Jump to content

ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད། Ι Sharcho Khorlo Tsipgye

Wikipedia ལས།

ངོ་སྤྲོད།

[ཞུན་དག]

འདི་ཡང་ཡོངས་འབྲེལ་སྦྲེལ་འཐུད་ (http://acharyasamten.blo) ནང་ལས། ཆོས་རྗེ་དཔལ་ལྡན་འབྲུག་པ་གིས་ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་དབང་དུ་བསྡུ་ཚུལ་གྱི་སྐོར།

དེ་ཡང་འོག་གི་དོན་ཚན་བཞིའི་ཐོག་ལས་སྤྱན་འབུལ་ཞུ་ནི་ཨིན།

ཀ༽ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ངོ་སྤྲོད།

ཁ༽ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་དབང་བསྒྱུར་མཛད་དགོ་པའི་རྒྱུ་མཚན།

ག༽ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ག་གིས་ག་དེ་སྦེ་དབང་བསྒྱུར་མཛད་ཚུལ།

ང༽ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་དཔལ་ལྡན་འབྲུག་པ་གིས་དབང་བསྒྱུར་ཏེ་ མི་སེར་ཚུ་ལུ་ཕན་ཐོག་ག་ཅི་རང་བྱུང་བའི་སྐོར།

ཀ༽ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ངོ་སྤྲོད།

[ཞུན་དག]

༡༽ ཀྲོང་གསར་ཆོས་འཁོར་རབ་བརྟེན་རྩེ་རྫོང་།

༢༽ བུམ་ཐང་བྱ་དཀར་རྫོང་།

༣༽ ལྷུན་རྩེ་རྫོང་།

༤༽ བཀྲ་ཤིས་ཡང་རྩེ་རྫོང་།

༥༽ མོང་སྒར་རྫོང་།

༦༽ བཀྲ་ཤིས་སྒང་རྫོང་།

༧༽ གཞལམ་སྒང་རྫོང་།

༨༽ པདྨ་དགའ་ཚལ་རྫོང་། བཅས་བརྒྱད་ཡོདཔ་ཨིན།

རྫོང་ཁག་ཚུ་གི་ནང་ལུ་ཡང་ ནང་གསེས་དབྱེ་བ་ཕྱེ་པ་ཅིན།

[ཞུན་དག]

༡༽   ཀྲོང་གསར་ཆོས་འཁོར་རབ་བརྟེན་རྩེ་རྫོང་ཁག་འོག་ལུ་ཡང་ནང་གསེས་ མང་སྡེ་མཚོ་བཞི་ཡོདཔ་ཨིན། འདི་ཡང་ ནུབ་སྦི། ཀོར་ཕུག་ སྟང་སྲིད་སྦྱིས། བྲག་སྟེང་། བཞི་ལུ་སླབ་ཨིན་པས།

༢༽   བུམ་ཐང་བྱ་དཀར་རྫོང་ཁག་གི་ནང་ལུ་ཡང་ ནང་གསེས་བུམ་ཐང་སྡེ་བཞི་ཡོདཔ་ཨིན།འདི་ཡང་ སྟང། ཨུ་ར། ཆུ་སྨད། ཆོས་སྐོར། བཞི་ཡོདཔ་ཨིན་པས།

༣༽   ལྷུན་རྩེ་རྫོང་ཁག་འོག་ལུ་ཡང་ནང་གསེས་  ལྷུན་རྩེ་ཀུར་མདོ་བཞི་ཡོདཔ་ཨིན། སྟག་མོ་ཆུ། ཀུར་སྟོད། སྐྱིད་གླིང་། ཁོལ་མ། ༼སྐུར་སྟོད། སྨན་སྦིས། བཙན་མཁར། རྒྱ་རས།༽ བཞི་ཡོདཔ་ཨིན་པས།

༤༽   བཀྲ་ཤིས་གཡང་རྩེ་རྫོང་ཁག་འོག་ལུ་ནང་གསེས་ གཡང་རྩེ་མཚོ་ལྔ་ཡོདཔ་ཨིན། འདི་ཡང་ འབུམ་སྡེ་གླིང་། རིན་ཆེན་སྒང་། ལི་ཆེན། སྟོང་མི་ཞང་ཚན། གྱང་ཕུ། ལྔ་ཡོདཔ་ཨིན་པས།

༥༽   མོང་སྒར་རྫོང་ཁག་འོག་ལུ་ནང་གསེས་ གཞོང་སྒར་མཚོ་བདུན་ཡོདཔ་ཨིན། འདི་ཡང་ སྔ་ཚང་། ཕྱི་ཚང་། བ་གིང་། རྩ་མར། དགུང་འདུས། དགྲ་མེད་རྩེ། སྐྱེང་ཁར། བདུན་ཡོདཔ་ཨིན།

༦༽   བཀྲ་ཤིས་སྒང་རྫོང་ཁག་འོག་ལུ་ ནང་གསེས་བཀྲ་ཤིས་སྒང་མཚོ་བཅུ་ཡོདཔ་ཨིན། འདི་ཡང་ བར་མཚམས། སྦི་གདུང་། ཀང་ལུང་། རྐང་པ་ར། ཁ་གླིང་། ཕོང་མེད། མེ་རག། སག་སྟེང་། ར་དཱི། བསམ་ཁར། བཅས་བཅུ་ཐམ་ཡོདཔ་ཨིན།

༧༽   གཞལམ་སྒང་རྫོང་ཁག་ནང་གསེས་དབྱེ་བ་ ཁེངས་རིགས་རྣམ་གསུམ་ཡོདཔ་ཨིན། འདི་ཡང་ བར་དོ། ཤིང་ཁར། ༼ཕྱི་བསྐོར༽ ནང་བསྐོར། ༼ནང་བསྐོར༽ ཀྲོང་། འབྱོག་དཀར། ངང་ལ། འཕང་མཁར། སྒོ་ཤིང་། ༼སྟག་ཕྱོགས།༽ ཟེར་ཁེངས་རིགས་རྣམ་གསུམ་སྦེ་རྩི་དོ་ཡོདཔ་ཨིན།

༨༽   པདྨ་དགའ་ཚལ་རྫོང་ཁག་ནང་ལུ་ ནང་གསེས་དབྱེ་བ་ གདུང་བསམ་མདོ་གསུམ་ཡོདཔ་ཨིན་ འདི་ཡང་ གདུང་བསམ་བདེ་ཐང་། གདུང་བསམ་བདེ་ཆེན་གླིང་། གདུང་བསམ་ངང་ལམ། ཟེར་གསུམ་ཡོདཔ་ཨིན་མས།

ཀྲོང་གསར་ཆོས་སྐོར་རབ་བརྟན་འདི་ ཤར་ཕྱོགས་རྩིབས་བརྒྱད་ཀྱི་ ལྟེ་བ་སྦེ་རྩིཝ་ཨིན།

ཁ༽ ཆོས་རྗེ་དཔལ་ལྡན་འབྲུག་པ་གིས་ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་དབང་བསྒྱུར་མཛད་དགོ་པའི་རྒྱུ་མཚན།

[ཞུན་དག]

ཆོས་རྗེ་དཔལ་ལྡན་འབྲུག་པ་ཞབས་དྲུང་རིན་པོ་ཆེ་ མ་བྱོན་པའི་ཧེ་མར། ཤར་ཕྱོགས་ཀྱི་གཡུས་ཕྱོགས་རྫོང་ཁག་སོ་སོ་ནང་། སྟོབས་ཤུགས་དང་ ཁ་དྲག་དབང་ཆེན་ཡོད་མི་ཚུ་གིས་ ཁ་དབང་མེད་ཉམ་ཆུང་ཚུ་ལུ་དབང་བཙོང་དང་། ཆགས་དང་ཕྱོགས་རིས་འབད་དེ། མི་སེར་ལུ་རང་དབང་མེད་ནི་དང་། དགྲ་དང་ཇག་པ། ཨར་རྐུན་ཚུ་གིས་ཡང་རྩ་ལས་རང་ དགའཝ་སྐྱིདཔ་སྦེ་སྡོད་མ་བཅུགཔ་ཨིན་མས། རྒྱུ་མཚན་འདི་འབདཝ་ལས་རྟེན་ཏེ་ མི་སྡེའི་གནས་སྟངས་དང་ འགྲོ་ལུགས་ཀྱི་རྣམ་གཞག་ཚུ་ ལེགས་ཤོམ་བཟོ་སྟེ། མི་སེར་ཚུ་ རང་དབང་དང་དགའ་སྐྱིད་ཀྱི་ངང་ལུ་གནས་བཅུག་ནི་གི་དོན་ལུ་ ཆོས་རྗེ་དཔལ་ལྡན་འབྲུག་པ་གིས་ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཡོད་མི་དེ་ཚུ་ དབང་བསྒྱུར་མཛད་མཛདཔ་ཨིན་པས།

ག༽ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་པོ་ག་གིས་ག་དེ་སྦེ་དབང་བསྒྱུར་མཛད་ཚུལ་ལས།

[ཞུན་དག]

དང་པ་ཀྲོང་གསར་དཔོན་སློབ་བསྐོས་ཚུལ།

[ཞུན་དག]

དེ་ཡང་སྤྱི་ལོ་ ༡༦༤༦ རབ་བྱུང་ ༡༡ པའི་མེ་ཕག་གི་ལོ་ལུ། ཞབས་དྲུང་རིན་པོ་ཆེ་མཆོག་གིས་ ཆོས་རྒྱལ་མི་འགྱུར་བརྟན་པ་འདི་ ཡོངས་འཛིན་ངག་གི་དབང་ཕྱུག་གི་གདན་ས་ཨིན་མི་ ཀྲོང་གསར་ཆོས་འཁོར་རབ་བརྟན་རྩེའི་ དཔོན་སློབ་སྦེ་བཀལ་གནང་ནུག། 

གཉིས་པ་ བུམ་ཐང་སྡེ་བཞི་དབང་བསྒྱུར་མཛད་ཚུལ།

[ཞུན་དག]

དེ་ཡང་བུམ་ཐང་ཆོས་འཁོར་ལུ་ སྡེ་པ་ཀུན་ཐུབ་ཟེར་མི་ གནམ་མེད་ས་མེད་སྟོབས་ཤུགས་ཅན་ཅིག་ཡོདཔ་ལས་ ཁོ་གི་ཀྲོང་གསར་དཔོན་སློབ་ཀྱི་མངའ་འོག་ལུ་ མ་གནས་པར་ཡོདཔ་དང་། དེ་སྒང་ཤར་ཕྱོགས་ཁ་ཐུག་ལུ་ བླམ་རྣམ་སྲས་དང་ ཁ་གླིང་རྒྱལཔོ་བདེ་བ་གཉིས་ཡང་ མ་འཆམ་པར་ཡོདཔ་ལས་ བླམ་རྣམ་སྲས་ཀྱིས་ ཞབས་དྲུང་རིན་པོ་ཆེ་ལུ་སྐྱབས་འཚོལ་བར་འོངམ་ད། ཞབས་དྲུང་རིན་པོ་ཆེ་གི་ཞལ་མཇལ་བ་ཙམ་ཅིག་གིས་ སེམས་ལུ་གཞན་དང་མ་འདྲ་བའི་དད་པ་བསྐྱེད་དེ་ ཞབས་དྲུང་རིན་པོ་ཆེ་ལུ་ བཀའ་བཞིན་དུ་ཕྱག་ཞུ་ནིའི་ཁས་བླངས་ཕུལ་ནུག། ཞབས་དྲུང་རིན་པོ་ཆེ་མཆོག་གིས་ཡང་ བླམ་རྣམ་སྲས་ལུ་ ཤར་ཕྱོགས་ལུ་ངེད་ཀྱི་བསྟན་པ་སྤེལ་ནི་གི་ལུང་བསྟན་ཁྱོད་ལུ་ཡོདཔ་ལས་ ཁྱོད་ཀྱི་ཆ་རོགས་གནང་ནི་ཨིན་ཟེར་ ཁས་བླངས་འབདཝ་བཞིན་དུ་ བླམ་རྣམ་སྲས་ཀྱི་ཡང་ དེ་ལུ་ཡིད་ཆེས་ཀྱི་ཁས་བླངས་ཕུལ་ཏེ་ ཆོས་རྒྱལ་མི་འགྱུར་བརྟན་པ་མཇལ་བཞིནམ་ལས་ གསུངས་གྲོས་གནངམ་ད། ཤར་ཕྱོགས་ཀྱི་དཀའ་སྡུག་འདི་ ཞི་བའི་ཐོགས་ལས་ སེལ་ནི་ཐབས་ཤེས་མེདཔ་གཟིགས་ཏེ་ གཞུང་ལས་ ཤར་དར་བརྒྱད་དང་། ཝང་མཚོ་ཆེན་བརྒྱད། དེ་ལས་ཀྲོང་གསར་ཆ་འོག་གི་ དམག་དཔུང་དང་བཅས་པའི་ཐོག་ལས་ ཆོས་འཁོར་སྟོད་ཀྱི་སྡེ་པ་བཅོམ་ཞིནམ་ལས་ བུམ་ཐང་སྡེ་བཞི་དབང་བསྒྱུར་མཛད་ནུག། དེ་ལས་ས་གནས་དེ་ཁར་ བྱ་དཀར་གཡུལ་རྒྱལ་རྫོང་བཞེངས་ཞིནམ་ལས་ རྫོང་དཔོན་གཉེར་པ་ལོང་བ་ཟེར་མི་ཅིག་བསྐོས་གནང་ནུག།

གསུམ་པ་ཀུར་སྟོད་མདོ་བཞི་མངའ་འོག་ལུ་བསྡུས་ཚུལ།

[ཞུན་དག]

དེ་སྒང་ཀུར་སྟེད་ལྷུན་རྩེ་ལུ་ དཔོན་ལྷ་བུ་ཟེར་མི་འདི་ སྐྱིད་གླིང་གི་དཔོན་དབང་ཆེན་དར་མ་དང་ ཕག་གདུང་རྒྱལ་པོ་དགའ་བ་གཉིས་ཀྱི་བསད་ཡོདཔ་ཨིན་པས།

དེ་ལས་ ལྷ་བུའི་བློན་པོ་རྣམས་ཀྱིས་ ཤར་ཕྱོགས་རྫོང་ཁག་ཚུ་གི་ དཔོན་སློབ་ཆོས་རྒྱལ་མི་འགྱུར་བརྟན་པ་ལུ་ ཞུ་བ་ཕུལཝ་ལས་ ཀྲོང་གསར་དཔོན་སློབ་ཀྱི་དམག་དཔུང་ཚུ་ ཀུར་སྟོད་ལུ་བཏང་སྟེ་ སྐྱིད་གླིང་དམག་དཔོན་ དབང་ཆེན་དར་མ་དང་ ཕག་གདུང་རྒྱལ་པོ་དགའ་བ་གཉིས་ གཞན་ཡང་དམག་དཔོན་ཆ་ཁྱབ་ བཟུང་སྟེ་གཙན་ནང་བཙུགས། ལྷུན་རྩེ་ཀུར་སྟོད་མདོ་བཞི་འབྲུག་པའི་མངའ་འོག་ལུ་བསྡུས་ཏེ་ གླེང་གླེང་ཟེར་བའི་ས་ཆའི་རྫོང་གི་མིང་ཡང་ ལྷུན་གྲུབ་རྩེའི་རྫོང་ཟེར་བཏགས། དཔལ་ལྡན་འབྲུག་པའི་ཆོས་སྲིད་བཙུགས། འབྲུག་ཕུན་ཚོགས་ཟེར་མི་འདི་ རྫོང་འདི་གི་དཔོན་སློབ་འབད་བསྐོས་གནང་ནུག།

བཞི་པ་བཀྲ་ཤིས་གཡང་རྩེ་མངའ་འོག་ལུ་བསྡུས་ཚུལ།

[ཞུན་དག]

དེ་སྒང་ཁོ་ལོང་ཕྱོགས་ལུ་ ཁ་གཏད་ཟེར་མི་མགུ་ན་དྲགས་ཅིག་ཡོད་མི་འདི་ མི་ཆ་མཉམ་གྱིས་མགུ་སྐོར་རྐྱབ་པའི་གནས་ཚུལ་ཡོདཔ་ལས། འབྲུག་གཞུང་གི་དམག་རྐྱབ་སྟེ་ཁོ་ཡང་མངའ་འོག་ལུ་བཙུགས། གཡང་རྩེ་ཚོ་ལྔ་ཡང་མངའ་འོག་ལུ་བསྡུས་ཏེ། བཀྲ་ཤིས་གཡང་རྩེ་རྫོང་བཞེངས་གནང་ནུག།

ལྔ་པ་གཞོང་སྒར་རམ་མོང་སྒར་མངའ་འོག་བསྡུས་ཚུལ།

[ཞུན་དག]

དེ་ལས་མོང་སྒར་སྟོང་ཕུའི་རྒྱལཔོ་གིས་ གཞན་དང་མ་འདྲ་བའི་དབང་ཤུགས་བཙོང་སྟེ་ཡོདཔ་ལས། མི་སེར་ཚུ་གི་སེམས་ཁར་མ་བབས་པར་ གཞུང་གི་དམག་དཔུང་ཞུ་བར་འོངམ་ལས། གཞུང་གིས་དམག་དཔུང་བཏང་སྟེ་ སྟོང་ཕུའི་དམག་ཚུ་ཐལ་བར་བརླགས། མོང་སྒར་སྔ་ཚང་གི་རྒྱལ་བློན་ག་ར་ འབྲུག་པའི་དབང་ལུ་བསྡུས་ཏེ་ མོང་སྒར་རྫོང་རྩིས་ལེན་ཏེ་རྒྱ་བསྐྱེད་གནང་ནུག།

དྲུག་པ་བཀྲ་ཤིས་སྒང་མངའ་འོག་བསྡུས་ཚུལ།

[ཞུན་དག]

དེ་སྒང་འབྲུག་པའི་དམག་དཔུང་ཚུ། ཤར་ཕྱོགས་རྫོང་ཁག་ཚུ་ནང་རིམ་པ་བཞིན་དུ་འོངམ་ཤེས་ཏེ། བཀྲ་ཤིས་སྒང་གི་རྒྱལ་པོ་ཚེ་དབང་གིས་ བོད་གཞུང་ལུ་སྐྱབས་འཚོལ་ཞིནམ་ལས་ འབྲུག་པ་ལུ་བྱང་ཕྱད་རྐྱབ་ནུག། ཨིན་རུང་འབྲུག་པའི་དམང་དཔུང་ཚུ་གཞོང་སྒར་ལས་སྐྱངས་ཁར་བརྒྱད་དེ་བཀྲིས་སྒང་ཁ་ཐུག་སོང་། དེ་ནང་གི་དགྲ་སྡེ་དེ་ཚུ་བཅོམ་སྟེ་ བཀྲ་ཤིས་སྒང་རྫོང་ཁག་ཡང་ཆོས་རྗེ་དཔལ་ལྡན་འབྲུག་པའི་མངའ་དབང་ལུ་བསྒྱར་ནུག།

བདུན་པ་གཞལམ་སྒང་མངའ་འོག་བསྡུས་ཚུལ།

[ཞུན་དག]

དེ་ལས་ དམག་དཔོན་བླ་མ་རྣམ་སྲས་དམག་དཔུང་དང་བཅསཔ་སྦེ་ གཞོང་སྒར་ལས་སྟུང་ལ་སྦིས་བརྒལ་དེ་བྱོན་ཞིནམ་ལས།          དེ་གོང་ཞིང་། ཕང་ཁར། སུ་བྲང་། གོང་ཕུ། རྟ་ལི། བུ་ལི་བཅས་པའི་མཁན་རིགས་རྣམ་གསུམ་ གཞལམ་སྒང་རྫོང་དང་བཅས་པ་གསར་བཞེངས་གནང་སྟེ་ དེ་ཚུ་ག་ར་ཆོས་རྗེ་འབྲུག་དཔལ་ལྡན་འབྲུག་པའི་མངའ་དབང་ལུ་བསྒྱར་ནུག།

བརྒྱད་པ་གདུང་བསམ་པདྨ་དགའ་ཚལ།

[ཞུན་དག]

དེ་བསྒང་ གདུང་བསམ་པདྨ་དགའ་ཚལ་འདི་ མོང་སྒར་རྫོང་གི་དབང་སྟེ་ཡོད་པའི་ལོ་རྒྱས་གོཝ་བཞིན་དུ་ ཤར་ཕྱོགས་དཔལ་འབྲུག་པ་རིན་པོ་ཆེ་གི་རྣམ་མཐར་དང་ འབྲུག་གི་རྒྱལ་རབས་འབྲུག་གསལ་བའི་སྒྲན་མེ་ནང་ལུ་ དམག་རྐྱབ་པའི་ལོ་རྒྱུས་ཁ་གསལ་ཏོག་ཏོ་བཀོད་དེ་མ་མཐོང་ཟེར་ཞུ་ནི་ཨིན།

ང༽ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཆོས་རྗེ་དཔལ་ལྡན་འབྲུག་པ་གིས་དབང་བསྒྱར་མཛད་པའི་ཤུལ་ལས། མི་སེར་ཚུ་ལུ་ཕན་ཐོགས་ག་ཅི་རང་བྱུང་བའི་སྐོར།

[ཞུན་དག]

ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་པོ་ དཔལ་ལྡན་འབྲུག་པའི་ཆོས་སྲིད་ གདུགས་དཀར་གཅིག་གི་འོག་ལུ་ཚུདཔ་ལས་བརྟེན་ཏེ། དཔལ་ལྡན་འབྲུག་པའི་ ཆོས་སྲིད་ལུགས་གཉིས་ཀྱི་བསྟན་སྲིད་གོང་དུ་འཕེལ། ལུང་ཕྱོགས་སོ་སོའི་རྒྱལཔོ་དང་ དཔོན་ཚུ་གི་བར་ན་གི་འཁྲུགས་རྩོད་རང་བཞིན་གྱིས་ཞི། མི་སེར་ཚུ་ཡང་ དམག་འཐབ་ཀྱི་དཀའ་ངལ་ལས་གྲོལ་ཏེ་ ཞི་བདེའི་ངང་ལུ་གནསཔ་མ་ཚད། ད་ལྟོ་ག་ནི་བ་སྦོམ་པའི་ རྒྱ་གར་དང་རྒྱ་ནག་གཉིས་ཀྱི་སྦུག་ཁར་། ང་བཅས་རའི་རྒྱལ་ཁབ་འདི་ ཆུང་ཀུ་གཅིག་ལས་མེད་དེ་འབད་རུང་། རང་དབང་རང་བཙན་གྱི་ངང་ལུ་ གནས་ཏེ་ཡོད་མི་འདི་ ཆོས་ཀྱི་རྒྱལཔོ་ དཔལ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་དགོངས་བཞེད་ལྟར་དུ་ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་དེ་ཡང་ འབྲུག་པའི་མངའ་འོག་ལུ་བསྡུས་ཏེ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཟེར་ རྒྱལ་ཁབ་གཅིག་ལུ་གྱུར་སོང་བའི་རྒྱུ་མཚན་ལས་བརྟེན་ཏེ་ཨིན་ནོ།།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

[ཞུན་དག]

https://acharyasamten.blogspot.com/2014/08/blog-post_49.html