལུ་མི་རློབས་ ༢༤,༠༠༠,༠༠༠ ཡོདཔ་སྦེ་བཀོད་ནུག།[] དེ་བཟུམ་སྦེ་ སྤྱི་ལོ་ ༢༠༢༢ ལུ་མི་རློབས་ ས་ཡ་ ༢༤.༧༥ ཡོདཔ་སྦེ་བཀོད་ཡོདཔ་དང་ སྤྱི་ལོ་ ༢༠༢༣ ལུ་ཁྲོམ་དེ་གི་ཁྱིམ་ནང་སྡོད་མིའི་གྱངས་ཁ་འདི་ ས་ཡ་ ༢༤.༨༧༤༥ ཡོདཔ་སྦེ་བཀོད་དེ་འདུག། ཁྲོམ་འདི་བྷེ་ཇིང་དང་ ཏིཡ་ཇིན་ ཆོང་ཀིང་བཟུམ་སྦེ་དམིགས་བསལ་གྱི་ས་ཁོངས་ཅིག་ཨིན་པས།

ཤང་ཧའེ་ཟེར་མི་གི་དོན་དག་ཡང་རྒྱ་མི་གི་ཁ་ནང་ལས་ མཚོའི་གུར་ཟེར་བའི་དོན་ཨིནམ་དང་ ཤང་ཧའེ་འདི་ རྒྱ་ནག་གྱི་ཤར་གྱི་མཚོ་གི་སྦོ་ལོགས་ཁར་ཆགས་ཏེ་ཡོདཔ་སྦེ་ཨིན། []ཁྲོམ་འདི་ ཀི་ལོ་མི་ཊར་གྲུ་བཞི་ ༦༡༠ ཡོདཔ་ཨིན། ཁྲོམ་འདི་གི་གྲུ་ཆགས་ས་འདི་འཛམ་གླིང་ནང་སྦོམ་ཤོས་ཅིག་ཨིན་པས། དེ་ཡང་ རྒྱ་ནག་གི་ཁྲོམ་ཚུ་ལས་ གྲུ་ཆགས་ས་ནུབ་ཕྱོགས་ཕྱི་རྒྱལ་ཁབ་ཚུ་ལུ་སྒོ་ཕྱེས་མིའི་གྲུ་བཞག་ས་འགོ་ཐོག་གི་ཅིག་ཨིནམ་དང་ མཐར་འཁྱོལ་ཅན་ཅིག་སྦེ་བྱུང་ཡོདཔ་ཨིན། ཁྲོམ་ཚོགས་འདི་ འཛམ་གླིང་གི་དངུལ་འབྲེལ་དང་ཚོང་འབྲེལ་ དཔལ་འབྱོར་ ཞིབ་འཚོལ་ ཚན་རིག་དང་འཕྲུལ་རིག་ བཟོ་སྐྲུན་ སྐྱེལ་འདྲེན་ ལྟ་བཤལ་དང་ལམ་སྲོལ་ཚུ་གི་ལྟེ་བ་ཅིག་ཨིན། འགོ་ཐོག་ཁྲོམ་འདི་ཉ་གཟུང་སའི་གཡུས་ཚན་དང་ ཚོང་འབྲེལ་འཐབ་ས་ཅིག་སེ་སྡོད་ཡོདཔ་དང་ དུས་རབས་ ༡༩ པའི་ནང་ལས་ ནང་འཁོད་དང་ཕྱི་རྒྱལ་གྱི་ཚོང་འབྲེལ་ལས་བརྟེན་ ཡར་རྒྱས་བཏགས་ཡོདཔ་ཨིན།

ཤང་ཧའེ་ལུ་ཡ་མཚན་ཆེ་བའི་གླིང་ག་མ་འདྲཝ་ཚུ་ཡོདཔ་མ་ཚད་ ཚོང་འབྲེལ་ལྟེ་བ་ ལམ་སྲོལ་དང་འབྲེལ་བའི་ས་ཁོངས་ ལྡུམ་ར་ འགྲོམས་སྟོན་ཁང་ ལྷ་ཁང་དང་ ཀ་རིང་ རང་བཞིན་གནས་སྟངས་ཚུ་ལེགས་ཤོམ་ཡོདཔ་ཨིན། ཁྲོམ་འདི་ནང་སྔར་སྲོལ་གྱི་ལམ་སྲོལ་དང་བཟོ་བཀོད་ཚུ་ཡོདཔ་མ་ཚད་ ཧེ་མ་ཕྱི་གླིངཔ་གི་འོག་ལུ་མངའ་འོག་རྒྱལ་ཁབ་སྦེ་ཚུད་དེ་ཡོདཔ་ལས་ ནུབ་ཕྱོགས་ཕྱི་རྒྱལ་གྱི་ལུགས་སྲོལ་ཐོག་ལུ་ཡོད་པའི་གཞི་བཀོད་དང་ལམ་ལུགས་ཚུ་ཡང་མཐོང་སར་ཡོདཔ་ཨིན་པས། འགྲོམས་སྟོན་ཁང་ཡོད་མི་ལས་ཧ་ལས་སི་སི་གི་ཁྱད་རྣམ་དང་ཅ་དངོས་ཚུ་མཐོང་ཚུགསཔ་ཨིན། ཁྲོམ་འདི་ཡར་རྒྱས་འགྱོ་ཚར་ཚརཝ་འབདཝ་ལས་ ལམ་འགྲུལ་འབད་ནིའི་དོན་ལུ་མཁའ་འགྲུལ་དང་རེལ་ལི་ ས་ཐོག་གི་སྣུམ་འཁོར་གྱི་ཞབས་ཏོག་ཚུ་ཡོདཔ་ཨིན། དེ་བཟུམ་སྦེ་ཚོང་ཉོ་བཙོང་འབད་སའི་ཁྲོམ་དང་ཚོང་ཁང་ཆུང་བ་ལས་སྦོམ་ཚུ་ཡོདཔ་མ་ཚད་ ཟ་འཐུང་གི་དོན་ལུ་ཟ་ཁང་ཆང་ཁང་ སྡོད་ནིའི་དོན་ལུ་བཞུགས་གནས་ཁང་ཚུ་ཡོདཔ་ཨིན། ཆུའི་མཐའ་མར་ཟམ་ཆུང་ཀུ་དང་ཕར་ཚུར་འགྱོ་ས་དང་བཤས་ས་ཡོད་པའི་ཆུའི་ཁྲོམ་དག་པ་ཅིག་ཡང་ཡོདཔ་ཨིན།

ཤང་ཧའེ་ལུ་རློན་གཤེར་ལྡན་པའི་ཚ་དྲོད་རན་ཏོག་ཏོ་ཡོདཔ་མ་ཚད་ དུས་བཞི་ཡང་འབྱུང་དོ་ཡོདཔ་ཨིན། སྤྱི་ཟླ་ ༡ པ་འདི་ ཟླཝ་བསིལ་ཆེ་ཤོས་ཅིག་ཨིནམ་དང་ དྲོད་ཤུགས་ ཌི་རི་སེལ་སིཡསི་ ༣ ལུ་ལྷོད་དོ་ཡོདཔ་དང་ དྲོ་ཤོས་ར་སྤྱི་ཟླ་ ༧ པའི་ནང་ཨིན་མི་དེ་ཡང་ དྲོད་ཤུགས་ ཌིག་རི་སེལ་སིཡསི་ ༢༧ ལུ་ལྷོད་དོ་ཡོདཔ་ཨིན་པས། དེ་ལས་ ས་གནས་ཀྱི་ལོ་བསྟར་ཆརཔ་རྐྱབ་པའི་སྤྱིར་སྙོམས་ཚད་གཞི་ཡང་ མི་ལི་མི་ཊར་ ༡༡༠༠ ཨིནམ་དང་ དེའི་ནང་ལས་བརྒྱ་ཆ་ ༤༠ དེ་ཅིག་གནམ་བྱཱ་གི་ཆརཔ་འདི་ཨིན་པས།

  1. 1 2 པི་ཀི་པི་ཌི་ཡི། (༢༠༢༥) ཤང་ཧའེ། https://simple.wikipedia.org/wiki/Shanghai ནང་ལས་ཐོབ་ཡོདཔ་ཨིན།